ཨ་མ་ལགས།

བསིལ་ལྷུན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


ངས་རྒྱུས་མངའ་ཆེ་བའི་ས་ཆ་ཞིག་ལ།

ངས་རྟག་ཏུ་འདྲན་པའི་ས་ཆ་ཞིག་ལ།

རྩམ་ཐུག་གི་དྲི་ཞིམ་འཐུལ་ཞིང་།

མར་མེ་ཡི་འཇའ་འོད་འཁྱིལ་བ།

འཁྱག་དར་བཞིན་པའི་ང་རང་།

ལྟོགས་སྐད་རྒྱག་པའི་ང་རང་།

དྲོད་ཀྱིས་འཁོལ་བའི་ཨ་མའི་འགྲམ་འདིར་སླེབས།

བཞིན་ལས་འཛུམ་དངས་འཕྱུང་བའི་ཨ་མ་ལགས།

བལ་ལས་དལ་མེད་བྲེལ་བའི་ཨ་མ་ལགས།

ཐུགས་ལ་བརྩེ་བས་ཁེངས་པའི་ཨ་མ་ལགས།

དགའ་མདངས་ཤིན་ཏུ་འཚེར་བའི་ཨ་མ་ལགས།

འོན་ཏེ། མདང་ནུབ་ང་—བཟི་བ་ནི་ཡིན་ནམ།

འོ་ན། མཚན་འདིར་ང་—ཤི་བ་ནི་ཡིན་ནམ།

ཨ་མས་གང་གསུང་དང་འདི་གསུང་མ་ཤེས་ལ།

ཨ་མར་ཅི་ཤོད་དང་འདི་ཤོད་མི་ཤེས་ཨང་།

སྐྱོ་གདུང་གི་ངུ་ངག་དང་།

མགྲིན་སྦུག་དོག་བཞིན་དུ།

མ་ཁྱེད་ང་དང་མཉམ་དུ་མང་ཙམ་བཞུགས་དང་།

ཨ་མར་ཡང་ཡང་འབོད་ལ།

ཨ་མར་ཡང་ཡང་འཐམ་པ།

འོན་ཏེ།— ཁྱེད་ཀྱིས་ག་ལ་ཐོས།

— ཁྱེད་ཀྱིས་ག་ལ་ཤེས།

ཨ་རེ། — དེ་ནི་་་་་་

ཡང་ང་ལ་བཏང་བའི་རྨི་ལམ་ཞིག་ཡིན།

སླར་ཡང་། ནམ་དུས་དེར་སླེབས་པས།

སྔར་བཞིན། ཨ་མ་བུ་ང་འདྲན་པ་ཡིན་ནམ།

ཡང་ན། བུ་ང་ཨ་མ་འདྲན་པ་ཡིན་ནམ།

གང་ལྟར་ཡང་། ཨ་མ་ལགས།

ད་ནི་བུ་ངའི་ངུ་ངག་བཤད་ས་དང་།

ད་ནི་བུ་ངའི་ལྟོགས་སྐད་རྒྱག་ཡུལ།

ད་དུང་ཡང་།

གྲུབ་འབྲས་གང་ཐོབ་ཞུ་ས།

སྤྲོ་སྣང་གང་བྱུང་ཞུ་ས།

མདོར་ན། ངའི་ཡོད་ཚད་ཀྱི་ཡོད་ཚད་——

ཨ་མ་ལགས། ཁྱེད་གང་དུ་བཞུགས་ཡོད་ལགས།

ཨ་མ་ལགས། ད་ནི་བུ་ངར་ནམ་ཡང་།

དབང་བ་དེ་རྨི་ལམ་ནང་གི་ཁྱེད་གཞལ་ལས་མེད་ཅིང་།

སྐྱོ་གདུང་གི་མིག་ཆུས་གདོང་པ་ཡང་སེ་གཤེར་བ་ལས་མེད།

ཨ་མ་ལགས་ —— ཨ་མ་ལགས། ——

ཨ་ ——མ་ ——ལགས་་་་་་་་་་་་


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1