བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་གསོ་སྐྱོང་བྱེད་དགོས།
ཡང་ཡེན་ཧུད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། དེར་ཐུན་མོང་གི་རང་བཞིན་ལྡན་ལ། རང་ཉིད་ཀྱི་དམིགས་བསལ་ས་གནས་རང་བཞིན་ཡང་ལྡན་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གལ་ཆེའི་འབྱུང་ཁུངས་ཤིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་སྐུལ་འདེད་བཏང་ནས་བོད་ཀྱི་ས་གནས་ཀྱི་མི་རིགས་ཅན་དང་མང་ཚོགས་ཅན་དེ་ངེས་པར་དུ་ས་གནས་དེ་གའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་ཀྱི་གཞི་རྒྱུར་རྐང་པ་འཛུགས་དགོས་པ་དང་། ཧུར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་འཚམ་པའི་གྲུབ་ཆ་སྔོག་འདོན་བྱེད་དགོས་ལ། སྲོལ་རྒྱུན་རིག་གནས་ཀྱི་མཚོན་སྟངས་གསར་གཏོད་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དུས་རབས་རང་བཞིན་དང་། མང་ཚོགས་རང་བཞིན་གོང་མཐོར་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲོད་རྩ་བ་དེ་བས་ལེགས་པར་ཚུགས་ཐུབ་པ་བྱེད་དགོས།
དང་པོ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཚོན་ཚུལ་སྐོར།
བོད་རིགས་དང་། མོན་པ་རིགས། ཀློ་པ་རིགས་སོགས་གྲངས་ཉུང་མི་རིགས་རྣམས་ཀྱིས་ལོ་ངོ་སྟོང་གི་རིང་མཚོ་བོད་ས་མཐོའི་ཐོག་འཚོ་གནས་བྱས་ཏེ་འོད་སྟོང་འཕྲོ་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་གསར་གཏོད་བྱས་ཡོད། དེ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྲོད་ཀྱི་འོད་སྟོང་རྣམ་པར་བཀྲ་བའི་ནོར་བུ་ཞིག་ཡིན་ཞེས་བརྗོད་ཆོག
(གཅིག)-བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་ཕྲ་དབྱེ་བ། སྤྱིར་བོད་མི་རིགས་ཀྱི་རིག་གནས་ཀྱི་དབྱེ་བ་མང་ཞིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པར་གཞིགས་ནས་དབྱེ་ན། གདོད་མའི་སྤྱི་ཚོགས་ཀྱི་བོད་ཀྱི་རིག་གནས་དང་། བྲན་གཡོག་ལམ་ལུགས་སྤྱི་ཚོགས་ཀྱི་བོད་ཀྱི་རིག་གནས། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་བོད་ཀྱི་རིག་གནས། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་བོད་ཀྱི་རིག་གནས་བཅས་ཡོད་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ལ་གཞིགས་ནས་དབྱེ་ན། སྤྱི་ལོའི་སྔོན་གྱི་དུས་སྐབས་ཀྱི་བོད་ཀྱི་རིག་གནས་དང་། ཞང་ཞུང་དུས་སྐབས་ཀྱི་བོད་ཀྱི་རིག་གནས། སྤུར་རྒྱལ་དུས་སྐབས་ཀྱི་བོད་ཀྱི་རིག་གནས། བསིལ་བུའི་དུས་སྐབས་ཀྱི་བོད་ཀྱི་རིག་གནས་བཅས་ཡོད། དེ་བཞིན་ས་ཁོངས་ལ་གཞིགས་ནས་དབྱེ་ན། དབུས་གཙང་ཁུལ་གྱི་བོད་ཀྱི་རིག་གནས་དང་། ཁམས་ཁུལ་གྱི་བོད་ཀྱི་རིག་གནས། ཨ་མདོའི་ཁུལ་གྱི་བོད་ཀྱི་རིག་གནས་བཅས་དབྱེ་ཆོག་པ་དང་། ཆོས་ལུགས་དད་མོས་ལ་གཞིགས་ནས་དབྱེ་ན། སྤྱི་ལོའི་སྔོན་གྱི་དད་མོས་རིག་གནས་དང་བོན་ཆོས་ཀྱི་རིག་གནས། བོད་བརྒྱུད་ནང་བསྟན་གྱི་རིག་གནས་སོགས་དབྱེ་རྒྱུ་ཡོད། འདི་དག་ལས་བོད་ཀྱི་རིག་གནས་ཀྱི་དབྱེ་བ་ཅུང་ཞིབ་ཅིང་ཕྲ་ལ་ཞིབ་འཇུག་ཚགས་ཚུད་ཡོད་པ་མཐོང་ཐུབ།
(གཉིས)-བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩའི་བསམ་བློ་ནི་ཀྲུང་ཧྭ་རིག་གནས་ཀྱི་་གྲུབ་ཆ་གལ་ཆེན་ཞིག་ཡིན།
སྲིད་འཛིན་ས་ཁོངས་འཆར་འགོད་ཐོག་ནས་བརྗོད་ན་བོད་ནི་ཀྲུང་གོ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བསམ་པའི་རིག་གནས་ཀྱི་ཁྱབ་ཁོངས་ཐོག་ནས་བརྗོད་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ལྡན་པའི་འདུ་ཤེས་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩའི་བསམ་བློ་དང་འཚམ་པས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་རྡོ་ལྟ་བུའི་གྲུབ་ཆ་ཞིག་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་མཚོན་པའི་གུ་ཡངས་ཀྱི་བསམ་བློ་ནི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩའི་བསམ་བློ་གཙོ་བོ་ཞིག་ཡིན་ལ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་ཡང་ཡིན། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནང་གི་བྱམས་སྙིང་རྗེ་དང་སེམས་བཟང་། ཀུན་བྱམས་ཀྱི་མི་གཙོ་རིང་ལུགས་ཀྱི་བསམ་བློ་དང་ཀྲུང་གོའི་སྲོལ་རྒྱུན་གྱི་རིག་གནས་ཕན་ཚུན་མཉམ་འདྲེས་ཀྱིས་ཐུན་མོང་ཐོག་གཏིང་ཟབ་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློ་གྲུབ་ཡོད།
(གསུམ) བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དམིགས་བསལ་གྱི་ས་ཁོངས་ཁྱད་ཆོས་ལྡན་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བོད་བརྒྱུད་ནང་བསྟན་གྱི་ཤན་ཤུགས་ཆེན་པོ་ཐེབས་པས་དམིགས་བསལ་གྱི་ས་ཁོངས་ཁྱད་ཆོས་ལྡན་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཁ་ཤས་ཆོས་ལུགས་ཀྱི་ཚད་ལྡན་གྱི་གསུང་རབ་གཞུང་ལུགས་ནང་ལྡན་ཡོད་པ་སྟེ། དཔེར་ན། 《བཀའ་འགྱུར》དང་《བསྟན་འགྱུར》སོགས་ཀྱི་དཔེ་ཆའི་ནང་འཁོད་ཡོད། ཕྱོགས་གཞན་ནས་བོད་ཀྱི་རྩོམ་རིག་དེ་སྲོལ་རྒྱུན་རིག་གནས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པའི་ཆ་ནས་ས་ཁོངས་ཀྱི་ཤུགས་རྐྱེན་ཡང་ཧ་ཅང་ཟབ་མོ་ཐེབས་ཡོད།
གཉིས་པ། བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་དེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་གསོ་འཁྱོངས་་དགོས་པའི་སྐོར།
ལྟེ་བའི་རིན་ཐང་ལྟ་བ་ནི་རྒྱལ་ཁབ་དང་མི་རིགས་རིག་གནས་ཀྱི་གཅིག་བསྡུས་མཚོན་ཐབས་ཤིག་ཡིན་ཞིང་། དེའི་གསོ་སྐྱོང་དང་ལག་བསྟར་ནི་ངེས་པར་དུ་རྒྱལ་ཁབ་དང་མི་རིགས་རིག་གནས་ཁས་ལེན་བྱས་པའི་རྨང་གཞིའི་ཐོག་འཛུགས་སྐྱོང་བྱེད་དགོས། རྨང་གཞི་འདི་ལས་ཁ་བྲལ་ཚེ་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་ཞེས་པ་དྲི་ཟའི་གྲོང་དང་མཚུངས་སོ། བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་བོད་མི་རིགས་ཀྱི་རིག་གནས་ཁྲོད་ཀྱི་ཕུལ་བྱུང་ནང་དོན་རྣམས་ནན་ཏན་གྱིས་སྔོག་འདོན་དང་ལེགས་སྒྲིག མཐོར་འདེགས་བཅས་བཏང་སྟེ་མང་ཚོགས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ལྡན་པའི་རིན་ཐང་ཤེས་རྟོགས་ཐུབ་པ་བྱས་ནས་དེ་བས་ཐད་ཀར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མང་ཚོགས་རང་ཉིད་ལ་ལྡན་པའི་ཁེ་ཕན་ཉམས་སུ་མྱོང་ཐུབ་པ་བྱེད་དགོས། འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་འཕེལ་གཏོང་བའི་དགོས་མཁོ་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་དང་བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་དགོས་མཁོ་ཡང་ཡིན།
མིག་སྔར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བོད་ལ་ལག་བསྟར་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་དང་། སྡེ་ཁུལ་ཐང་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་ཅུང་མང་ཙམ་བྱས་ཡོད་ཅིང་། ཞིང་འབྲོག་མང་ཚོགས་མང་ཆེ་བས་ནང་དོན་ཁ་གསལ་གོ་ཐུབ་ཡོད། འོན་ཀྱང་བསམ་བློའི་ངོས་འཛིན་ཐད་ད་དུང་ཡང་རིག་གནས་ཀྱི་ནང་དོན་ལ་རྒྱུས་མངའ་མ་འདང་བ་མ་ཟད། རིན་ཐང་ལྟ་བའི་ངོས་འཛིན་གཅིག་མཐུན་སོགས་རང་རྟོགས་སུ་གྲུབ་མི་ཐུབ་པ་སོགས་ཀྱི་གནད་དོན་ད་དུང་ལྷག་བཞིན་ཡོད། དོན་དངོས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་མི་དང་། རང་བྱུང་ཁམས་ཞི་བདེ་མཉམ་གནས་སོགས་ཀྱི་འདུ་ཤེས། གྲོན་ཆུང་བབ་ཆགས་ལ་བརྩོན་པ་དང་དགེ་སྒྲུབ་སྦྱིན་གཏོང་ལ་སྤྲོ་བ་སོགས་ཀྱི་བྱེད་སྟངས་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དབར་གཅིག་མཐུན་རང་བཞིན་ཆེན་པོ་ལྡན་ཡོད། དེར་བརྟེན་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འདི་དག་སྔོག་འདོན་དང་ལེགས་སྒྲིག གོང་འཕེལ། དར་སྤེལ་བཅས་བྱུང་ཚེ་བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་ཐུབ་པ་དང་། མི་རྣམས་ཀྱི་རྒྱུན་གཏན་བྱ་སྤྱོད་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སྤེལ་གཏོང་ཐུབ།
2014ལོའི་ཟླ 5པའི་ཚེས 23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་རྟོག་ཞིབ་གནང་སྐབས་གསུངས་པར། “སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་གཏན་ཅན་དང་། ཞིབ་ཕྲ་ཅན། གཟུགས་སྣང་ཅན། འཚོ་བ་ཅན་ལ་འགྱུར་རྒྱུར་དོ་སྣང་བྱས་ཏེ་མི་ཚང་མས་ཤེས་ཚོར་ཐུབ་ཅིང་གོ་བ་ལོན་པ་དང་། ནང་སྙིང་སྟོབས་བརྩོན་ལེན་དང་། ཕྱི་དོན་དངོས་ཀྱི་ལག་བསྟར་དུ་བསྒྱུར་ནས། སྲོལ་བཟང་རྟོགས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པོ་བཅས་བྱེད་ཐུབ་པ་དགོས”ཞེས་རེ་བ་བཏོན་གནང་ཡོད། བོད་ཀྱི་ངོས་ནས་བརྗོད་ན། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལེགས་སྒྲིག་དང་སྔོག་སྤེལ། ཞིབ་འཇུག་བྱེད་པར་རིན་ཐང་གི་གྲུབ་ཆའི་རིམ་པ་མི་འདྲ་བར་གཞིགས་ནས་འཆར་གཞི་ཡོད་པའི་སྒོ་ནས་ལས་དོན་སྤེལ་ཚེ། རིམ་པ་མི་འདྲ་བའི་གྲུབ་འབྲས་ཐོན་ཐུབ་པས། ཕྱོགས་མི་འདྲ་བ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་པར་ཕན་ཐོགས་ཡོང་བ་མ་ཟད། བོད་ཀྱི་ས་གནས་ཁག་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་ཁྱད་ཆོས་ཐོན་རྒྱུར་ཕན་ཐོགས་ཡོང་ཐུབ།
གསུམ་པ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་སྤྱི་ ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ལམ་བུ་གསོ་འཁྱོངས་དགོས་པའི་སྐོར།
སྲོལ་རྒྱུན་རིག་གནས་ཀྱིས་རྟེན་གཞི་དང་རྒྱབ་རྟེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་འཁྱོངས་དང་། ཐབས་ལམ་སྣ་ཚོགས་སྤྱད་དེ་མང་ཚོགས་རྣམས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁོར་ཡུག་ནང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་ཐུབ་པ་བྱེད་དགོས།
(གཅིག)-སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོང་དང་དྲིལ་བསྒྲགས།--གསར་གཏོད་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་།--མང་ཚོགས་ཀྱི་རིག་གནས་རང་རྟོགས་དང་གདེང་ཚོད་ཇེ་ཆེར་གཏོང་དགོས། དེ་ཡང་ཐོག་མར་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གསར་འགྱུར་འཕྲིན་སྦྱོར་ལ་བརྟེན་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་དྲིལ་བསྒྲགས་བྱེད་དགོས་པ་དང་།-བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རང་རྟོགས་དང་གདེང་ཚོད་གོང་མཐོར་གཏོང་དགོས།-དེ་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་།-དམངས་འཚོའི་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།-བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་བསམ་པའི་འགུལ་ཤུགས་མཁོ་འདོན་བྱས་ཏེ་འཚོ་བའི་ནང་རིག་གནས་མཉམ་འདྲེས་བྱེད་དུ་འཇུག་དགོས་ལ། སྒྱུ་རྩལ་དེ་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དུ་འཇུག་ཅིང་། ལས་འགུལ་དེ་གཞི་རིམ་དུ་སྐྱེད་སྲིང་ཐུབ་པ་དགོས། མཐར་ཁྲོམ་ར་དང་རིག་གནས་ཀྱི་འབྲེལ་བ་དམ་ཟབ་བྱས་ཏེ། རིག་གནས་འཕེལ་རྒྱས་ཀྱིས་དཔལ་འབྱོར་ལ་ཕན་འབྲས་གཏོད་དགོས་ལ་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།
(གཉིས)-སྲོལ་རྒྱུན་རིག་གནས་ཀྱི་མཚོན་སྟངས་དང་བྱེད་ཐབས་གསར་པ་གཏོད་དེ། མང་ཚོགས་རྣམས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་གསོ་སྐྱོང་བྱེད་དགོས། དེ་བཞིན་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་གསར་གཏོད་དང་འགྱུར་ལྡོག་བསྐྱར་མ་ཐུབ་པ་བྱས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་ལྟེ་བའི་དགོངས་པ་དང་ཕུལ་བྱུང་གི་བསམ་པའི་གཤིས་རྒྱུད་དག་དམིགས་བསལ་གྱི་སྒྱུ་རྩལ་མཚོན་སྟངས་ལམ་ནས་མངོན་དགོས་པ་དཔེར་ན། དངོས་འབྲིའི་ཟློས་གར་ཆེ་གྲས《འུན་ཤིན་ཀོང་ཇོ》ལྟ་བུས་རྒྱ་ཆེའི་མང་ཚོགས་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མཉམ་འདྲེས་ནུས་ཤུགས་དང་། ཡིད་དབང་འཕྲོག་ཤུགས་གང་ལེགས་ཚོར་ཐུབ་པ་བྱེད་དགོས། ཕྱོགས་གཞན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་འགྱུར་ལྡོག་བསྐྱར་མ་དང་“ཐུམ་སྒྲིལ་བསྐྱར་མ”བྱས་པ་ལ་བརྟེན་ནས་ལྟེ་བའི་རིན་ཐང་ལྟ་བ་དེ“ཡུལ་ལུང་ཅན”དང་“འཚོ་བ་ཅན”“མང་ཚོགས་ཅན”དུ་འགྱུར་བ་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་བརྩེ་སེམས་ཇེ་མཐོར་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་གསོན་ཤུགས་ཀྱི་ནུས་པ་དང་གོ་སྐོན་བློ་འགུག་ནུས་པ། འཐབ་འཛིང་ནུས་པ་བཅས་ལྡན་པ་བྱེད་དགོས།
(གསུམ) མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནུས་པ་འདོན་སྤེལ་བྱེད་དགོས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནི་མི་རིགས་རིག་གནས་སྣེ་མང་ཅན་གྱི་གསོན་ཉམས་ལྡན་པའི་གཞི་རྟེན་ཡིན་པས། མི་རིགས་ཁག་གི་རིག་གནས་ཀྱི་ཁྱད་ཆོས་ཉར་ཚགས་དང་རྒྱུན་འཛིན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་གསོ་སྐྱོང་བྱེད་པའི་གལ་ཆེའི་འབྱུང་ཁུངས་ཤིག་ཡིན། དེར་བརྟེན་སྲོལ་རྒྱུན་རིག་གནས་ཀྱིས་གཞི་རྟེན་དང་གར་སྟེགས་བྱས་ནས་རིག་གནས་ཀྱིས་མི་གསོ་སྐྱོང་དང་ཤུགས་རྐྱེན་ཐེབས་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གསོ་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་། སློབ་གསོ་དང་དོན་དངོས་ཟུང་འབྲེལ། སློབ་གསོ་དང་རོལ་རྩེད་ཟུང་འབྲེལ་ཐུབ་པ་བྱས་ནས་དོན་དངོས་ནང་ནས་སློབ་གསོ་ཐེབས་པ་དང་། རོལ་རྩེད་ཁྲོད་ནས་དགའ་མོས་འཕེལ་བ་བྱེད་དགོས། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤེས་ཚོར་དང་། ཤེས་རྟོགས། རྒྱུས་མངའ། ངོས་འཛིན་བཅས་ཐུབ་པ་བྱེད་དགོས།--དེ་བཞིན་སྲོལ་རྒྱུན་དུས་ཆེན་དང་།--མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་གཞི།--དངོས་མང་བཤམས་སྟོན་ཁང་། དཔེ་མཛོད་ཁང་སོགས་སྤྱི་པའི་སློབ་གསོའི་རྟེན་གཞི་བཀོལ་སྤྱོད་གང་ལེགས་བྱས་ཏེ་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་དེ་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་སར་སྐྱེད་སྲིང་ཐུབ་པ་བྱེད་དགོས་ལ། མང་ཚོགས་རྣམས་དུས་དང་རྣམ་པ་ཀུན་ཏུ་སྐྱོན་བྲལ་རིག་གནས་ཀྱི་ཁོར་ཡུག་ནང་རོལ་དུ་འཇུག་དགོས།
བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པའི་གལ་ཆེའི་འབྱུང་ཁུངས་ཤིག་ཡིན་པའི་ངོས་ནས་གོམ་གང་མདུན་སྤོས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱེད་དགོས་པ་དང་། དུས་རབས་ཀྱི་རེ་བ་དང་ཟུང་འབྲེལ་བྱས་ཏེ་རྒྱུན་འཛིན་ཁྲོད་གསར་གཏོད་འཕེལ་རྒྱས་གཏོང་དགོས་ཤིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་སར་སིམ་འཛུལ་ཐུབ་པ་བྱེད་དགོས། དེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་བོད་ཀྱི་ས་གནས་ཀྱི་མི་རིགས་ཅན་དང་མང་ཚོགས་ཅན་ལ་སྐུལ་སྤེལ་བཏང་སྟེ་མི་རྣམས་ཀྱི་བརྩེ་སེམས་ཁས་ལེན་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་འགྱུར་ཐུབ་པ་བྱེད་དགོས་སོ། (རྩོམ་པ་པོའི་ལས་ཁུངས། ཀྲུང་གུང་ཆབ་མདོ་གྲོང་ཨུད་ཀྱི་ཏང་གི་སློབ་གྲྭ།)
པད་མ་དབང་ཆེན་དང་བློ་བཟང་གིས་བསྒྱུར།