བོད་ལྗོངས་ལ་ལྟ་བ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22
གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས>ལག་བསྟར་བྱ་ཐབས》ཟླ་1པོའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ། གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས>ལག་བསྟར་བྱ་ཐབས》(གཤམ་དུ“《ལག་བསྟར་བྱ་ཐབས》”ཞེས་བསྡུ་རྒྱུ)2018ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།
ལྷུན་རྩེའི་ཡུལ་སྨད་ཤང་དུ་གློག་སྐུད་ཚང་མ་འཁྲིད་ཟིན་པ།
ཉེ་དུས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གློག་སྐུད་ཚང་མ་འཁྲིད་ཟིན་ནས་དུད་ཚང་9ཡི་མང་ཚོགས་32ཚང་མས་རྒྱལ་ཁབ་གློག་དྲའི་རྒྱུན་མི་ཆད་པའི་གློག་ནུས་སྤྱོད་ཐུབ་རྒྱུ་ཡིན་པ་རེད།
ཡུལ་སྨད་ཤང་འདི་ཉིད་རང་རྒྱལ་གྱི་མཐའ་མཚམས་སུ་གནས་པས་མཐའ་འཁོར་ཚང་མ་རི་ཡིན་པའི་ཁར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3650ཡི་ཐག་རིང་ལུང་ཁུག་སར་གནས་ཡོད། དུས་ཡུན་རིང་པོའི་ནང་ཡུལ་སྨད་ཤང་དུ་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་རྒན་གཞོན་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལས་མེད་པས“མི་གསུམ་ཤང”ཞེས་བརྗོད་སྲོལ་ཡོད། རང་རྒྱལ་གྱིས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་ས་གནས་དེ་གའི་མི་འབོར་ཡང་དུད་ཚང་9དང་མི་གྲངས་32བར་མང་དུ་ཕྱིན་ཡོད།
དུས་ཡུན་རིང་པོའི་ནང་། གློག་སྤྱོད་གནད་དོན་དེས་ཡུལ་སྨད་ཤང་གི་མང་ཚོགས་དང་གཞི་རིམ་སྡེ་ཚན་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། 2008ལོར་ས་གནས་དེ་གས་ཆན་ཝ་125ཡི་ཆུ་ཤུགས་གློག་ཁང་ཆུང་ངུ་ཞིག་བསྐྲུན་ནའང་མི་འབོར་མང་དུ་ཕྱིན་པ་དང་མི་སེར་གྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་སྟབས། གློག་སྤྱོད་དགོས་མཁོ་ཇེ་ཆེར་སོང་ནས་ཤང་ནང་རྟག་ཏུ་གློག་ཆད་ཀྱི་ཡོད་པ་རེད།
བོད་ཀྱིས་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།
《གླིང་སྒྲུང》ནི“ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་ངག”ཅིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད། དེའི་ནང་ཤོད་རྒྱུན་ཁྲོད་ཀྱི་བོད་རིགས་ཀྱི་དཔའ་བོ་གེ་སར་རྒྱལ་པོས་བདུད་འདུལ་སྲི་གནོན་ནས་མི་སེར་ལ་བདེ་སྐྱིད་བསྐྲུན་པའི་གཏམ་རྒྱུད་བརྗོད་ཡོད། ད་ཆ་དེང་རབས་ཀྱི་ཚན་རྩལ་ལ་བརྟེན་ནས་ང་ཚོས་བྱི་རྟགས་མནན་ཚེ་ལོ་རྒྱུས་ཡུན་རིང་ལྡན་ལ་གནའ་ཉམས་དོད་པའི་འགྱུར་ཁུག་དེ་ཉན་ཐུབ་ཀྱི་ཡོད།
བོད་ཀྱི་གྲངས་འཛིན་རིག་གནས་ཀྱི་དྲ་ཐོག་ནང་དོན་ཕུན་སུམ་ཚོགས་པོ་ཡོད། དྲ་ཚིགས་ཀྱི་གཉེར་སྐྱོང་ལས་ཀའི་འགན་འཁུར་མཁན་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དྲ་རྒྱ་པུའི་ཀྲུའུ་རེན་བཀྲ་ཤིས་རྒྱལ་པོས་ངོ་སྤྲོད་བྱས་པར། བོད་ཀྱི་གྲངས་འཛིན་རིག་གནས་དྲ་བར་མིག་སྔར་རང་བཟོས་ཀྱི་ཁྱད་ལྡན་ཐོན་ཁུངས་663ཡོད་པའི་ནང་བརྙན་ལམ་གྱི་ཐོན་ཁུངས་661ཡོད་པ་དང་སྐད་ལམ་གྱི་ཐོན་ཁུངས་ཆུ་ཚོད་2300ལྷག་ཙམ་ཟིན་ཡོད།
བོད་རྒྱ་སྐད་གཉིས་ཀྱི་གཞུང་ལས་པ་ཁག་དང་པོ་ནང་སར་ལས་ཀ་བྱེད་པར་བསྐྱོད་རྒྱུ་ཡིན་པ།
ཉེ་དུས། 2017ལོའི་བོད་སྐྱོར་ཞིང་ཆེན་དང་ གྲོང་ཁྱེར་དང་ཀྲུང་དབྱང་ལས་ཁུངས་ཁག་གཅིག་གིས་བོད་དུ་བོད་རྒྱ་སྐད་གཉིས་ཀྱི་གཞུང་ལས་པ་བསྡུ་བའི་ལས་དོན་ལེགས་སྒྲུབ་བྱས་ནས་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་203ནང་སར་གཞུང་ལས་པ་བྱེད་པར་བསྐྱོད་རྒྱུ་རེད། དེ་ནི་བོད་ཀྱིས་ནང་ས་དང་མཉམ་དུ་གཞུང་ལས་པའི་ཆེད་དོན་རྒྱུགས་བསྡུའི་ལམ་ལུགས་བཟོ་ཐེངས་དང་པོ་དེ་ཡིན་པས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་བྱ་རྒྱུར་ཆ་རྐྱེན་བསྐྲུན་ཡོད། ལོ་གཅིག་ལྷག་ཙམ་གྱི་རྒྱུགས་བསྡུའི་སྒྲིག་འཛུགས་ལས་དོན་སྤེལ་བ་བརྒྱུད། ཐེམ་ཁུངས་བོད་ནས་ཡིན་པའི་ཁག་དང་པོའི་མཐོ་སློབ་སློབ་ཐོན་སློབ་མ་203བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ལས་ཁུངས་ཁག་གཅིག་ནང་བསྡུས་ཡོད། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་སློབ་ཐོན་སློབ་མ་201ཡོད་པས་99.01%བཟུང་བ་དང་། རྒྱ་རིགས་ཀྱི་སློབ་ཐོན་སློབ་མ་2ཡོད་པས་0.99%བཟུང་ཡོད། སྲིད་ཇུས་དེས་ལས་ཞུགས་བོད་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ནས་བོད་ཀྱི་སློབ་ཐོན་སློབ་མ་ནང་སར་མཉམ་འདྲེས་ཐུབ་རྒྱུར་ལས་སྟེགས་མཁོ་འདོན་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་བྱ་གཞག་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཡང་བཏོན་ཡོད།
རང་རྒྱལ་གྱིས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྩེ་རིམ་ཇུས་འགོད་བྱས་པ།
ཉེ་དུས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕྱོགས་ཡོངས་ནས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྩེ་རིམ་ཇུས་འགོད་བྱས་ནས། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གསར་གཏོད་རྣམ་པའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་དགོས་ལུགས་བཏོན་པ་རེད།
ཉིང་ཁྲིའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ།
2017ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྱོང་གི་དམིགས་ཚད་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་རས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་བྱ་ཡུལ་གསར་སྤེལ་བྱེད་པ། ཡུལ་སྐོར་བའི་འབྱུང་ཁུངས་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་པས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2017ལོའི་ཟླ་11པའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་ཧ་ཅང་འཁྲུག་པོ་ཡོད་པ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མང་དུ་ཆེས་ཆེར་སོང་སྟེ། རིམ་རྩིས་བྱས་ན། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་495.45ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.94%འཕར་བ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་43.33ཟིན་པ་དེ་དུས་མཚུངས་ལས་15.6%འཕར་ཡོད་པ་རེད།
བོད་ཀྱི་ལས་གཏོད་དགེ་སྒྲུབ་ཐེབས་རྩ་ཚོགས་པ་བཙུགས་པ།
ཉེ་ཆར་ཧྭ་ལིན་འཛིན་ཤོག་གིས་གྲོས་འགོ་བཏོན་པ་དང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཐོ་འགོད་དོ་དམ་བྱས་པའི་བོད་ཀྱི་ལས་གཏོད་དགེ་སྒྲུབ་ཐེབས་རྩ་ཚོགས་པ་ལྷ་སར་བཙུགས་པ་རེད།
ཐེབས་རྩ་ཚོགས་པ་དེ་སྤྱི་དབང་མིན་པའི་མ་དངུལ་སློང་བསྡུའི་ཐེབས་རྩ་ཚོགས་པའི་ཁོངས་སུ་གཏོགས་པ་དང་། ཧྭ་ལིན་འཛིན་ཤོག་གི་མིང་ཐོག་ནས་རང་ལྗོངས་ཀྱི་དབུལ་སྐྱོར་དང་དགེ་སྒྲུབ་བྱེད་སྒོ་སྣ་ཚོགས་ལ་ཞུགས་པའི་གཞི་བརྟེན་གལ་ཆེན་ཞིག་རེད། དེས་ས་ཁུལ་དབུལ་པོའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད། འདས་པའི་ལོ་གཉིས་རིང་ཧྭ་ལིན་འཛིན་ཤོག་གིས་དབུལ་སྐྱོར་དང་དགེ་སྒྲུབ་སོགས་ལ་སྒོར་ཁྲི་1300ལྷག་ཙམ་བཏང་བ་དེ་དག་གཙོ་བོ་བོད་ཀྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་གཤགས་བཅོས་དང་སྨན་བཅོས་བྱེད་པར་སྤྱད་པ་དང་། མིག་སྔར་བོད་ཀྱི་བྱིས་པ་10ལ་རིན་མེད་གཤགས་བཅོས་བྱས་ཡོད་པ་རེད།
ལས་གཏོད་ཕུལ་བྱུང་བས་གྲུབ་འབྲས་ངོམ་པ།
ཉེ་ཆར། རང་ལྗོངས་ཀྱི་སྐབས་གཉིས་པའི་གཞོན་ནུའི་གསར་གཏོད་ལས་གཏོད་ལེགས་གཏོད་འགྲན་བསྡུར་ཆེ་མོའི་གྲུབ་འབྲས་ལྷ་སར་འགྲེམས་སྤེལ་བྱས་པ་རེད།
ཐེངས་འདིའི་གཞོན་ནུའི་གསར་གཏོད་ལས་གཏོད་ལེགས་གཏོད་འགྲན་བསྡུར་ཆེ་མོའི་གྲུབ་འབྲས་འགྲེམས་སྟོན་གྱིས་རང་ལྗོངས་ཀྱི་ན་གཞོན་ལས་གཏོད་པའི་གྲུབ་འབྲས་གཅིག་སྡུད་འགྲེམས་སྤེལ་བྱས་ཏེ་ཕུལ་བྱུང་ཁེ་ལས་སྦྲེལ་མཐུད་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ལས་སྟེགས་ཡག་པོ་ཞིག་མཁོ་འདོན་བྱས་ཤིང་། འདི་ནི་ཉེ་དུས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རང་ལྗོངས་ཀྱི་སྐབས་གཉིས་པའི་གཞོན་ནུའི་གསར་གཏོད་ལས་གཏོད་ལེགས་གཏོད་འགྲན་བསྡུར་ཆེ་མོའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།
ལོ་ལྔའི་རིང་རང་ལྗོངས་ཀྱི་དམངས་འཚོ་རྒྱུན་མཐུད་ལེགས་བཅོས་བྱུང་བ།
ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་བའི་ཉིན་ལྔ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དབང་གིས་འཛམ་གླིང་སྐྱེ་བོ་ཀུན་གྱིས་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་པའི་གྲོང་ཚོ་ཆུང་ངུ་ཡུལ་སྨད་ཤེས་རྟོགས་བྱུང་ཡོད་ལ་བོད་ཀྱི་མཐའ་མཚམས་གྲོང་ཚོ་ཆུང་གྲས་ཡུལ་སྨད་ལ་འཛིན་པའི་མི་ཚོའི་“མཁྲེགས་བཟུང་བག་ཆགས”ལའང་འགྱུར་བ་བྱུང་ཡོད། བསམ་ཚོད་ལྟར་གྱི་ཆུ་གློག་དཀོན་པའི“དཀའ་ཚེགས་ཆེ་བ”ཞིག་མིན་པར་དོན་དངོས་ཐོག་མཐོང་བ་ནི་ཡོང་འབབ་རྒྱུན་མཐུད་འཕར་བ་དང་། སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ། སྡོད་གནས་ཆ་རྐྱེན་ཉིན་རེ་བཞིན་འབྱོར་འབྲིང་གི་ཚད་གཞིར་སླེབས་ཡོད། དེ་བས་མི་རྣམས་དགའ་འོས་པ་ཞིག་ནི་འཕྲིན་གཏོང་དང་ཆ་འཕྲིན་ཅན་གྱི་དྲ་རྒྱའི་དུས་རབས་ཀྱི་ཐུན་མོང་མ་ཡིན་པའི་མྱུར་ཚད་མགྱོགས་པའི་ཁྱད་ཆོས་དེ་ཤང་ཡོངས་སུ་གང་མྱུར་ཁྱབ་ཡོད།
ཡུལ་སྨད་ཀྱི་འཕེལ་རྒྱས་ཆ་ཤས་ལས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཧྲིལ་པོ་མངོན་ཐུབ། ལོ་ལྔའི་རིང་དམངས་ཆེད་སྲིད་སྐྱོང་བའི་འོད་སྟོང་འབར་བའི་དམངས་འཚོའི་བྱ་བ་ཆེ་གྲས་རེ་རེ་ལས་དཔྱིད་ཀྱི་སྦྲང་ཆར་ཟིལ་མས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གི་སེམས་ཀྱི་ཞིང་ས་བརླན་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
རང་ལྗོངས་ཀྱིས“བློ་བདེའི་ཤ་ཚལ་དཔེ་སྟོན་གྱི་སྒོ་རྩིས་ཚོང་ཁང”འཛུགས་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱིས“བློ་བདེ་བའི་ཤ་ཚལ་དཔེ་སྟོན་གྱི་སྒོ་རྩིས་ཚོང་ཁང”འཛུགས་པའི་བྱེད་སྒོ་སྤེལ་བཞིན་ཡོད་པས་བཟའ་བཅའི་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་དང་འགན་ལེན་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།
ཆུ་ཤུར་རྫོང་དུས་བཞི་བཀྲ་ཤིས་གྲོང་ཚོས་དབུལ་སྒྲོལ་ལས་དོན་ཏན་ཏིག་སྤེལ་བ།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོ་བཙུགས་ཚུན། ཆུ་ཤུར་རྫོང་གིས་དོན་དངོས་ལ་གཞིགས་ནས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་རིམ་པ་ཁག་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་ཀའི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ནན་ཏན་དང་གོ་བ་ཡག་པོ་བླངས་པ་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྟོབས་ཐོག་ནས་རོགས་སྐྱོར་དང་དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་ཐོག་ནས་རོགས་སྐྱོར”གྱི་དགོངས་དོན་གྱི་ངོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས། ཡུལ་བབ་དང་བསྟུན་ཏེ“དབུལ་སྐྱོར་བྱེད་པར་སྔོན་ལ་ལམ་སྲོལ་ཐོག་ནས་རོགས་སྐྱོར”བྱེད་པའི་འདུ་ཤེས་གསར་གཏོད་བྱས་ནས་བཏོན་པ་དང་། “རོགས་སྐྱོར་གསུམ”(བློ་སྐྱོར་དང་། རིག་སྐྱོར། སྲོལ་སྐྱོར)གྱི་ལས་དོན་སྤེལ་བ། “ཅན་གསུམ”(ཞིང་པ་ལས་རིགས་ཅན་དང་། ཞིང་ལས་ཐོན་ལས་ཅན། གྲོང་གསེབ་སྡེ་ཁུལ་ཅན)ལ་ཕན་འབྲས་ཤུགས་ཆེན་པོ་ཐོན་པ་བཅས་བྱས་ཏེ་གྲོང་ཚོ་མཉམ་འདྲེས་དང་། མང་ཚོགས་ཀྱི་སྙིང་སྟོབས་འཕེལ་བ། ལས་ཞུགས་འབབ་འཕར་བཅས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཐད་གྲངས་གནས་གཉིས་ཀྱི་འཕར་ཚད་སླར་གསོ་བྱུང་བ།
2017ལོའི་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར་58.85ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་13.9%འཕར་ནས“4•25”ས་ཡོམ་གྱིས་རྐྱེན་པས་ལོ་གཉིས་བསྟུད་མར་ཕྱི་ཕྱོགས་ཚོང་དོན་ཆག་པའི་རྣམ་པ་རྦད་དེ་འགྱུར་ལྡོག་ཕྱིན་ཏེ་སླར་གསོའི་རང་བཞིན་གྱི་འཕར་ཚད་མངོན་འགྱུར་བྱུང་ཡོད།
བོད་ཀྱིས་ཞིང་དོར་ནགས་གསོ་དང་རྩྭ་གསོ་བྱས་པས་ཞིང་འབྲོག་པ་ཁྲི་20ཙམ་ལ་ཕན་པ་ཐོབ་པ།
2015ལོར་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འདུ་འགོད་ལག་ལེན་བསྟར་ཚུན་བོད་ཀྱིས་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་མུའུ་ཁྲི་17བྱས་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1.63བཏང་བ། ཞིང་འབྲོག་པ་ཁྲི་20ཙམ་ལ་ཕན་པ་ཐོབ་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་13463གྱི་མི་65021ཡོད་པ་རེད། སྔོ་ཞིང་དྭངས་བའི་རི་ཆུ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་འདོད་བའི་བོད་ཀྱི་ཞིང་འབྲོག་པ་མི་ཉུང་བ་ཞིག་གི“རྒྱབ་བརྟེན”ལྟ་བུར་འགྱུར་བཞིན་ཡོད་པ་རེད།
བོད་ཀྱི་རྫོང་དང་ཆུས་74ཡི་ལྟ་ཞིབ་ཨུ་ལྷན་ཚང་མ་བཙུགས་ནས་སྒོ་བྱང་བཀལ་བ།
ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་ཚོད་ལྟའི་ལས་དོན་གྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་ས་བཀྲ་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཇུས་འགོད་ནན་ཏན་བྱེད་པ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཟླ་1ཚེས་20ཉིན་བར་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡི་ལྟ་ཞིབ་ཨུ་ལྷན་ཚང་མ་བཙུགས་པ་དང་སྒོ་བྱང་བཀལ་བ་དེ་ཐོག་ནས་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་གི་ཚོད་ལྟའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་པ་མཚོན་ཡོད།
ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།
ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ཐད་བཀོད་སྒྲིག་བྱས་པ་རེད།
ཝུའུ་དབྱིང་ཅེས་འཐབ་ཕྱོགས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་ནས།དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་པར་བསྔགས་བརྗོད་གནང་བ།
ཟླ་2ཚེས་17ཉིན་ལོ་གསར་ཚེས་གཉིས་ཡིན་ཞིང་། མི་མང་ཆེ་བ་ལོ་གསར་པའི་དགའ་སྐྱིད་ཀྱི་དཔལ་ རོལ་བའི་སྐབས་སུ་སྔར་བཞིན་ངལ་རྩོལ་པ་དཀྱུས་མ་མང་དག་ཅིག་གིས་སྤྱིར་བཏང་གི་ལས་གནས་ཐོག་དཀའ་སྤྱད་འབད་བརྩོན་དང་ཁུ་སིམ་མེར་ལེགས་སྐྱེས་ཕུལ་ཏེ་ལས་བརྩོན་དང་རྔུལ་ཆུར་བརྟེན་ནས་ཚང་མའི་བདེ་སྐྱིད་དང་བདེ་འཇགས་སྲུང་བཞིན་མཆིས། ཞོགས་པ་སྔ་པོ་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་འཐབ་ཕྱོགས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་གཞི་རིམ་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་དང་སྦྲགས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ཏེ་ཁོང་ཚོས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་པར་བསྔགས་བརྗོད་གནང་བ་རེད།
ལྷ་སར་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བཅུ་ཆ་དྲུག་ཟིན་པ།
2018ལོའི་ལོ་འགོར་ལྷ་ས་གྲོང་ཁྱེར་དུ་གློག་རླངས་འདྲེས་མའི་སྤྱི་སྤྱོད་རླངས་འཁོར་128བེད་སྤྱོད་བྱས་པས་ད་ཡོད་ཀྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་312བར་མང་དུ་ཕྱིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་བསྡོམས་འབོར་གྱི་60%བཟུང་ཡོད། ལྷ་ས་གྲོང་ཁྱེར་གྱིས་སྟབས་བདེ་དང་། ལྗང་མདོག བདེ་ཐང་བཅས་ལྡན་པའི་ཕྱིར་སྐྱོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པར་གྲོང་མི་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད།
“ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ་དེས་གྲོང་མི་ཚོའི་ཕྱིར་སྐྱོད་མི་བདེ་བའི་གནད་དོན་ནུས་ལྡན་ངང་བསལ་བ་དང་དུས་མཚུངས་ལྷ་སའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་རྒྱུར་ལེགས་སྐྱེས་ཀྱང་འབུལ་ཐུབ་རྒྱུ་རེད”ཅེས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་རྒོད་སྐྱེས་ཀྱིས་བརྗོད།