བྱ་གཞག་གསར་གཏོད་བཞིན་པའི་གཡག་གུ་བྱིས་པའི་རིག་གནས།

ཟླ་ཚེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


དེང་སང་ཁ་བའི་ལྗོངས་ཀྱི་ས་ཕྱོགས་གང་སར་སློབ་ཆེན་ཐོན་པ་དང་ཐོན་ལ་ཁད་པའི་སློབ་མས་གཙོ་བོ་བྱས་པའི་གཞོན་སྐྱེས་མི་ཉུང་བ་ཞིག་གིས་རང་རང་གི་ལག་གཉིས་ལ་བརྟེན་ནས། ཐབས་བརྒྱ་ཇུས་སྟོང་གིས་སྲིད་གཞུང་གི་རོགས་རམ་འོག་བྱ་གཞག་གསར་གཏོད་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། དེ་རིང་འདིར་བཀྲ་ཕུན་ལགས་ལ་བཅར་འདྲི་ཞུས་པའི་དོན་སྟེ། གཡག་གུ་བྱིས་པའི་རིག་གནས་ཀུང་སི་ཡིས་བྱ་གཞག་གསར་གཏོད་ཐད་ལ་ངོས་འཛིན་ཇི་ལྟར་བྱེད་ཚུལ་དང་། རང་གི་འགྲོ་ལམ་གང་འདྲ་བཤངས་ཚུལ་སོགས་ཀྱི་སྐོར་མདོར་བསྡུས་ཤིག་འགོད་རྒྱུ་ཡིན།

བཅར་འདྲི་བ། བཀྲ་ཕུན་ལགས། ཁྱེད་ནི་གཡག་གུ་བྱིས་པའི་རིག་གནས་ཀུང་སིའི་འགན་བཞེས་པའི་གྲས་ཤིག་ཡིན་པས། ཁྱེད་ནས་སློབ་ཐོན་སློབ་མ་ལ་སོགས་པའི་གཞོན་ནུ་ཚོས་བྱ་གཞག་གསར་གཏོད་ལ་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།

བཀྲ་ཕུན། བྱ་གཞག་གསར་གཏོད་ནི་བོད་ལྗོངས་ངོས་ནས་བཤད་ན། རང་ཁོར་ན་ཡོད་པའི་ངལ་རྩོལ་གྱི་ནུས་ཤུགས་ལྷག་མ་དག་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཁོར་ཡུག་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་བསྣན་རྒྱུའི་ཐབས་ལམ་ཞིག་ཡིན་ལ། སྤྱི་ཚོགས་དང་དམངས་ཡོངས་ཀྱི་བསམ་འབྱོར་ཀུན་ནས་འཕེལ་རྒྱས་གཏོང་ཤུགས་ལ་སྐུལ་འདེད་ཀྱིས་ནང་སའི་སྔོན་ཐོན་གྱི་གྲོང་ཁྱེར་ཁག་དང་འདྲ་བར་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་གོམ་ཁ་དེ་བས་མགྱོགས་པ་དང་བརྟན་པོར་སྤོ་ཐུབ་རྒྱུའི་ཐབས་ལམ་ལེགས་པོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་སློབ་གསོའི་འཕེལ་རྒྱས་དེ་ཉིད་རྒྱལ་ཡོངས་ཀྱི་ས་ཕྱོགས་གཞན་དང་འདྲ་བར་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། སློབ་ཐོན་སློབ་མར་གཞུང་ཞབས་པའི་ལས་གནས་མཁོ་སྤྲོད་བྱེད་པའི་གནོན་ཤུགས་ཀྱང་དུས་ཀྱི་འགྱུར་བ་དང་བསྟུན་ནས་ཇེ་ཆེར་འགྲོ་བཞིན་ཡོད་པས། ནང་སའི་སློབ་ཐོན་སློབ་མ་རྣམས་དང་འདྲ་བར་བྱ་གཞག་གསར་གཏོད་ནི་བོད་ཁུལ་གྱི་སློབ་ཐོན་སློབ་མའི་ལས་གནས་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

རང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ལས་གནས་ཐག་གཅོད་བྱེད་རྒྱུ་དེ་གོང་རིམ་སྲིད་གཞུང་གི་འགན་འཁྲི་གཅིག་པོ་མ་ཡིན་པར་སྤྱི་ཚོགས་ལས་རིགས་ཁག་དང་ཚོགས་པ་ཁག ཐ་ན་མི་སྒེར་ཚང་མའི་ཕྲག་སྟེང་དུ་བབས་པའི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཏུ་འགྱུར་བཞིན་ཡོད་པས། རང་རང་འཇོན་ནུས་བཏོན་ཏེ་སློབ་ཐོན་སློབ་མར་བྱ་གཞག་གསར་གཏོད་བྱེད་རོགས་དང་འཁྲིད་སྟོན་བྱེད་རྒྱུ་ནས་འགོ་བཙུགས་ཏེ། ཁོ་ཚོ་བདེ་ཐང་ངང་རང་རང་གི་དགའ་ཕྱོགས་དང་བསྟུན་ནས་རྩལ་ནུས་དཀྲུགས་སུ་བཅུག་ཏེ། སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་འབྲེལ་འདྲིས་བྱེད་དུ་འཇུག་རྒྱུ་དང་། རང་རང་གི་བློ་གྲོས་ལ་བརྟེན་ནས་བྱ་གཞག་གསར་གཏོད་ཁྲོད་རྐང་པ་བརྟན་པོར་བཙུགས་ཏེ། སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་རང་གི་རིན་ཐང་མངོན་འགྱུར་ཐུབ་མཁན་གྱི་ཕུལ་བྱུང་མི་སྣ་ཞིག་ཏུ་འཚར་ལོངས་ཡོང་རྒྱུར་ལམ་སྟོན་བྱེད་རྒྱུ་ནི་མི་རེ་ངོ་རེའི་འགན་འཁྲི་ཞིག་ཏུ་བརྩི་དགོས་པ་ཡིན།

བཅར་འདྲི་བ། སློབ་ཆེན་སློབ་མ་ཚོས་གཙོ་བོ་བྱས་པའི་བྱ་གཞག་གསར་གཏོད་ཅེས་པའི་གསར་གཏོད་ལ་དོན་སྙིང་ཅི་འདྲ་ཞིག་ལྡན་ཡོད།

བཀྲ་ཕུན། གསར་གཏོད་ནི་སྤྱི་ཚོགས་དང་ཐ་ན་མིའི་རིགས་ཧྲིལ་པོ་འཕེལ་རྒྱས་ལ་ཕྱོགས་པའི་ཐབས་ལམ་ཉག་ཅིག་ཡིན་པ་མིའི་རིགས་ཀྱི་དུས་ཡུན་རིང་མོའི་ལོ་རྒྱུས་ལས་གསལ་བཤད་བྱས་ཡོད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་དུ་རིམ་བཞིན་ཉམས་དམས་སུ་འགྲོ་བཞིན་པའི་སྲོལ་རྒྱུན་རིག་གནས་དག་བརྒྱུད་འཛིན་གྱི་རྨང་གཞིའི་ཐོག་དུས་སྐབས་དང་མཐུན་པའི་སྲོག་ཀྱིས་སྤྲས་དེ་རིག་གནས་ཁྲོམ་ར་ཅན་དུ་བསྒྱུར་རྒྱུ་ནི་ཆེས་རླབས་ཆེ་བའི་གསང་གཏོད་ཞིག་ཅིག་མིན།

བཅར་འདྲི་བ། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མས་རང་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལ་གཞིགས་ནས་བྱ་གཞག་གསར་གཏོད་ཇི་ལྟར་བྱེད་དགོས་སམ།

བཀྲ་ཕུན། བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་ས་མཐོའི་དམིགས་བསལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཁར། སྔོགས་ན་རྫོགས་མཐའ་མེད་ལ་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་རིག་གནས་ནི་ཧ་ཅང་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་པ་འཛམ་གླིང་ཀུན་གྱིས་གླེང་ཡང་། རིག་གནས་རང་ངོས་ཀྱི་ཁྱབ་ཚད་དང་གཏིང་ཟབ་ཚད་སོགས་ནས་བསམས་ན། རིག་གནས་ཀྱི་ནུས་པ་དེ་ཉིད་སྤྱི་ཚོགས་ཅན་དང་དཔལ་འབྱོར་ཅན་གྱི་ཕྱོགས་སུ་སྔོག་འདོན་བྱ་མཁན་ལྷག་ཏུ་ཉུང་བས། རིག་གནས་དེས་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་དེ་ཙམ་མི་ཐོན་པར། ད་དུང་ཡང་བག་ལ་ཉལ་ནས་བསྡད་ཡོད། ལྷག་དོན་རིག་གནས་ཁྲོམ་ར་ཅན་དུ་བསྒྱུར་རྒྱུ་ནི་རིག་གནས་དེ་ཉིད་ཀྱིས་ཁྲོམ་རའི་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཐུབ་མིན་དང་། རིག་གནས་དེས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་མིན་གྱི་འགག་རྩ་ལྟ་བུར་གྱུར་ཡོད་ལ། རིག་གནས་ཐོན་རྫས་ཅན་ཏུ་བསྒྱུར་རྒྱུ་ནི་རིག་གནས་དེ་ཉིད་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་ཡོངས་སུ་འདྲེས་ཐུབ་མིན་དང་། སྤྱི་ཚོགས་དེ་དང་དེར་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་དང་ལེན་བྱེད་བྱེད་ཐུབ་མིན་གྱི་འགག་རྩའི་གནད་དོན་ཞིག་ཏུ་གྱུར་ཡོད་པས། ང་ཚོས་བྱ་གཞག་གསར་གཏོད་ཀྱི་མིག་ཟུང་རིག་གནས་ཁྲོམ་ར་ཅན་དུ་འགྱུར་རྒྱུའི་ཐད་བསམ་གཞིགས་བྱེད་རྒྱུ་ནི་དེ་བས་གལ་ཆེ་བ་ཡིན།

བཅར་འདྲི་བ། ཁྱེད་རྣམ་པའི་ལྷ་ས་གཡག་གུ་བྱིས་པའི་རིག་གནས་ཀུང་སིས་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་དར་སྲོལ་ཟུང་འབྲེལ་ཇི་ལྟར་གནང་ཚུལ་དང་། ལས་དོན་སྤེལ་སྟངས། འབྲས་བུ་གང་འདྲ་ཞིག་ཐོབ་པ་མདོར་བསྡུས་ཤིག་གསུང་གནང་རོགས།

བཀྲ་ཕུན། ང་ཚོའི་ལྷ་ས་གཡག་གུ་བྱིས་པའི་རིག་གནས་ཀུང་སིས་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལས་《བཟོ་རིག་སྐྲ་རྩིའི་འབྱུང་གནས་》སོགས་ཀྱི་ཁྲོད་བག་ལ་ཉལ་བའི་ཡིག་མཁན་གྱི་གཅེས་ནོར་བཞི་ལས་ཡིག་གཟུགས་སྦྱོང་ཆས་སྲོལ་རྒྱུན་སྦྱང་ཤིང་གིས་གཙོས། སྲོལ་རྒྱུན་གྱི་སྣག་ཚའི་བཟོ་ཐབས་དང་། བོད་སྨྱུག་བཟོ་ཐབས་སོགས་ལ་སློབ་སྦྱོང་ནན་ཏན་དང་རྒན་རབ་ཚོའི་ངག་འགྲོས་ལ་ཚོད་ལྟ་ཡང་ཡང་བརྒྱུད། དེ་དག་དུས་རབས་དང་མཐུན་པའི་མཛེས་ཆོས་ཀྱི་སྲོག་དབང་སྤྲས་ཤིང་། ད་ལྟ་རང་ལྗོངས་ཀྱི་སློབ་གྲྭ་ཁག་ལ་ཤིན་ཏུ་མཁོ་བའི་སྲོལ་རྒྱུན་ཡིག་གཟུགས་སྦྱོང་ཆས་སླར་གསོ་དང་གསར་གཏོད་བྱས་པས། རིག་གནས་ཁྲོམ་ར་ཅན་གྱི་ལམ་བུའི་སྟེང་རང་ལ་དབང་བའི་ཕུགས་འདུན་རིམ་པར་མངོན་འགྱུར་བྱུང་དང་འབྱུང་བཞིན་ཡོད་ལ། ལྷག་དོན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལས་གནས་ཐག་གཅོད་བྱེད་པའི་གནོན་ཤུགས་དེ་ཉིད་རང་གི་འགན་འཁྲི་ཞིག་ཏུ་བརྩིས་ཏེ་སློབ་ཆེན་སློབ་ཐོན་སློབ་མར་ལས་གནས་མཁོ་སྤྲོད་བྱེད་ཐུབ་པ་བྱུང་ཡོད་ལ། དམངས་ཁྲོད་བྱིས་པའི་སྒྲུང་གཏམ་བསྡུ་བསྒྲིགས་དང་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་བྱིས་སྒྲུང་བསྒྱུར་བསྒྲིགས་བྱས་ཟིན་པ་ད་བར་ཁྱོན་བྱིས་སྒྲུང་99ཟིན་ཡོད་ལ། དེ་དག་ཡིག་བཏགས་དང་སྒྲ་འཇུག་སྒྲིག་བཟོ་བརྒྱུད། དེང་རབས་དར་སོ་ཆེ་བའི་འཕྲིན་ཕྲན་གྱི་ལམ་ནས་རིན་མེད་ངང་བརྒྱུད་གཏོང་བྱས་པས། དམངས་ཡོངས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་ཁར། ལྗོངས་ཡོངས་ཀྱི་སློབ་གྲྭ་ཁག་70ལྷག་ཙམ་ལ་སྒྲ་འཇུག་སྒྲིག་བཟོ་བྱས་པའི་བྱིས་སྒྲུང་འོད་སྡེར་7000ཙམ་རིན་མེད་དུ་ཕུལ་བས། ད་ལྟ་རང་ལྗོངས་ཀྱི་སློབ་གྲྭ་མང་པོའི་སློབ་ཕྱིའི་བྱེད་སྒོ་སོགས་ཀྱི་ནང་མེད་དུ་མི་རུང་བའི་སྒྲ་ལྡན་བྱིས་སྒྲུང་ཉན་པའི་གོམས་སྲོལ་ཞིག་ཆགས་ཐུབ་པ་བྱུང་བ་རེད། ལྷག་དོན་2017ལོར་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་མཛུབ་ཁྲིད་འོག་ལྗོངས་ཡོངས་ཀྱི་བྱིས་པའི་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་ཆེན་མོ་གཉེར་བས། འགྲན་ཞུགས་བརྩམས་བྱ་1400ལྷག་ཟིན་ཡོད་པ་དེས་རང་ལྗོངས་སུ་འགྲན་ཞུགས་བརྩམས་བྱ་སྟོང་ཕྲག་ཟིན་པའི་གཞི་རྒྱ་ཆེ་ཤོས་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་ཟིན་ཐོ་གཏོད་ཡོད་ལ། འགྲེམ་སྟོན་ཉིན་བཅུའི་ནང་གཟིགས་བསྐོར་ལ་ཕེབས་ཚད་མི་གྲངས་ཁྲི་ཚོ་2ཙམ་ཟིན་སོང་། བྱེད་སྒོ་དེས་རང་ལྗོངས་ཀྱི་བྱིས་པ་རྣམས་ལ་ཡིག་གཟུགས་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་པ་མ་ཟད། བོད་ཡིག་ཚུད་པའི་ཀྲུང་ཧྭ་རིག་གནས་དེ་ཉིད་མི་རབས་རྗེས་མ་རྣམས་ལ་བརྒྱུད་སྤྲོད་བྱེད་རྒྱུར་ཕན་འབྲས་ཤུགས་ཆེན་ཐོན་ནས། གཡག་གུ་བྱིས་པའི་རིག་གནས་ཀྱིས་སྤྱི་ཚོགས་ལ་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་པ་དང་སྦྲགས། རང་གི་བྱ་གཞག་གསར་གཏོད་ཀྱི་ལམ་བུར་རེ་བ་གསར་པ་ཞིག་ཀྱང་བསྣན་ཐུབ་པ་བྱུང་།

བཅར་འདྲི་བ། ཁྱེད་རྣམ་པས་གཉེར་བའི་བྱེད་སྒོ་ཁག་ལ་འབྲེལ་ཡོད་ཚན་པས་རོགས་རམ་དང་རྒྱབ་སྐྱོར་གནང་ཡོད་ངེས་རེད། དེའི་སྐོར་མདོར་བསྡུས་ཤིག་གསུང་གནང་རོགས།

བཀྲ་ཕུན། 2017ལོའི་ལོ་གཅིག་རིང་ཁྲོམ་རའི་ཐོག་འགྲན་རྩོད་བྱེད་པའི་བརྒྱུད་རིམ་ནང་། ལྗོངས་རིག་གནས་ཐིང་དང་ལྗོངས་སློབ་གསོ་ཐིང་། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་སོགས་ཀྱིས་མཛུབ་སྟོན་དང་རོགས་སྐྱོར་གནང་བའི་འོག། "གཡག་གུའི་པིར་རྩལ་"ཞེས་པའི་རིག་གནས་མུ་འབྲེལ་བྱེད་སྒོ་སྐབས་གཉིས་པ། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་རྒྱ་བོད་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་ཆེན་མོ་གཉེར་བས། རྒྱ་བོད་ཡིག་གཟུགས་ཀྱི་འགྲན་ཞུགས་ཀྱི་བརྩམས་བྱ་412ཟིན་པ་དང་། རང་ལྗོངས་ས་ཁུལ་དང་གྲོང་ཁྱེར་ཁག་གི་དགེ་རྒན་ཁྲོད་དུ་བག་ཆགས་ལེགས་པོ་འཇོག་ཐུབ་པ་བྱུང་བ་མ་ཟད། ཆུ་རྐ་མགོར་ཡོད་ན་རྐ་གཞུག་ལ་ལོས་ཡོང་། ཟེར་བའི་དཔེ་ལྟར། མི་རབས་རྗེས་མ་གསོ་སྐྱོང་བྱེད་མཁན་གྱི་དགེ་རྒན་ཁྲོད་དུ་ཡང་ཀྲུང་ཧྭ་རིག་གནས་ཀྱི་ཆ་ཤས་སུ་གྱུར་བའི་རྒྱ་བོད་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཐུབ་སོང་བས། ཀུང་སི་རང་ཉིད་ཀྱི་གནས་བབས་ཀྱང་ལྗོངས་ཡོངས་ཀྱི་དགེ་རྒན་རྣམ་པའི་སེམས་ཁམས་སུ་ཟུག་ཐུབ་པ་བྱུང་ཡོད།

བཅར་འདྲི་བ། ཁྱེད་རྣམ་པའི་ལྷ་ས་གཡག་གུ་བྱིས་པའི་རིག་གནས་ཀུང་སི་ལས་དོན་མི་སྣའི་གྲུབ་ཆ་གང་དང་གང་ཡིན་ནམ།

བཀྲ་ཕུན། མ་གཞི་གཡག་གུ་བྱིས་པའི་རིག་གནས་ཀུང་སིའི་ལས་མི་ནི་ངལ་རྩོལ་ནུས་ཤུགས་ཤོར་བའི་དབང་པོ་སྐྱོན་ཅན་དང་ངལ་ནུས་ལྷག་འཕྲོར་ལུས་པའི་ཞིང་ཁུལ་གྱི་མང་ཚོགས། སློབ་ཆེན་ཐོན་མ་ཐག་པའི་སློབ་མ་སོགས་ཡིན།

བཅར་འདྲི་བ། ཁྱེད་ཀྱིས་ད་ལྟའི་བསམ་ཚུལ་དང་མ་འོངས་ལས་དོན་གཉེར་བའི་བསམ་ཕྱོགས་མདོར་བསྡུས་ཤིག་གསུང་རོགས།

བཀྲ་ཕུན། གོང་སྨྲས་ལོ་གཉིས་ཙམ་བྱེད་སྒོ་སྤེལ་བ་སོགས་ཀྱི་འབད་བརྩོན་བྱས་པ་བརྒྱུད། ཁྲོམ་རའི་འགྲན་རྩོད་ནང་ཐོབ་པའི་འབྲས་བུ་དག་སྤྱི་ཚོགས་ཕན་བདེའི་བྱ་གཞག་གི་ཆེད་དུ་འབུལ་ཐུབ་པ་བྱུང་བས། ང་ཚོའི་སེམས་ནང་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་འགོ་འཚུགས་སོང་སྙམ་པའི་དགའ་སྣང་གིས་ཁེངས་ཡོད། མ་གཞི་ལྷ་ས་གཡག་གུ་བྱིས་པའི་རིག་གནས་ཀུང་སི་ད་ཆ་དཔལ་འབྱོར་གྱི་མ་གནས་ཐོག་ཧ་ཅང་ཆུང་ཆུང་ཡིན། འོན་ཀྱང་ང་ཚོས་བྱ་གཞག་གསར་གཏོད་ནི་རང་ཉིད་གཅིག་པོ་ཁོ་ན་ཕྱུག་པོ་ཆགས་ཆེད་དུ་མ་ཡིན་པའི་ངེས་ཤེས་རྙེད་ཐུབ་བྱུང་ལ། བྱ་གཞག་གསར་གཏོད་ཀྱི་སྙིང་པོའང་དེ་ཡིན་སྙམ་བྱུང་། སླད་ཕྱིན་དེ་ལས་ལྷག་པའི་འབད་འཐབ་ལ་བརྟེན་ནས། སྤྱི་ཚོགས་དང་དམངས་ཡོངས་སྔར་བས་མཐུན་སྒྲིལ་དང་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གྱི་ནུས་པ་ཐོན་པའི་ཕུགས་འདུན་དེའི་ཆེད་དུ་མཉམ་དུ་མདུན་སྐྱོད་བྱེད་རྒྱུ་ཡིན། ཐུགས་རྗེ་ཆེ།

བཅར་འདྲི་བ། བཀྲ་ཕུན་ལགས་ཐུགས་རྗེ་ཆེ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1