མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་དགོས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྲིད་ཏང་ཞིག་དང་། མར་ཁེ་སི་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ཀྱི་བླ་སྲོག་ཡིན། ང་ཚོའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ང་ཚོའི་ཕུགས་བསམ་དང་དད་སེམས་སྲུང་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་དགོས། དེ་ལྟར་བྱས་ཚེ། གུང་ཁྲན་ཏང་མིས་གཞི་ནས་རང་ཉིད་ཀྱི་བླ་སྲོག་སྲུང་ཐུབ་ཅེས་གསུངས་ཡོད།
-མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བས་འཇིག་རྟེན་ནི་དངོས་པོ་ལས་གྲུབ་པ་དང་འཇིག་རྟེན་དངོས་པོ་དང་གཅིག་གྱུར་ཡིན་པ་དང་།--མི་རྣམས་ཀྱི་འདུ་ཤེས་ནི་དངོས་པོའི་མཚོན་ཚུལ་ཞིག་རེད་ལ།--དངོས་པོས་འདུ་ཤེས་གཏན་འཁེལ་བྱེད་པ་ལས་འདུ་ཤེས་ཀྱིས་དངོས་པོ་གཏན་འཁེལ་བྱེད་ཀྱི་མེད་པ།--རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཕུད་པའི་རང་བྱུང་ཁམས་ལས་བརྒལ་བ་དང་སྤྱི་ཚོགས་ལས་བརྒལ་བའི་སྟོབས་ཤུགས་ཤིག་མེད་པ་དང་། ལྷ་ནི་མིས་རྟོག་བཟོ་བྱས་པ་ཞིག་ཡིན་པ། རང་བྱུང་ཁམས་དང་། མིའི་རིགས་ཀྱི་སྤྱི་ཚོགས། བསམ་བློ་བཅས་ཚང་མར་འགུལ་སྐྱོད་ཀྱི་ཆོས་ཉིད་ལྡན་པ་ལས་ལྷ་ཡིས་དབང་སྒྱུར་བྱེད་པ་ཞིག་མིན་པ། ངལ་རྩོལ་གྱིས་མི་གསར་གཏོད་བྱས་པ་དང་མི་དམངས་མང་ཚོགས་ཀྱིས་ལོ་རྒྱུས་གསར་གཏོད་བྱས་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བས་ཆོས་ལུགས་དང་ལྷ་འདྲེའི་འབྱུང་ཁུངས་དང་གཞི་གྲུབ་པའི་སྤྱི་ཚོགས་ལོ་རྒྱུས་ཀྱི་རྩ་བ་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་སྟོན་ཐེངས་དང་པོ་བྱས་ཏེ་ཆོས་ལུགས་དང་ལྷ་འདྲེ་ནི་རང་བྱུང་གི་གཉའ་གནོན་དང་སྤྱི་ཚོགས་གཉའ་གནོན་གྱི་ཐོན་དངོས་ཤིག་ཡིན་པ་དང་། གྲལ་རིམ་སྤྱི་ཚོགས་ནང་གྲལ་རིམ་གྱི་བཤུ་གཞོག་དང་གཉའ་གནོན་ནི་ཆོས་ལུགས་དང་ལྷ་འདྲེ་གནས་པ་དང་དར་བའི་འབྱུང་རྩ་གལ་ཆེན་ཞིག་ཡིན་ལུགས་བསྟན་ཐོག་དེ་དག་གི་ལྡོག་ནུས་དང་འཇིག་ངེས་ཀྱི་འཕེལ་ཕྱོགས་གསལ་སྟོན་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བས་ལྷ་ཡི་སྟོབས་ཤུགས་དེ་མི་ཡུལ་གྱི་ཁོངས་སུ་འདུས་པ་དེ་ནི་དངོས་གཙོ་ཡིན་ལ་རྩོད་སྒྲུབ་ཀྱང་ཡིན་པས། དེ་ནི་གུང་ཁྲན་ཏང་མིས་རྣམ་པ་འདྲ་མིན་གྱི་སེམས་གཙོ་རིང་ལུགས་དང་འཐབ་རྩོད་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་རྡོ་དང་བསམ་བློའི་མཚོན་ཆ་རྣོན་པོ་ཞིག་རེད།
མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་རྒྱུ་ནི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རང་རེའི་ཏང་གིས་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ཏེ་འབད་འཐབ་ལྷོད་མེད་བྱས་པར་བརྟེན་གཞི་ནས་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེན་བར་འཕེལ་རྒྱས་ཕྱིན་ཏེ་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་དང་རྒྱ་མཚོའི་རླབས་རྒྱུན་ཁྲོད་ཀྱི་བྲག་རྡོ་ལྟར་བརྟན་པའི་ཀ་རྟེན་ལྟ་བུར་གྱུར་ནས། ཀྲུང་ཧྭ་མི་རིགས་ཀྱི་གྲུ་གཟིངས་ཆེན་པོ་རླབས་གཤགས་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་དེ་འཇིག་རྟེན་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།--དུས་རབས་གསར་པར་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་།--མངའ་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་སྤྱད་ནས་སིམ་འཛུལ་བྱེད་པར་བཀག་འགོག--རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་དང་ཡང་ན་ཏང་གིས་སྲིད་སྐྱོང་བའི་ཆེས་རྒྱ་ཁྱབ་ཀྱི་མང་ཚོགས་རྨང་གཞི་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ།--མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་བཅས་གང་ཞིག་ཡིན་རུང་ཚང་མ་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་དང་ཁ་འབྲལ་ཐབས་མེད།--སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་ཕུགས་བསམ་མཁའ་ལས་ཡངས་ཅེས་གསུངས་ཡོད། གལ་ཏེ་གུང་ཁྲན་ཏང་མིས་ལྷ་མེད་སྨྲ་བ་དོར་ཏེ་ཆོས་ལུགས་ནས་བསམ་པའི་བརྟེན་ས་འཚོལ་བའམ་ཡང་ན་ལྷ་མེད་སྨྲ་བ་དང་ལྷ་ཡོད་སྨྲ་བའི་དབར་བར་གནས་དང་ཟུར་བཤོལ་གྱི་རྣམ་འགྱུར་འཛིན་ཏེ་ལྷ་ཡོད་སྨྲ་བ་གང་བྱུང་དར་དུ་འཇུག་པའམ་ཡང་ན“འབངས་ལ་མི་བསྟུན་པར་ལྷ་འདྲེར་བསྟུན”ཚེ། ཕུགས་བསམ་དང་དད་སེམས་རྩ་ཐོར་འགྲོ་རྒྱུ་ལས་མ་འདས་ལ། ང་ཚོས་འབད་འཐབ་བྱས་པའི་བྱ་གཞག་ཀྱང་ཡུད་ཙམ་ཞིག་ལ་རྨེག་མེད་དུ་འགྲོ་ངེས་རེད། དེར་བརྟེན་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་དགོས།
མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་རྒྱུ་ནི་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ལག་ལེན་ནས་ར་འཕྲོད་བྱུང་བར། མར་ཁེ་སི་རིང་ལུགས་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་ཁྲིད་སྟོན་བྱེད་མཁན་གྱི་རླབས་ཆེན་དར་ཆ་ཞིག་ཡིན་པས་ངེས་པར་དུ་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་དགོས། མིག་སྔར་བོད་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གསར་པ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དང་འཚོ་བའི་དགོས་མཁོ་གསར་པ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་གནས་ཚུལ་གསར་པ། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་རང་རྒྱལ“ནུབ་ཕྱོགས་ཅན”དང“ཁ་ཕྲལ”གཏོང་བའི་འགུལ་ཕྱོགས་གསར་པ་བཅས་ཀྱི་མདུན་དུ་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་བ་དང་།-མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་ཧུར་ཐག་ལེན་པ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།
མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་དགོས།--ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཡིན་ལ།-ལྷ་མེད་སྨྲ་བ་མཐར་ཕྱིན་པ་ཞིག་ཀྱང་རེད།-བསམ་བློའི་མཚོན་ཆ་དེ་སྤྱད་ནས་ཏང་ཡོན་ལས་བྱེད་པར་དྲག་ཆས་སྤྲོས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་རྒྱག་དགོས།-འཕྲད་པའི་དུས་བབ་གསར་པ་དང་། གོ་སྐབས་གསར་པ། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་ལྟ་སྟངས་ཡང་དག་འཛིན་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བས་གཙོ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ཀྱི་གཙོ་ཁྲིད་གནས་བབ་བཟུང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་རང་རྟོགས་ངང་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བློ་བརྟན་འགྱུར་མེད་ཀྱི་དད་ལྡན་པ་ཞིག་དང་ལག་ལེན་མཁན་ཞིག་བྱེད་དགོས།
མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་པར་དར་ཆ་གསལ་སྟོན་གྱིས་ལྷ་ཡོད་སྨྲ་བར་ངོ་རྒོལ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བས་བསམ་བློར་དྲག་ཆས་སྤྲས་ཏེ་བསམ་བློའི་ཐད་ནས་དངོས་གཙོ་རིང་ལུགས་དང་སེམས་གཙོ་རིང་ལུགས་དབར་དང་། ལྷ་མེད་སྨྲ་བ་དང་ལྷ་ཡོད་སྨྲ་བའི་དབར། ཚན་རིག་དང་རྨོངས་དད་དབར་གྱི་དབྱེ་མཚམས་གསལ་པོ་ཕྱེ་དགོས། གུང་ཁྲན་ཏང་ཡོན་གྱི་ངོས་ནས་བརྗོད་ན་ལྷ་ཡོད་སྨྲ་བར་ངོ་རྒོལ་བྱ་རྒྱུ་དེ་ནི་སྒེར་དོན་ཞིག་གཏན་ནས་མིན་པ་དང་། རང་ཉིད་ཆོས་ལ་དད་པ་མི་བྱེད་ལ་ཆོས་ལུགས་ཀྱི་བྱེད་སྒོར་ཡང་ཞུགས་ཀྱི་མེད་སྙམ་ནས་བློ་ཡིད་ཚིམ་ནས་ཟུར་ལྟ་མཁན་ཞིག་བྱེད་པ་ཙམ་གྱིས་མི་འགྲིག མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་དེ་ནི་ཏང་གི་བླང་བྱ་ཡིན་པས། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ལྷ་ཡོད་སྨྲ་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་ཏེ་མང་ཚོགས་ལ་ལྷ་མེད་སྨྲ་བའི་སློབ་གསོ་དང་དྲིལ་བསྒྲགས་ལས་དོན་སྤེལ་ཕོད་པ་དང་སྤེལ་མཁས་པོ་བྱེད་དགོས། མི་ལ་ལས་ལྷ་མེད་སྨྲ་བ་དྲིལ་བསྒྲགས་བྱེད་པ་དེ་ཏང་གི་ཆོས་དད་རང་མོས་སྲིད་ཇུས་དང་མི་འཚམ་དོགས་པའི་སེམས་ཁྲལ་བྱེད་མོད། དེ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཞིག་རེད། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ནང་ཆོས་ལ་དད་པ་མི་བྱེད་པ་དང་ལྷ་མེད་སྨྲ་བའི་ལྟ་བ་དྲིལ་བསྒྲགས་བྱ་རྒྱུའི་རང་དབང་སྐོར་བཀོད་ཡོད། མང་ཚོགས་ལ་ལྷ་མེད་སྨྲ་བ་དྲིལ་བསྒྲགས་བྱས་ནས་མང་ཚོགས་རྣམས་ལྷ་ཡོད་སྨྲ་བའི་འཆིང་རྒྱ་སྣ་ཚོགས་ལས་ཐར་བ་བྱས་ཏེ་རང་གི་ལས་དབང་རང་གིས་ཁ་ལོ་བསྒྱུར་བ་དང་རང་ཉིད་རང་གི་བདག་པོར་འགྱུར་བ་བྱ་རྒྱུ་དེ་རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དང་རྦད་དེ་འཚམ་ཡོད།
མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་འཛུགས་པར་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆུང་དུ་གཏོང་དགོས། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བར་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཁྲིད་སྟོན་ཐད་བྱེད་ཐབས་ལྡན་པ་དང་། ཁྲིད་སྟོན་ཐད་ནུས་པ་ལྡན་པ། ཁྲིད་སྟོན་ཐད་ཕན་འབྲས་ལྡན་པ་བཅས་བྱེད་དགོས། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ། སྦྱིན་པ་གཏོང་བ་དང་ཕྱག་འཚལ་སྐོར་སྦྱོང་ཚད་རན་པོ་བྱས་ནས་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས། ཚན་རིག་ལ་ཡིད་ཆེས་བྱེད་པ་ལས་མོ་ལུང་ཐུགས་དམ་དང་ཚེས་བཟང་དུས་བཟང་ཞེས་པར་ཡིད་ཆེས་མི་བྱེད་པ་དང་། ནད་གཞི་ཕོག་ན་སྨན་ཁང་དུ་འགྲོ་བ་ལས་ཆོས་བཀླགས་ནས་ན་ཚ་དྲག་ཐབས་མི་བྱེད་པ། ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ལས་རླུང་རྟ་གང་བྱུང་དུ་སྒྲོག་པ་དང་བསང་ཁ་བསང་གསོལ་མང་པོ་མི་བྱེད་པ། ཁྲིམས་སྐྱོང་ལ་སྣང་ཆེན་བྱས་ཏེ་ཁྲིམས་ལྟར་རྩོད་གཞི་ཐག་གཅོད་བྱེད་དགོས་པ་ལས་དགོན་སྡེས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐེ་ཇུས་བྱེད་མི་ཆོག་པ། ཚན་རིག་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཚན་རིག་གི་བརྟག་ཐབས་ལ་བརྟེན་ནས་རང་བྱུང་ཁམས་ཤེས་རྟོགས་དང་། སྤྱི་ཚོགས་ཤེས་རྟོགས། མི་ཚེ་ཤེས་རྟོགས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཚན་རིག་ལ་ཡིད་ཆེས་བྱེད་པ་ལས་རྨོངས་དད་ལ་ཡིད་ཆེས་མེད་པ་བཟོ་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་སྐྱེ་རྒ་ན་འཆི་དང་བདེ་སྡུག་བཟང་ངན་སོགས་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་ལྟ་བ། འཚོ་བའི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་སྤྱད་དེ་སྨྱོ་བ་ལྟར་གྱི་ཆོས་དད་ངན་སྐུལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས།
རང་རྒྱལ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་དང་རིན་ཐང་ལྟ་བ་སྤྱི་ཚོགས་ཧྲིལ་པོའི་བསམ་པའི་ཀ་རྟེན་ལ་བརྩི་མི་རུང་ལ། ཆོས་ལུགས་ཀྱང་སྤྱི་ཚོགས་ཧྲིལ་པོའི་བསམ་པའི་ཀ་རྟེན་དུ་བརྩི་མི་རུང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཐུབ། མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཚན་རིག་དར་རྒྱས་དང་སྤྱི་ཚོགས་ཞི་མཐུན་ཡོང་བ་མ་ཟད། མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་འཚོ་བ་གཏོད་ཐུབ།
《བོད་ལྗོངས་ཉིན་རེའི་ཚགས་པར》ལས་བཏུས།