གུང་ཁྲན་ཏང་མི་དད་གུས་དང་ཡིད་ཆེས་ལ་བརྟེན་ནས་མི་ཉམས་པར་གནས་ཡོད།

ཧྥང་ཤིང་པིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ད་ལོའི“བདུན་གཅིག”གི་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཀྲེན་དཱ་རུང་དང་ཀྲུང་ཡང་སོགས་བློ་མཐུན་7ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་གནང་རྒྱུའི་གཏན་འབེབ་བྱས་ཤིང་། བློ་མཐུན་འདི་དག་གིས་རང་འཁྲིའི་ལས་གནས་ཐོག་འབད་བརྩོན་ཆེན་པོས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གཟི་བརྗིད་ལྡན་པ་གཏོད་ཡོད་ཅིང་། ཁོང་ཚོ་ནི་དུས་རབས་གསར་པའི་གུང་ཁྲན་ཏང་མིས་ཡིད་ཆེས་བརྟན་པོ་དང་། ལྷག་བསམ་རྣམ་དག འགན་འཁུར་བྱས་རྗེས་འཇོག་པ། ལས་དོན་བསྒྲུབ་ཅིང་བྱ་གཞག་གསར་གཏོད་བྱེད་པའི་སྔོན་ཐོན་མིག་དཔེ་ཞིག་རེད། དེའི་ཐོག་ནས་ང་ཚོས་གུང་ཁྲན་ཏང་མིའི་སྙིང་སྟོབས་ལ་དུས་དང་རྣམ་པ་ཀུན་དུ་ལྡན་པའི་ཐུན་མོང་གི་དོན་སྙིང་མཐོང་ཐུབ་ལ། དུས་སྐབས་མི་འདྲ་བའི་ནང་སྙིང་སྟོབས་ཀྱི་ལྟེ་བ་དེར་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད་དེ། དམིགས་ཡུལ་གྱི་འདུ་ཤེས་ཡོད་པ་དང་། སྔོན་ཐོན་གྱི་བསམ་བློ་ཡོད་པ། བླ་མེད་ཀྱི་སྤྱོད་བཟང་ཡོད་པ། རང་རྒྱུད་ལ་ལ་རྒྱ་ཡོད་པ། བརྩེ་སེམས་ཀྱིས་གཞན་ཡིད་སྒུག་པ། དམིགས་ཡུལ་དང་འདུན་པ་ཡོད་པ། ཕུགས་བསམ་དང་དད་སེམས་ཡོད་པ། འགན་འཁུར་ཕོད་པ་བཅས་ཡིན།

        གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མ་བརྗེད་པར་ལྗིད་འཁུར་མདུན་བསྐྱོད་བྱས་པས་གཟི་བརྗིད་གང་སར་ཁྱབ་ཡོད། ང་ཚོས་རྒྱང་སྐྱོད་ཀྱི་དུས་སྐབས་ལ་ཕྱིར་མིག་ཅིག་བལྟ་དུས། དམར་དམག་གིས་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ཆེད། དམག་དཔུང་འདུ་འཛོམས་བྱས་ནས་བྱང་ཕྱོགས་སུ་བསྐྱོད་ཅིང་། གངས་རི་བརྒྱབ་པ་དང་། རྩྭ་ཐང་བརྒལ་བ། ཤིང་ལྤགས་དང་རྩྭའི་རྩ་བ་སོགས་བཟའ་དགོས་བྱུང་ཞིང་། དཀའ་ངལ་དེ་ཡིས་དུས་དང་རྣམ་པ་ཀུན་ཏུ་དཔོན་དམག་ཚོའི་སེམས་ཤུགས་དང་སྡུག་རུས་ཐེག་ནུས་ལ་ཚོད་བགམ་བྱས་ཏེ། ལྟོགས་ཤི་དང་འཁྱགས་ཤི་ཐེབས་པའི་མི་གྲངས་ཁྲི་ཕྲག་མང་པོ་བྱུང་ཡོད། གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པས་ཟུངས་ཁྲག་བཏོན་ཞིང་ཚེ་སྲོག་བློས་བཏང་བྱས་མཐར་ཉམས་ཉེན་གྱིས་ཁེངས་པའི་ཕྱིར་འཐེན་དེ་གསར་བརྗེའི་རྣམ་པ་གསར་པ་གཏོད་པའི་འགོ་འཛུགས་སར་འགྱུར་བ་དང་། ངན་ལྟས་ཀྱིས་ཁྱབ་པའི་དཀའ་ཚེགས་ཀྱི་རྒྱང་སྐྱོད་དེ་སྤོབས་སེམས་ཀྱིས་ཁེངས་པའི་བརྗིད་ཆགས་ཡིད་དབང་འཕྲོག་པའི་ལོ་རྒྱུས་སྙན་ངག་ཅིག་ལ་འགྱུར་ཡོད། དུས་ད་ལྟའི་བར་དུ་ཡང་། རྒྱང་སྐྱོད་སྙིང་སྟོབས་ལ་ཞིབ་འཇུག་དང་བསྡུ་ལེན་བྱེད་སྐབས་མི་རྣམས་ལ་བློ་བརྟན་འགྱུར་མེད་ཀྱི་དད་གུས་ཡིད་ཆེས་དང་འཛད་མེད་ཀྱི་སྙིང་སྟོབས་འགུལ་ཤུགས་ཀྱང་སྤྲད་ཐུབ། དོན་དངོས་ཀྱིས་ར་སྤྲོད་བྱུང་བར། རྒྱང་སྐྱོད་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་ནུབ་པའི་སྙིང་སྟོབས་རྡོ་རིང་ཞིག་རེད་ལ། རྒྱང་སྐྱོད་ནི་གུང་ཁྲན་ཏང་མིའི་རྩ་ཆེའི་གསར་བརྗེའི་གཞི་རྐྱེན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ཇི་བཞིན། རྒྱང་སྐྱོད་ནམ་ཡང་བྱེད་བཞིན་ཡོད་པས། ཏང་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། “ཐོག་མའི་བསམ་འདུན”མ་བརྗེད་པར་འགན་ཁྲི་བློ་ལ་བརྟན་པོ་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དབར་གྱི་འབྲེལ་བ་དམ་ཟབ་དུ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་དགོས།

        གུང་ཁྲན་ཏང་མིས་བརྩེ་སེམས་མངོན་པར་བྱེད་ལ། དམིགས་ཚད་གཏན་ལ་ཕབ་པས་སྤྱོད་བཟང་གི་ཉམས་སྣང་རྒྱས་བཞིན་ཡོད། ནན་ཧུའུ་མཚེའུ་ཡི་གྲུ་ཆུང་དམར་པོ་ནས་བརྒྱད་གཅིག་མེ་མདའི་དིར་སྒྲ་བར་དང་། ཅིང་ཀང་རི་བོའི་དུང་བརྡ་ནས་རྒྱང་སྐྱོད་ཀྱི་བརྗིད་ཉམས་གླུ་སྒྲ་བར། རི་འགོག་དམག་འཁྲུག་ནས་རྒྱལ་ཁབ་དབུ་བརྙེས་པའི་རླབས་ཆེན་བྱ་གཞག་བར། སྒྱུར་བཅོས་ཀྱི་དཔྱིད་རླུང་ནས་འབྱོར་འབྲིང་གི་འཆར་འགོད་བར། སྲ་མཁྲེགས་ཀྱིས་རུལ་སུངས་ལ་ངོ་རྒོལ་ནས་ཏང་གི་ནན་སྐྱོང་བར་བཅས། ལོ་ངོ་97གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཆེ་སྐྱེད་ངང་མདུན་སྐྱོད་བྱེད་ཐུབ་པ་ནི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་དམིགས་ཡུལ་གྱི་འདུ་ཤེས་དང་དམངས་ལ་བརྩེ་སེམས་བཅངས་བར་བརྟེན་ནས་བྱུང་བ་ཞིག་སྟེ། “བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ”དེ་ཡིན་ལ། དེ་ནི་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་གནས་ལུགས་ཤིག་ཀྱང་རེད། གནམ་འོག་མི་སེར་ཡོངས་ལ་བརྩེ་སེམས་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་དད་སེམས་ཤིག་ཡིན་པ་མ་ཟད། གུང་ཁྲན་ཏང་མིའི་མི་ཆོས་ཀྱི་བསམ་པའི་ནང་སྙིང་ཡང་ཡིན། བསྐྱར་དར་ལམ་བུར་སྐྱོད་དེ་ཀྲུང་གོའི་ཕུགས་འདུན་བསྒྲུབ་དགོས་ན་ངེས་པར་དུ་ཕུལ་བྱུང་གུང་ཁྲན་ཏང་མི་མིག་དཔེར་འཛིན་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དེ་བས་ཡག་པ་འདོན་སྤེལ་བྱས་ན་ཏང་དང་། མི་དམངས། རྒྱལ་ཁབ་བཅས་ལ་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་ངེས་རེད།

        གུང་ཁྲན་ཏང་མིས་ལྷད་མེད་དད་གུས་དང་ཉམས་མེད་འབད་འཐབ་བྱས་པས་ངར་ཤུགས་དྲག་ཏུ་འཕེལ་ཡོད། མི་སྒེར་ཡིན་ཡང་འདྲ། སྲིད་ཏང་ཡིན་ཡང་འདྲ། གང་ལྟར་འཚོ་གནས་དང་གོང་འཕེལ་འགྲོ་དགོས་ན་ངེས་པར་དུ་གཞི་རྩའི་འདེགས་སྐྱོར་རེ་དགོས་པ་དེ་ཉིད་མཐར་ཐུག་ནས་བཤད་ན་དད་གུས་ཞེས་པ་ཡིན་ཅིང་། དེ་ཡང་མི་ཚོས་རིག་གནས་དང་། བསམ་བློ། ཆོས་ལུགས་གང་རུང་ཞིག་ལ་ཡི་རང་དང་བཀུར་སྟི་བྱེད་དགོས་པ་མ་ཟད། དེ་ཉིད་རང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་ལས་ཀའི་ཚད་གཞིར་བརྩི་དགོས། གུང་ཁྲན་ཏང་མིར་དད་གུས་ལྡན་ན་ཁ་ཕྱོགས་རྒྱུད་མངའ་བྱུང་སྟེ་ལམ་ནོར་མི་ཤོར་བ་དང་། དམིགས་ཡུལ་མཐའ་འཁྱོངས་ཀྱིས་གཡོ་འགུལ་མི་ཐེབས་པ། སྒྲིག་ལམ་བརྩི་སྲུང་གིས་ཚད་ལས་མི་འགལ་བ། རང་གཤིས་སྲུང་འཛིན་གྱིས་ངོ་བོ་མི་འགྱུར་བ་བཅས་ཡོང་ཐུབ། དེང་སྐབས། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་ཆབ་སྲིད་དད་གུས་གསལ་པོ་མེད་པ་དང་། ཐ་ན་བསམ་བློའི་འཛིན་སྟངས་ཀྱང་ནོར་འཁྲུལ་ཞིག་ཡིན། དེས་ན་ང་ཚོར་བླང་བྱ་འདི་ལྟར་བཏོན་ཡོད་དེ། ཕུགས་བསམ་དང་དད་སེམས་ཀྱི་འགག་རྩ་དེ་ཐག་གཅོད་གཏོང་དགོས་པ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་དགོས་པ། ཐོག་མཐའ་བར་གསུམ་དུ“གདེང་ཚོད་བཞི”རྒྱུན་འཁྱོངས། གུང་ཁྲན་ཏང་མིའི་དུས་རབས་ཀྱི་དད་པ་བསྐྱར་བཟོ་བཅས་བྱས་ཏེ། སྲ་ཞིང་བརྟན་པའི་དད་གུས་དང་ཏང་གཤིས་དེ་ཉིད་ནམ་ཡང་གུང་ཁྲན་ཏང་མིའི་ཚེ་གང་འཐབ་འཛིང་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩར་འགྱུར་བ་བྱེད་དགོས། དེ་ལྟར་བྱས་ཚེ་རང་རེའི་ཏང་གིས་སྤྱིར་བཏང་བ་ནས་རྨད་དུ་བྱུང་བའི་འབྲས་བུ་གཏོད་ཐུབ་ངེས་རེད།

        གུང་ཁྲན་ཏང་མིས་ལྷག་བསམ་ལ་རྒྱས་འགྲེལ་དང་ནམ་ཡང་རང་གཤིས་མཐའ་འཁྱོངས་བྱས་པས་མི་ཉམས་གཏན་གནས་ཐུབ་ཡོད།--སྤྱོད་པ་ཀུན་གྱི་ནང་ནས་ལྷག་བསམ་རྣམ་དག་གཙོ་ཆེ་ཤོས་ཡིན་ཞེས་པ་ལྟར།--ཏང་ལ་ལྷག་བསམ་རྣམ་དག་བྱེད་རྒྱུ་ནི་གུང་ཁྲན་ཏང་མིའི་ཏང་གཤིས་རྩ་དོན་དང་ཆབ་སྲིད་ཀྱི་ཀུན་སྤྱོད་ཅིག་དང་།--ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གྱི་ཆབ་སྲིད་རྨང་གཞི་ཞིག བྱ་གཞག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་ལེན་བཅས་ཡིན་ཞིང་།--ཏང་གི་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན། ཏང་ལ་ལྷག་བསམ་རྣམ་དག་མཐར་ཕྱིན་པ་བྱས་ཏེ། ཏང་གི་སྐད་ཆ་ཤོད་པ་དང་། ཏང་ལ་སེམས་ཁྲལ་བྱེད་པ། ཏང་གི་བྱ་གཞག་སྒྲུབ་པ་བཅས་བྱེད་དགོས། དེས་ན། རིམ་ཁག་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ངེས་པར་དུ་ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་རང་ཚུགས་ཐུབ་པའི་རྩ་བར་བརྩི་དགོས། ཉེ་དུས་འཚོགས་པའི་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་ལ་ཡང་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ཡོང་བར་བློ་དཀར་དང་སྤྱོད་གཙང་འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་རྒྱུ་ནི་འགག་རྩ་ཡིན་ཞེས་བསྟན་ཡོད་སྟབས། དེའི་ཐོག་ནས་ཏང་ལ་བློ་དཀར་དང་། རང་ཉིད་ཀུན་སྤྱོད་གཙང་བ། འགན་འཁྲི་འཁུར་ཕོད་པ་བཅས་གསུམ་པོ་དེ་ནི་ཁེར་རྐྱང་ཞིག་མ་ཡིན་པར། ཏང་ལ་བློ་དཀར་བྱེད་རྒྱུ་ནི་རང་ཉིད་སྤྱོད་གཙང་དང་འགན་འཁྲི་འཁུར་ཕོད་པའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་ལ། རང་ཉིད་སྤྱོད་གཙང་དང་འགན་འཁྲི་འཁུར་ཕོད་པ་ནི་ཏང་ལ་བློ་དཀར་བྱེད་པའི་རྒྱས་བཤད་དང་འགྲེལ་པ་ཡག་ཤོས་ཤིག་ཀྱང་ཡིན། དེ་དག་གསུམ་པོ་གུང་ཁྲན་ཏང་མིའི་ཏང་གཤིས་ཀྱི་བློ་སྦྱོང་བརྒྱུད་རིམ་ཧྲིལ་པོའི་ནང་དུ་བཅུག་སྟེ་ནང་གི་སེམས་པ་དང་ཕྱིའི་སྤྱོད་པར་འགྱུར་བ་བྱས་ན་དུས་རབས་གསར་པའི་ཁྲོད་དུ་རང་རེའི་རླབས་ཆེན་ཏང་ལ་རྣམ་པ་གསར་པ་ཞིག་དང་མཛད་རྗེས་གསར་པ་ཞིག་ཐོབ་ངེས་རེད་དོ།

(རྩོམ་པ་པོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་ཀྱི་བོད་སྐྱོར་ལས་བྱེད་པ་ཡིན)

བློ་བཟང་བཀྲ་ཤིས་ཀྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1