ཕྱིར་མིག་སྐྱ་བོ།

ཁང་གསར་ཚེ་དབང་རིག་འཛིན། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26



        མོ་ལོ་སུམ་ཅུར་བུད་མ་ཐག་པའི་བདེ་སྐྱིད་ལྷ་མོའི་གདོང་ནི།གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་མཐོང་རྒྱུ་ཡོད་པའི་སྤྲ་མི་ཞིག་ལྟར་ནག་ཅིང་།ཐོད་པ་དང་འགྲམ་རུས་སོགས་རུས་པ་དག་ཕྱི་ལ་འབུར།མིག་དང་འགྲམ་ཤ་སོགས་སྟེ་ཤ་ལས་གྲུབ་པ་དག་འཕྲུལ་ཆས་གང་ཞིག་གིས་འཇིབ་སོང་བ་ལྟར་ནང་དུ་བརྡིབས་ནས་སྟོང་བར་གྱུར་བ་དག་སྤགས་ཀྱིས་བཏུམས་པ་ཙམ་མ་གཏོགས་ཐོད་སྐམ་གྱི་གཟུགས་ཤིག་ལས་མི་འདུག སྔོན་མར་ཆ་ཡོད་ཀྱི་མི་ཞིག་གིས་མཐོང་ཚེ་རང་གི་མིག་ལ་རང་ཉིད་ཡིད་མི་ཆེས་པའམ། ཡང་ན་སྐད་ཅིག་མ་དེར་ལུས་ལ་གློག་འཁྱུད་པ་ལྟ་བུའི་སྙིང་རྗེ་དང་ཡིད་ཕངས། སྐྲག་སྣང་སོགས་མཉམ་དུ་འདྲེས་པའི་ཚོར་བ་སྔར་ན་བྱུང་མ་མྱོང་བ་ཞིག་སྐྱེ་བར་བྱེད་ལ། མི་ཆ་མེད་ཅིག་ཡིན་ན་བཙོག་སྣང་གིས་མོའི་གདོང་ལ་ཐད་ཀར་བལྟ་མི་ཕོད་པའི་མི་སྡུག་པའི་གཟུགས་ཤིག་ཏུ་གྱུར་ཡོད།

        ཚེར་མའི་ཕུང་བོ་ལས་གྲུབ་པའི་ནད་ཁྲི་དཀར་པོའི་སྟེང་ནས་གཡས་གཡོན། གན་རྐྱལ།ཁ་སྦུབ་སོགས་ཉལ་སྟངས་ཇི་ལྟར་བརྗེས་ཀྱང་བདེ་བ་རྟ་རྔའི་ཉག་མ་ཙམ་ཡང་ཐོབ་ཏུ་མེད། ལྷག་པར་དུ་མོའི་མིག་ལམ་དུ་མངོན་པའི་ནད་ཁང་དཀར་པོ་དང་། སྨན་པ་གོས་དཀར་ཅན་དེ་དག་ནི་གཤིན་རྗེའི་བཙོན་ར་དང་ལས་མཁན་མཚོན་རྣོན་ཐོགས་པ་ལྟ་བུ་ཁོ་ན་ལས་སྣང་རྒྱུ་མེད།དེ་བཞིན་དུ་ཉིན་མཚན་དུས་དྲུག་ཏུ་རང་ཉིད་ཁྱི་ལྟར་འདོགས་བྱེད་ཀྱི་གནམ་ནས་མར་དཔྱངས་པའི་སྨན་གྱི་འགྱིག་སྣོད་དང་ཤེལ་དམ་དག་ལས་བར་མེད་དུ་འབབ་པ་དག་ནི་སྦྲ་ནང་གི་ཐིགས་ཆུ་ལྟར་གྲང་ཞིང་།ནད་འཇོམས་ཀྱི་སྨན་ཞིག་དང་མི་འདྲ་བར་ཟུག་རྔུ་འབྱིན་པའི་གཡབ་མོ་ཞིག་ལྟར་ལུས་ཀྱི་རྩ་རྒྱུད་དུ་བར་མེད་ཟགས་པས་དེ་བས་ཀྱང་སུན་སྣང་བསྐྱེད།གཞན་ཡང་མོས་ཚིག་འབྲུ་གཅིག་ཀྱང་མི་གོ་བའི་འདྲེ་སྐད་དག་གིས་སྒོ་ཕྱི་ཁྱིམ་མེད་པར་གང་འོངས་པ་དག་བྲག་ཅར་འཁྱིལ་བཞིན་མོ་རང་གསོ་རྒྱུ་ཡིན་ནམ་གསོད་རྒྱུ་ཡིན་ཅི་ཞིག་ཡང་ཡང་འཆད།

        “ཨ་ཅེ། ད་ཁྱོད་ཀྱིས་འདི་ཅུང་ཙམ་འཐུང་དང་། ཤ་ཁུ་ཡིན”ཞེས་ངག་འཇམ་འཇམ་ངང་ནུ་མོས་དཀར་ཡོལ་གྱི་ནང་དུ་ཅི་ཞིག་བླུགས་ནས་བདེ་སྐྱིད་ལྷ་མོའི་ལག་ཏུ་དལ་གྱིས་བཞག “དཀལ་ཡོལ་འདི་སྔོན་ཆད་ནོར་ལྷས་སུ་འབྲི་མོ་བཞོས་པའི་འོ་མས་གང་བའི་ཟེའུ་བཞིན་དུ་ལྕི”སྙམ། མོས་སྡོང་སྐམ་ལྟ་བུའི་ལག་ཟུང་གིས་ཤུགས་ཀྱིས་བཀྱགས་ནས་ཁ་ལ་ཁྱེར། ཧུབ་གཅིག་ཙམ་བྱེད་རྒྱུའང་ཇི་འདྲའི་དཀའ།ཟས་འདི་ནི་མངར་སྐྱུར་ཁ་ཚ་གང་ཡང་མེད་པའི་ཆུ་རྒོད་ཅིག་དང་མཚུངས་པས་འཐུང་འདོད་ཀྱི་ཡི་ག་གཏིང་ནས་འཆུས།

        མགོ་ལ་ཞྭ་དཀར་གྱོན། མིག་ཟུང་ཤེལ་གྱིས་གཡོལ། ཁ་ཡོལ་དཀར་པོས་མཆུ་སྣ་ཡོངས་སུ་བཏུམས་སྟེ་སྐྱག་པ་ལ་རེག་གིན་པ་མིན་ནམ་སྙམ་པའི་སྨན་གཡོག་མས་ལག་ཏུ་ཁྲལ་ཁྲོལ་མང་པོ་བཟུང་ནས་ཐོན།

        བདེ་སྐྱིད་ལྷ་མོ་གན་རྐྱལ་དུ་ལོག་ནས་ཏིག་ཙམ་ཏིག་ཙམ་འབབ་པའི་སྨན་ཆུ་ལ་བལྟས། གནམ་ནས་ཐུར་དུ་དཔྱངས་པ་དེ་ནི་རང་གི་ལག་མགོར་བསྐོན་པའི་གཤིན་རྗེའི་ཞགས་ཐག་ཏུ་སྣང་། མོ་མྱུར་བར་མི་ཡུལ་འདིར་བྲལ་ནས་གཤིན་རྗེའི་བཙོན་རར་འཁྲིད་རྒྱུ་ཡིན་སྣང་ཤར། མོས་སྙིང་ལ་རྗེ་བའི་བུ་ཕྲུག་གཉིས་ཀ་དྲན་ནས་ངུ་སྙིང་འདོད། ཡིན་ནའང་གདོང་ནི་ཡུན་རིང་ཙད་ཀྱིས་སྐམ་པའི་ཆུ་མིག་ཅིག་ལྟར་གཤེར་ཁུ་མ་བྱུང་། “ང་འདི་ལྟར་འཇིག་རྟེན་འདི་དང་ཁ་བྲལ་སོང་ན་ལག་ཆགས་མེད་པའི་བུ་ཕྲུག་བསམ་མེད་གཉིས་ཀྱིས་ཅི་ཞིག་བྱེད། སྙིང་གི་གཅེས་ལོ་གཉིས་ཀྱིས་ད་ཚོད་ཅི་ཞིག་བྱེད་ཀྱིན་ཡོད་དམ། འཁྱག་གིན་ཡོད་དམ། ལྟོགས་ཀྱིན་ཡོད་དམ། ཁོ་གཉིས་ཀྱི་ཨ་ཕ་ནི་རྐྱལ་སྟོང་ཀླད་མེད་སྒོ་ཁའི་ཁྱི་ལས་ཀྱང་སྡུག་ཐུག་ཅིག་མིན་ཡང་ཅུང་དྲག” མོས་དེ་ལྟར་བསམ་གྱིན་བསམ་གྱིན་འདས་སོང་གི་གཏམ་རྒྱུད་ཅིག་གི་ཀློང་དུ་དྲངས། ཉིན་དེ་ནི་སྐར་མ་རྒྱལ་དང་གཟའ་ཕུར་བུ། ལེགས་པ་བརྒྱད་བཅས་འཛོམས་པའི་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་ལེགས་པའི་ཉི་མ་ཁྱད་པར་བ་ཞིག་ཡིན་རབས་ཟེར། བདེ་སྐྱིད་སྒྲོན་གྱིས་ཁ་ལག་གཙང་མར་བཀྲུས་ཤིང་། སྐེད་པའི་མཚམས་སུ་སླེབས་པའི་སྐྲ་ལོ་རྒྱ་ལྕང་གི་ལོ་མ་འདྲ་བོ་བསླེས་ནས་རྒྱབ་གཡས་གཡོན་གཉིས་སུ་བསྣར་ཞིང་། སྣེ་མོ་རྒྱབ་ཕྱོགས་ཀྱི་སྐེད་པ་ནས་མཉམ་དུ་སྦྲེལ་ཡོད། འགྲམ་པ་ཟུང་ནས་དམར་ཆུང་བྱུ་རུའི་སྐྲ་འཐེན་གྱིས་བརྒྱན་པ་སྐེ་ལྟག་ཏུ་སྦྲེལ། སྤོས་ཤེལ་དང་བྱུ་རུས་གྲུབ་པའི་རལ་རྒྱན་རིང་མོ་སྤྱི་གཙུག་ནས་རྒྱབ་ཏུ་བསྣར་བ་འཕོངས་མགོར་ཐོན། སྐེ་ལ་གཡུ་བྱུར་གྱི་སྐེ་རྒྱན་རིང་ཐུང་གཉིས་གྱོན། བོད་ལུགས་ཀྱི་ནང་འཇུག་ལྗང་གུའི་སྟེང་དུ་གོས་འཇམ་ནག་པོས་གཡོག་པའི་ཚར་དཀར་གྱོན། རྒྱབ་ཕྱོགས་སུ་ཁུག་པ་ཅན་བསྣར་བའི་སྐ་རགས་དམར་པོའི་སྟེང་དུ་དངུལ་ཆབ་སྒྲོག རྐང་ལ་འོད་འཁྱིལ་བའི་དེང་རབས་གོ་ལྷམ་དམར་སྨུག་གྱོན། དངུལ་གྱི་བཞོན་མཆར་བྱུ་རུའི་ཕྲ་ཅན་དང་གློ་ཟུང་སོགས་སྐེད་པར་བསྣར། བྱིས་པའི་དུས་ནས་ཡིད་ལ་བརྣགས་པའི་གསེར་གྱི་རྣ་ལུང་བྱུ་རུའི་ཕྲ་བཏབ་པ་ཅན་གཉིས་ཁྲ་ཆུང་མིག་ཟུང་གི་གཡས་ཟུར་དང་གཡོན་ཟུར་དུ་འགུལ་ཙམ་འགུལ་ཙམ་བྱེད་ཅིང་། མགོ་བོ་སྒུར་བའི་ཚེ་མིག་ཟུར་གྱིས་གསེར་མདངས་འཕྲོ་བའི་ཡིད་འོང་གི་རྒྱན་ཆ་གཉིས་མཐོང་ཙམ་མཐོང་ཙམ་བྱེད་ལ། དེས་ནི་རང་གི་གདོང་ལ་མཛེས་སྡུག་གི་གཟི་མདངས་སྔ་ན་མེད་པ་ཞིག་སྟེར་གྱིན་པའི་སྣང་བ་བྱུང་། “ཨ་མའི་མ་གཅེས། ངའི་བུ་མོ་དངོས་གནས་མཛེས་པ་ལ”  “ཨ་ཕའི་ཕ་གཅེས། ཡ། ཁ་ཚུར་ལ་འཁོར་དང་། ཁ་ཕར་ལ་འཁོར་དང་། གྱོན་པ་དང་རྒྱན་ཆ་ཧ་ཅང་འཕྲོད་པོ་འདུག”  “མ་ལོ་དཀོན་མཆོག་གསུམ་གྱིས་སྐྱོབས”ཕ་མ་གཉིས་ལ་རང་ཉིད་གསར་དུ་སྐྱེས་པ་བཞིན་དགའ་སྤྲོའི་འཛུམ་མདངས་གནོན་མི་ཐུབ་པ་ཞིག་གིས་རང་ལ་བསྟོད་བསྔགས་ཡང་ཡང་བྱེད། དེ་བཞིན་དུ་རང་གི་ཁོར་ཡུག་གི་མིང་སྲིང་དང་གཉེན་ཉེ་ཐམས་ཅད་ཀྱིས་རང་ལ་ཡང་ཡང་བལྟ་ཞིང་། ཡིད་ཚིམ་པའི་རྣམ་འགྱུར་ཅི་ཡང་སྟོན།

        ཤར་རིའི་རྩེ་ནས་རྟ་བདུན་དབང་པོའི་ཟེར་མ་འོད་ཀྱི་ལེ་བ་དེ་ཉིད་ས་གཞིར་འཕྲོ་མགོ་བརྩམས་པའི་དུས་སུ། མོ་རང་ཕ་མ་གཉིས་དང་གཉེན་ཉེ་རིང་མང་པོས་རུབ་རུབ་འོག་རྟ་དཀར་དཀར་མར་ལོ་འདྲ་བ་དེར་བསྐྱོན། ཨ་ཞང་དང་ཕ་སྤུན་ཀྱི་མིང་པོ་སོགས་གཉེན་ཉེ་སྐྱ་མི་འགའི་སྐྱེལ་མའི་འོག་གནས་ལ་ཆས། འཇིག་རྟེན་གཏམ་དཔེར“བག་མ་ངུ་ཞོར། ཡོབ་ཆེན་བཙལ་ཞོར”ཞེས་ཟེར་བ་ནི་བདེན་གཏམ་ལྕགས་ཀྱི་ཐེལ་ཅན་ཞིག་རེད་ཨང་། སྤྱིར་དེ་རིང་ནི་རང་ལ་མཚོན་ན་མི་ཚེ་གཅིག་གི་དོན་བྱ་ཆེས་ཆེན་པོའམ་བཀྲ་ཤིས་པའི་ཉིན་མོ་ཞིག་ལགས་པས་དགའ་དགའ་སྤྲོ་སྤྲོའི་ངང་ལམ་ལ་ཆས་དགོས་མོད། རྟ་ལ་བཞོན་ནས་ཕ་མ་གཉིས་ཀྱི་གདོང་ལ་བལྟས་ཙམ་གྱིས་མིག་ཆུ་ནི་ཕྲེང་ཐག་ཆད་པའི་མུ་ཏིག་གི་རྡོག་པོ་ལྟར་འཐོར། “སྐྱིད་ཉི་མ་འདྲ་བོ་ཁྱོད་ཀྱིས་ཁྱེར། གཡང་རྒྱ་མཚོ་འདྲ་བོ་ང་ལ་ཞོག” “གནས་སར་ཁ་ལས་དགེ། བསམ་པ་ལམ་ལ་འགྲོ”སོགས་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་བརྗོད་པ་དག་ཀྱང་རབ་བེ་རིབ་བེ་ཞིག་ལས་མ་ཐོས།

        དེ་ལྟར་མོ་རང་སྐྱེལ་མཁན་གྱི་གཉེན་ཉེ་ཚོ་ལས་མང་ཕྱོགས་ཀྱིས་སྒོ་ཕྱུགས་ཁལ་མ་དང་བཅས་པའི་རྫོངས་པ་རྣམས་དེད་ཅིང་རྗེས་ནས་འོང་། ཨ་ཞང་སོགས་ཉུང་ཤས་ཤིག་གིས་མོ་བསྐྱལ་དེ་སྔོན་དུ་བསྐྱོད།

        ཞོགས་པ་དེར་ནམ་མཁའ་གཡའ་དག་པ་སྟེ་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་ཉི་མའི་ཟེར་མདངས་དྲོན་མོ་སྤངས་ལྗོངས་ཡོངས་སུ་ཁྱབ། ཡིན་ནའང་མོའི་ཡ་ཆུང་སེམས་ཀྱི་ནམ་མཁར་དགའ་སྐྱོ་བསྣོལ་མས་གྲུབ་པའི་སྤྲིན་པ་འཁྲིགས་པ་རླུང་གིས་དེད་ཅིང་སྟེང་འོག་བརྗེ། ཨ་ཞང་གིས“བདེ་སྐྱིད་ལྷ་མོ། ད་ནི་སོ་སོ་ལག་ཆགས་ནས་འཇིག་རྟེན་འཁོར་བ་རང་གིས་སྐྱོང་བའི་ཚད་ལ་ཐོན་པ་ཡིན་པས། ཕ་མའི་རྩིབ་ལྟར་གཅེས་ལངས་བྱེད་ས་དང་ཁག་འགན་དཀྲི་ས་མེད་པ་ཤེས་པར་གྱིས། དེ་ནས་རང་གི་བཟའ་ཚང་ལ་བརྩི་བཀུར་དང་ཁྱིམ་མཚེས་གཡས་གཡོན་ལ་འགྲིག་མཐུན། སྒོ་ཕྱི་ནང་གི་ལས་ཀར་འབད་པ་བྱས་ཏེ་རང་སྐྱིད་གཞན་སྨོན་ཞིག་འོང་བར་ཤུ་རེམ་བྱོས”སོགས་ཁ་ཏ་བསླབ་བྱ་གང་མང་མང་ཞིག་གླེང་སོང་། མོས་ཨ་ཞང་ལ་འཐད་པའི་བརྡར“འུན” “འུན”ཞེས་པ་ཙམ་ལས་བཀའ་དྲིན་ཞུ་བའི་ཚིག་གཅིག་ཀྱང་ངག་སྒོ་ལས་མ་ཐོན། རྒྱུ་མཚན་ནི་གལ་ཏེ་མོས་སྐད་ཆ་རེ་ཟུང་བཤད་ན་ངུ་ངག་འདྲེས་མ་ཡིན་ཚོད་འདུག་པས་བཟོད་བསྲན་མི་བྱེད་ཐུ་མེད་བྱུང་།

        མོ་སྐྱེལ་སའི་ལམ་ནི་སྐྱ་མིའི་ཉིན་ཕྱེད་ཙམ་དུ་འགྲོ་དགོས་ས་ཞིག་ཡིན་ལ། ལམ་བར་དུ་དུད་ཁྱིམ་ཐར་ཐོར་མང་པོ་འདུག ཁྱིམ་ཚང་ལ་ལས་ཆུ་བླངས་ནས་འགྲོ་བཞིན་ཡོད་པར་ཨ་ཞང་སོགས་ཀྱིས“དཀོན་མཆོག་གསུམ་ལ་མཆོད། རྗེ་བཙུན་འཕགས་མ་སྒྲོལ་མར་མཆོད། མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ་མཆོད”སོགས་ཟེར་བཞིན་ཞྭ་ཕུད་ནས་རྟེན་འབྲེལ་གྱི་ཁ་གཡང་སྒྲོག་ཅིང་། ཁྱིམ་ཚང་གཅིག་གཉིས་ཤིག་གིས་ཟོམ་སྟོང་ཁུར་དེ་ཆུ་ལེན་པར་འགྲོ་བཞིན་པ་མ་མཐོང་ཁུལ་བྱེད་པའམ་“སྟོང་བ་མྱུར་དུ་གང་རྒྱུ་རེད། ཡག་གི་ཡག་གི”ཞེས་ཟེར་ནས་མོའི་སེམས་པར་མཐུན་ཐབས་བྱེད། ཡིན་ནའང་མོའི་སེམས་སུ“དེ་རིང་ནི་ངའི་མི་ཚེ་གཅིག་གི་དོན་ཆེན་ཞིག་གི་འགོ་བརྩམས་པའི་ཉིན་མོ་ཡིན་པས། ཟོམ་སྟོང་འདིས་ངའི་མ་འོངས་པའི་ཁྱིམ་ཚང་ལ་ཆག་སྒོ་རེ་འབྱུང་བ་མིན་ནམ”སྙམ་ནས་རྣམ་རྟོག་ངན་པ་ཞིག་བསླངས། ཕྱིར་དྲན་གྱི་རྟོག་འགྱུ་མཚམས་དེར་སླེབས་པ་ན། བདེ་སྐྱིད་ལྷ་མོས་རང་གི་ཁོག་པ་ར་རྐྱལ་གི་དབུགས་ཕུད་པ་ལྟ་བུ་དེར་དལ་གྱིས་རེག་རེག་བྱས་པ་ན་སྔོན་གྱི་ཟོམ་སྟོང་དེས་ད་ལྟའི་ཆག་སྒོ་འདི་མཚོན་པ་མིན་ན་ཅི་སྙམ་ནས་ཟོམ་སྟོང་ཁྱེར་མཁན་གྱི་བུད་མེད་དེར་ཁོང་ཁྲོ་ལངས། ཁོང་ཁྲོ་ལངས་པས་མོའི་ལུས་ཀྱི་ཟུག་གཟེར་ཡང་དེ་ལྟར་ལངས། ཟུག་གཟེར་ལངས་པས་རྣམ་རྟོག་གི་སྐྱེ་སྒོ་གཞན་དག་ཡོངས་སུ་བཅད། ཨམ་ཙིག་བསྡམས་ཤིང་གདོང་ལ་གཉེར་རིས་སྡུད།


        ཚེར་ཕུང་ལྟ་བུའི་ནད་ཁྲིའི་སྟེང་དུ་བདེ་སྐྱིད་ལྷ་མོ་ལ་གཉིད་ཀྱི་བདེ་བ་ཞེས་པ་ཞིག་ཡེ་མེད། གཉིད་མེད་པས་མོ་ལ་ཉིན་དང་མཚན་མོ་ཞེས་འཇིག་རྟེན་གྱི་སྲོག་ལྡན་ཕལ་མོ་ཆེས་སྤྱོད་བཞིན་པའི་རྣམ་བཞག་དེའང་མེད་པར་གྱུར། མོའི་ནད་གཡོག་སྲིང་ཆུང་མས་སྔུར་བ་ཕྲན་བུ་ཞིག་འཐེན་ནས་གཉིད་ལ་རོལ་གྱིན་ཡོད། མོས་ད་ལྟ་གཞན་གྱི་གཉིད་ལ་ཡིད་སྨོན་དྲག་པོ་ཤོར། “སྔོན་ཆད་གཉིད་ཅེས་པ་དེ་འདྲའི་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་ཡིན་པར་མཉམ་འཇོག་མ་བྱས། མ་སེམས་ཅན་ཐམས་ཅད་གཉིད་ཀྱི་ཞིང་ཁམས་འགྲིམ་དུས་རང་ཉིད་ནི་ཕ་ཡུལ་གྱི་འུག་རྒན་ཞིག་ལྟར་སངས་འོང་། ད་ནི་རང་གི་མིང་ལ་བདེ་སྐྱིད་ལྷ་མོ་ཞེས་འབོད་མི་འོས་པར་མི་བདེ་འདྲེ་མོ་ཞེས་བཏགས་ན་འཚམ། མཚན་མོར་གཉིད་དུ་མེད་པ་ནི་གནའ་གཏམ་ཁྲོད་བཤད་པའི་འདྲེ་མིན་ན་ཅི་ཡིན། ནུ་མ་གཡས་པ་ཐང་དུ་དྲུད་ཅིང་ནུ་མ་གཡོན་པ་ཕྲག་པར་གཟར་བའི་འདྲེ་མོ་མངོན་རྒྱུག་ཅིག་མིན་ན་ཅི་ཡིན”སོགས་རྣམ་རྟོག་གི་འགྱུ་བ་བཙོག་པོ་ཞིག་གི་ཁྲོད་དུ་གཡེང་། དེར་མཐུད་ནས་རང་ཉིད་ད་ལྟ་མི་གྲལ་དུ་མེད་པར་འདྲེ་གྲལ་དུ་འགྲོ་དགོས་པ་འདི་ཡོད་ཚད་ཀྱི“ནད་ཀྱི་རྩ་བ། གདོན་གྱི་འབྱུང་ཁུངས”ནི་རང་གི་བཟའ་ཟླ་དང་ཡང་ན་མཚན་མོ་དེར་བཙན་ཤེད་ཀྱིས་རང་ལ་བརྙས་བཅོས་བྱས་པའི་སྐྱེས་པ་ཆ་མེད་གཉིས་ཡིན་ངེས་སྙམ་ནས་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར།

        མོ་དེ་ལྟར་ཁོང་ཁྲོ་ལངས་ཐེངས་རེ་རེར་ཡིད་ལ་ལེན་མི་འདོད་པའི་མཚན་མོ་དེ་མི་འདོད་བཞིན་དུ་ཀླད་པར་འཚང་འོང་། དེ་ནི་ལོ་ངོ་བཞི་ལྔ་ཞིག་གི་སྔོན་ཏེ། མཁའ་དབུགས་ལ་གྲང་རེག་སྦྲུམ་པའི་སྟོན་མཇུག་ཅིག་ཡིན། སྤྱིར་སྡེ་བའི་ཁྱིམ་ཚང་དག་སྟོན་ས་ནས་དགུན་སར་རུ་སྤོ་བའི་དུས་ཚོད་ལ་ཐོན་ནས་ཉིན་ཁ་ཤས་འགོར་སོང་མོད། མོའི་བཟའ་ཟླ་ཉིན་ཉི་ཤུ་ཡས་མས་ཤིག་གི་སྔ་རོལ་ནས་གཡག་གཉིས་དང་འབྲི་གཅིག་དེད་དེ་རྫོང་མཁར་དུ་འཚོང་བར་སོང་བ་ནས་ཕྱིར་འོང་རྒྱུ་མེད་པས། བདེ་སྐྱིད་ལྷ་མོ་དང་བྱིས་པ་ཆུང་ཆུང་གཉིས། སྦྲེའུ། ནོར་དྲུག་ཅུ་ཡས་མས། ཁྱི་རྒན་རྒྱ་ནག་སོགས་ཁྱིམ་མཚེས་གཞན་དག་དགུན་སར་བབས་རྗེས་ཀྱི་སྟོན་སའི་ཤུལ་དུ་ལུས་སོང་། མོས་ཞོགས་པ་ནས་དགུང་མོ་མུན་རུབ་པའི་བར་སྨད་ཕྱོགས་ཀྱི་ལམ་མདོར་བལྟས་ཏེ་ཁྱོ་ག་འོང་བར་རེ་སྒུག་བྱས། བལྟས་ཀྱིན་བལྟས་ཀྱིན་སྐབས་རེར་མིག་འཕྲུལ་ནས་ནག་ཡོར་རེ་བ་ཞིག་འོང་གིན་འདུག་པས་ད་ནི་སྐྱིད་པ་ལ། ཁོ་རང་སླེབས་སོང་སྙམ་ནས་མྱུར་བར་ཁྱིམ་དུ་བརྒྱུགས་ནས་ཐབ་ལ་མེ་བཏང་ནས་སྒོར་བུད་དེ་བལྟས་པ་ན། ལམ་མདོ་དེར་གང་དང་ཅི་ཡང་མཐོང་རྒྱུ་མེད། མོས་སླར་ཡང་སྟོང་ཤུར་ཤུར་གྱི་ཁྱིམ་མཚེས་ཚོའི་མཚེར་ཤུལ་ལ་བལྟས་ནས་དབུགས་རིང་རེ་ཤོར་འགྲོ་ཞིང་། ས་སྟོང་འདིར་གཅིག་པུར་སྡོད་རྒྱུར་སྐྱོ་སྣང་སྐྲག་སྣང་གཉིས་འགྲན་པ་ལྟར་འཕེལ་བར་བྱེད།

        མོ་ཚང་གཅིག་པུར་སྟོན་སར་ལྷག་པ་ནས་སྒོ་ཟོག་དག་ཀྱང་སྡོད་མི་ཚུགས་པར། ཁྱིམ་མཚེས་རུ་བ་དག་གཤར་སའི་ཕྱོགས་སུ་རླུང་སྣོམ་རེ་བྱེད་ཀྱིན་འགྲོ་སྣང་ཤར་བས། ཉིན་མོ་བདེ་སྐྱིད་ལྷ་མོས་བྱིས་པ་ལོ་གཉིས་ཅན་དེ་རྒྱབ་ལ་ཁུར། ལོ་གཅིག་ཅན་དེ་སྔུན་དུ་རུམ་ནས་ནོར་དག་བཀག་ནས་སྡོད་དགོས་ཐུག མཚན་མོ་མོས་བྱིས་པ་ཆེ་བ་ཟུར་དུ་བསྙལ་ཞིང་། ཆུང་བ་རུམ་ནས་ཉལ། ཉིན་དེ་དག་ཏུ་མོའི་ཁར་ཞོགས་ཇ་དང་དགུང་ཇ་གཉིས་ལས་དྲོས་ཇ་ཞིག་རག་མ་མྱོང་།

        སྟོན་མཇུག་གི་མཚན་མོ་དེར་ཕྱི་རོལ་ནས་སྒོ་ཁྱི་རྒྱ་ནག་གིས་སྤྱང་རྫི་བླངས་ཏེ་ནོར་ཁྱུའི་མཐའ་ནས་ཟུག་སྐད་འདོན་བཞིན་རྒྱུག་པ་དང་། རླུང་གིས་སྒོ་དར་ཐག་ཐག་ཏུ་གཡུག་ཅིང་རྡེབ། མཚན་མོར་སྒོ་ཟོག་དག་རྐུན་མ་དང་སྤྱང་ཀིར་མི་ཤོར་བར་ཕྱི་ཉིན་གྱི་ནམ་གསལ་དུ་འཇུག་རག་བར་གྱི་དོན་དག་སྒོ་ཁྱི་རྒྱ་ནག་ལ་བཅོལ་ཞིང་། ཡིད་ཀྱིས་མ་རུ་ཙྱེ་བཏོན་ནས་གསོལ་འདེབས་ཡང་ཡང་བྱས། བདེ་སྐྱིད་ལྷ་མོ་ཞོགས་པ་ཡར་ལངས་པ་ནས་མཚན་མོ་མར་ཉལ་རག་བར་སྒོ་ཕྱི་ནང་གི་ལས་ཀ་དང་། ནོར་རྫི། བྱིས་གཉོར་སོགས་ལས་ཀ་ཧ་ཅང་ལྕི་བས་མཚན་མོར་གཉིད་ཀྱིས་བཟི་འགྲོ།

        མོས་གཉིད་ཀྱི་གཏིང་རིམ་ཞིག་ནས་ཁྱི་རྒྱ་ནག་གིས་ངར་སྐད་ཆེན་པོ་འདོན་བཞིན་སྒོ་ལམ་མཚམས་སུ་རྒྱུག་གིན་པ་ལྟ་བུ་ཞིག་ཐོས་པ་དང་སད་པར་གྱུར། དེ་དུས་ཡ་ཁྱིམ་གྱི་རླུང་བས་གཡོ་ཙམ་གཡོ་ཙམ་བྱེད་པའི་མཆོད་མེའི་འོད་དུ་ཁ་ངོ་བཏུམས་པའི་སྐྱེས་པ་གཉིས་འཕྲོ་རིམ་འཕྲོར་ཁྱིམ་དུ་འཛུལ། མོ་སྐྲག་ནས་མྱུར་བར་མལ་གོས་ཀྱིས་མགོ་བོ་བཏུམས། ལུས་ཀྱི་བ་སྤུ་གཟེངས། སྙིང་གི་འཕར་སྒྲ་ཇེ་དྲག་ཏུ་ཕྱིན། སྐྱེས་པ་དེ་གཉིས་སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར་མོའི་ལུས་སྟེང་དུ་མཆོངས། མོ་དེ་བས་ཀྱང་སྐྲག་ནས་སྙིང་མིད་པ་ལས་ཁར་འབྱིན་ལ་ཁད་དུ་གྱུར། མིག་ཆུ་བཏོན་ནས་ཞུ་བ་ཇི་ལྟར་བྱས་ཀྱང་ཕན་མ་ཐོགས་པར་གཅིག་རུམ་དུ་འཛུལ། གཅིག་གིས་ཡ་ཁྱིམ་གྱི་མཆོད་མེ་ནག་ཚུབ་བེར་བཏང་ཞིང་མོའི་ལག་པ་གཉིས་ལ་འབྱར་ནས་འགུལ་དུ་མི་འཇུག མོའི་རུམ་གྱི་བྱིས་པ་ཆུང་བ་སྒུལ་བས་སད་དེ་ངུ་སྐད་བཏོན། ཡིན་ནའང་ཁོ་གཉིས་ནི་ཡ་ང་སྙིང་རྗེ་བྲལ་བའི་གཤིན་རྗེ་ཞིག་ལྟར་མོ་ལ་རེས་བསྐོར་ནས་ལུས་འབྲེལ་བྱས།

        སྨག་ནག་པའི་མཚན་མོ་དེར་ཁྱི་རྒྱ་ནག་ལས་མོ་ལ་གདུང་སེམས་སྐྱེད་མཁན་ཞིག་མ་བྱུང་། ཁྱི་རྒྱ་ནག་གིས་ད་ཅི་མི་གཉིས་བཙན་གྱིས་ཁྱིམ་དུ་ཤོར་སོང་བ་དང་། ཁྱིམ་ནས་མོའི་ཞུ་བ་འཐེན་པ། བྱིས་པས་ངུ་སྐད་བཏོན་པ་སོགས་ཀྱིས་ཁྱིམ་ནང་དུ་ཡག་པོ་ཞིག་བྱེད་ཀྱིན་མེད་པ་ཤེས་པ་ཡིན་ངེས། ཁྲོ་བའི་ཟུག་སྐད་འབྱིན་བཞིན་སྦྲའི་མཐའ་སྐོར་དུ་ཡང་ཡང་རྒྱུག ཡ་ང་བའི་དྲག་སྤྱོད་དེའི་རྗེས་སྐྱེས་པ་གཉིས་ཕྱིར་འགྲོ་བའི་སྐབས་སུ་ཁྱི་རྒྱ་ནག་དགྲ་ཤ་ལེན་པར་སྲོག་བསྡོས་ཀྱིས་བརྒྱུགས། ཡིན་ནའང་ལྟས་ངན་ཁོ་གཉིས་ཀྱིས་ཁྱི་རྒྱ་ནག་གི་རྐང་བ་ཡ་གཅིག་བཅགས་ནས་མུན་ནག་གི་ཁྲོད་ཡལ་སོང་། མཚན་མོ་དེ་ནས་བཟུང་མོ་དང་ཁྱི་རྒྱ་ནག་གཉིས་ཀྱི་ཚེ་སྲོག་ལ་ནག་དྲེག་བསུབ་ཏུ་མེད་པ་ཞིག་ཕབ་སོང་།


        ལུས་ཀྱི་ཆ་ཤས་ཧྲིལ་བོར་ཐབ་ཟངས་ཀྱི་ནག་དྲེག་བགོས་པ་དང་འདྲ་བའི་བདེ་སྐྱིད་ལྷ་མོའི་ལུས་ཕུང་དང་། མོའི་ཁོར་ཡུག་གི་ནད་ཁྲི། མལ་གདན། མལ་ཐུལ། ནད་ཁང་སོགས་དཀར་པོ་དཀར་རྐྱང་གཉིས་ནི་འཇིག་རྟེན་འདིའི་དཀར་ནག་གི་ཁ་དོག་གི་དབྱེ་བ་འབྱེད་པའི་དཔེ་གཞི་ཞིག་ལྟར་ལྡོག་གཟུགས་ཁོ་ནར་གྲུབ། མོ་ཁྱི་ལྟར་འདོགས་བྱེད་ཀྱི་གནམ་ཁབ་སྟེང་ལ་ཚིག་པ་ཟོས་ཤིང་། ཁང་མིག་དེ་དང་ནད་ཁྲི་དེ་ལས་བརྒལ་དུ་མི་འཇུག་པའི་ནད་ངན་དེའི་སྟེང་དུ་ཁོང་ཁྲོ་ལངས། ཁོང་ཁྲོ་དེས་ཀྱང་མོར“མིག་སྐྲང་སྟེང་ལ་ཁུ་ཚུར”ཞེས་པའི་དཔེ་ལྟར་ལུས་སེམས་དེ་བས་ཀྱང་ཉོག་པོར་གཏོང་འོང་། བདེ་སྐྱིད་ལྷ་མོ་ནད་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ནས་རང་ཉིད་འདོགས་བྱེད་ཀྱི་གནམ་ཁབ་ལ་ཅེར། ཅེར་གྱིན་ཅེར་གྱིན་འགྱིག་གི་སྦུ་གུ་ཕྲ་མོ་དེ་ནི་སྦོམ་ལ་སྲ་བའི་ལྕགས་ཐག་ཏེ། སྔོན་ཆད་ཁོང་ཚང་གི་ཁྱི་རྒྱ་ནག་རྐང་ཆག་ཏུ་མ་གྱུར་གོང་གི་འདོགས་བྱེད་དེ་དང་ཨ་ན་མ་ནར་གྱུར་ལ། ལྕགས་ཐག་སྦྲེལ་སའི་ས་ལ་བརྡབས་པའི་ཕུར་བ་དེའང་ཁོ་མོས་མི་དོས་སའི་གནམ་དུ་སྲ་ལ་མཁྲེགས་པར་བརྡབས་པས། ད་ནི་འདོགས་ཐག་འདི་ལས་ཐར་བ་ཞིག་མེད་པར་སྣང་། སྲ་ལ་སྦོམ་པའི་འདོགས་ཐག་དེ་ལས་མ་ཐར་ཚེ། མོས་མི་ལོ་སུམ་ཅུར་རྐང་རྗེས་ཕབ་སའི་ཕ་ས་དྲོན་མོ་དང་། བདེ་སྐྱིད་ཀྱི་གླུ་སྒྲ་བསྐྱིལ་སའི་རི་ཆུ་ལུང་གསུམ། དགའ་ན་དགོད་རོགས་དང་སྡུག་ན་ངུ་རོགས་ཀྱི་ཕུ་ནུ་གཉེན་ཉེ། དཔྱིད་དབྱར་སྟོན་གསུམ་གྱི་སྦྲ་དང་དགུན་གྱི་ཁང་བ། ཉིན་གཅིག་ཙམ་ཡང་འབྲལ་མ་མྱོང་བའི་གཡང་གི་སྒོ་ཕྱུགས་དང་རང་ལ་ཁ་ཞེ་ཁོག་གསུམ་གཏོད་པའི་སྒོ་ཁྱི་སོགས་མཐོང་མི་ཐུབ་ལ། ལྷག་པར་དུ་རང་གི་གཅེས་པའི་སྲོག་ལས་ཀྱང་ཕང་བའི་ཤ་ཆད་ཀྱི་བུ་ཕྲུག་གཉིས་པང་དུ་བླངས་ནས་བརྩེ་བའི་འོ་ཞིག་ཀྱང་བྱེད་མི་ཐུབ། དེ་ལྟར་སྙམ་གྱིན་ཐོད་སྐམ་ལྟ་བུའི་གདོང་ལས་མིག་ཆུ་རྡོག་པོ་དང་རྡོག་པོ་བྱས་ནས་མར་འདྲིལ་སོང་། དེ་ནི་གནམ་ཁབ་ལས་མར་ཏིག་ཙམ་ཏིག་ཙམ་འབབ་པའི་སྨན་ཆུའི་ཐིགས་པ་དག་ཤར་རེར་མིག་ལས་བུད་དེ་ཕྱི་ལ་འཕོ་བ་དང་ཤིན་ཏུ་མཚུངས།

        ནུ་མོས་གཙང་ཤོག་གིས་ཨ་ཅེའི་གདོང་གི་མིག་ཆུ་འབྱིད་ཞོར་ངག་འཇམ་པོས“ཨ་ཅེ། ད་མ་ངུ་། ད་མ་ངུ་། ནད་དྲག་པོ་འདིའི་ཁར་སེམས་ངལ་སྣ་ཚོགས་བྱས་ན་ལུས་པོས་ལྕོགས་པ་མ་རེད། ཁྱེད་ལ་སེམས་དོན་ཅི་ཞིག་ཡོད་ན་ང་ལ་དལ་མོར་ཤོད་དང་། ངས་ཐབས་བརྒྱ་ཇུས་སྟོང་གིས་བསྒྲུབ་ངེས་ཡིན”ཞེས་སེམས་གསོའི་སྐད་ཆ་བཤད་ཞོར་ཁོ་མོའི་མིག་ཟུང་ཡང་ཆུ་ཡིས་གང་དེ་རབ་རིབ་ཏུ་གྱུར། ནུ་མོས་མུ་མཐུད་དུ“ཨ་ཅེ་ལགས། འཇིག་རྟེན་འདིར་སྐྱེ་བ་ཞིག་བླངས་ཚུན་ཆད་ནས་མཐོ་བླ་མ་དཔོན་པོ་མན་ཆད་དང་དམའ་སྤྲང་བོ་གཡོག་པོ་ཡན་ཆད་མཐར་འཆི་བ་ཞེས་པའི་ལམ་དེར་འགྲོ་མི་དགོས་མཁན་ཞིག་ཡོད་མི་སྲིད་པ་དང་། དེ་བཞིན་དུ་ནམ་མཁའི་བྱ་དང་བྱེའུ་དང་ས་གཞིའི་གཅན་གཟན་རི་དྭགས། ཆུ་ནང་གི་ཉ་དང་སྦལ་བ། གྲོག་མ་སོགས་སྲིན་འབུ་སྣ་ཚོགས་མདོར་ན་སྲོག་ལྡན་གྱི་ལུས་ཅན་ཡོད་དོ་ཅོག་འཆི་བའི་ལམ་ཆེན་དུ་སྙེག་དང་སྙེག་གིན་པ་ཞིག་ལས་ཡོད་པ་མ་རེད། དེ་བས་སེམས་ངལ་སྣ་ཚོགས་མི་བྱེད་པར་བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་དང་ནད་འདི་མི་དྲག་པའི་ངེས་པ་མེད་པ་དང་། གལ་ཏེ་མ་དྲག་ནའང་སྐྱེ་བ་ཕྱི་མར་ལུས་ཡག་པོ་དང་། བདེ་སྐྱིད་ལྡན་པར་འགྱུར་ངེས་པས་དཀོན་མཆོག་ལ་ཡིད་ཆེས་བྱོས། ད་ལྟ་ང་ཚོས་འདི་ལྟར་མྱོང་དགོས་པའང་འཇིག་རྟེན་གཏམ་དཔེར‘སྐྱེ་བ་སྔོན་མའི་ལས་དང་རྟ་རྒན་མོག་ལུའི་འགྲོས’ ཞེས་པ་ལྟར་སུས་ཀྱང་བཟློག་ཐབས་དཀའ་མོ་རེད་པས། འདི་ལ་སེམས་ངལ་བྱས་པས་ཕན་ཐོགས་ཏིལ་ཙམ་ཞིག་ག་ལ་ཡོད”ཅེས་རང་གིས་ཤེས་ཚོད་ཀྱིས་སེམས་གསོ་དང་སློབ་སྟོན་ལྟ་བུ་བྱས། ནུ་མོའི་སྐད་ཆ་དེ་དག་ནི་བདེ་སྐྱིད་ལྷ་མོར་མཚོན་ན་བླ་མ་ཆེན་པོ་ཞིག་གི་ཆོས་བཤད་ལས་ཀྱང་ཕན་པར་གྱུར་བས། མོས་མགོ་བོ་ནང་དུ་ལྡེམ་ཙམ་བྱས་ཏེ་གོ་སོང་བའི་བརྡ་བསྟན།

        བདེ་སྐྱིད་ལྷ་མོའི་ནུ་མོ་ཆུང་དུས་ནས་སློབ་གྲྭར་འགྲིམ་ནས་ན་ནིང་སློབ་ཆེན་ནས་མཐར་ཕྱིན་པ་ཡིན་པས་རིག་གནས་ཤེས་བྱའི་ཆུ་ཚད་མཐོ་ཙམ་ཡོད་ཅིང་། འཇིག་རྟེན་གྱི་གནས་ལུགས་མི་ཉུང་བ་ཞིག་རྟོགས་པ་རེད། མོས་ཨ་ཅེར་དེ་ལྟར་སློབ་གསོ་བཏང་སྟེ་ཨ་ཅེའི་སེམས་ཁམས་ཅུང་ཙམ་རེ་ལྷོད་ལ་འབབ་ཨེ་ཐུབ་ཀྱི་རེ་བ་བྱེད་ཀྱི་ཡོད་པ་ལས། དོན་དངོས་སུ་མོས་རང་གི་ཨ་ཅེའི་ལས་དབང་ལ་སེམས་སྡུག་དྲག་པོ་བྱས་ཏེ་ཨ་ཅེའི་མི་མཐོང་ས་ནས་མིག་ཆུ་བཏང་བ་བགྲང་གིས་མི་ལངས། ཅིའི་ཕྱིར་ཞེ་ན། སྤྱིར་མོས་ད་ཅི་བཤད་པ་ལྟར་འཇིག་རྟེན་ཁམས་ཀྱི་སྲོག་ལྡན་འགྲོ་བ་གང་དང་གང་ཞིག་ཡིན་ནའང་འཆི་བ་མགོ་ཐོག་ཏུ་ཡོད་པས་དེ་ལ་ཧ་ལས་ཧང་སངས་དགོས་རྒྱུ་ཞིག་ཡེ་ནས་མིན་མོད། མོའི་ཨ་ཅེའི་ད་ཐེངས་ཀྱི་ནད་འདི་ནི། བོད་པའི་རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་འདུ་ཤེས་ཤིན་ཏུ་ཞན་པའི་འཆོལ་ཉོག་གི་སྤྱོད་པ་ཡ་ང་བ་ཞིག་ལས་འགོས་སོང་བའི་ཨེ་ཛིའི་ནད་ཅེས་པ་དེ་ཡིན་པས། དེ་ནི་སྐྱེ་བ་སྔོན་མའི་ལས་དབང་ཁོ་ན་ཞིག་གིས་ག་ལ་ཡིན། ལྷག་པར་དུ་ཨ་ཅེའི་ནད་ངན་འདི་ནི་རོང་འབྲོག་ཕྱོགས་ཀྱི་སྐྱེས་པ་ཕོ་ཡི་སྤྱོད་ངན་དེ་མཐར་གཏུགས་ན་དམག་པ་ལན་པ་རེད་སྙམ་གྱིན་ཡོད། ཁོ་ཚང་གི་དམག་པ་ནི་སྡེ་བའི་སྐྱེས་པ་ཕལ་མོ་ཆེ་དང་འདྲ་བར་རྫོང་མཁར་དུ་ཕྱིན་ནས་གླ་མོ་སྣ་ཚོགས་དང་ཉལ་བོ་བྱས་ཤིང་། ཕྱིར་འོང་སྟེ་གཙང་སྦྲ་ཙམ་ཡང་མི་བྱེད་པར་རང་གི་བཟའ་ཟླར་འདོད་པ་སྤྱད་པ་སོགས་ཀྱིས་ནད་ངན་ཨ་ཛི་འདི་འགོས་སོང་བ་ཡིན་པས། མོ་རང་ཕྱོགས་གཅིག་ནས་ཉེས་མེད་བདེ་ཐང་གི་ཨ་ཅེར་ནད་ངན་འདི་འདྲ་ཞིག་བགོས་པས་ཁོང་ཁྲོ་དྲག་པོ་ལངས་པ་དང་། ཕྱོགས་གཅིག་ནས་རང་གི་ཕ་མ་གཅིག་ལས་ཆད་པའི་སྤུན་འདི་ལོ་ཚོད་དར་མ་དར་ཐོག་ཏུ་ཕ་མ་དང་རང་ཉིད། ནར་སོན་མེད་པའི་བུ་ཕྲུག་གཉིས་སོགས་གློ་བུར་དུ་བསྐྱུར་ནས་འཇིག་རྟེན་ཕྱི་མར་བཞུད་གྲབས་ཡོད་པར་སྙིང་རྗེའམ་བློས་མི་ཐོངས་པའི་བརྩེ་དུང་གིས་དམ་པོར་འཆིང་ཡོད་པས་སེམས་ངལ་དེ་གཞན་གྱིས་རྟོགས་དཀའ་བའི་ཚད་དུ་ཡོད།

        གྲོང་ཁྱེར་གྱི་སྨན་ཁང་ཆེན་མོའི་ཁང་མིག་ཤིག་ཏུ་བུ་མོ་སྤུན་གཉིས་སོ་སོར་མིག་ཆུའི་གདོང་བཀྲུ་བཞིན་ཡོད། ཨ་ཅེས་ནི་གཅེས་པའི་ཕ་ཡུལ་དང་ཕ་མ། བུ་ཕྲུག གཉེན་ཉེ་སོགས་བསྐྱུར་ནས་གྲོགས་མེད་ཁེར་རྐྱང་དུ་བཞུད་གྲབས་ཡོད་པའི་མུན་ནག་གི་ཁམས་ཆེན་མོ་ལས་ཕྱིར་མིག་འཕངས་པའི་སྐྱོ་གདུང་གི་མཆི་མ་བཞུར་བ་ཡིན་ལ། ནུ་མོས་ནི་ཕ་མ་གཅིག་ལས་མཆེད་པའི་རང་གི་ཨ་ཅེའི་ནད་ངན་འདི་སྔོན་གྱི་ལས་དབང་ཙམ་ཡེ་མིན་པར། འདི་ནི་བོད་མིའི་ཕོ་མཆོག་མོ་དམན་གྱི་ལྟ་བ་སྐྱུག་བྲོ་བོ་ལས་མཆེད་པའི་ངན་ཤུལ་དེ། རོང་འབྲོག་ཕྱོགས་ཀྱི་བུད་མེད་ཚོ་ནི་མི་ཚེ་གང་བོར་སྐྱེས་པའི་གཡོག་མོ་ལྟ་བུ་བྱེད་དགོས་པའི་སྐྱེད་འབྲས་དེ་ཡིས། སྐྱེས་པ་ཚོར་རང་གི་བཟའ་ཟླ་ཡོད་བཞིན་དུ་བུད་མེད་གཞན་བསྟེནའང་གཏམ་མི་ཁ་ཆེན་པོ་མེད་པ་ལྟ་བུ་དང་། བུད་མེད་ཀྱིས་དེ་འདྲ་བྱས་པ་ཡིན་ན་བཟའ་ཟླས་རྡུང་རྡེག་དང་། སྤྱི་ཚོགས་ཀྱི་མི་ཁ་ངན་པ་འཁོར་བ་སོགས་ལུགས་དང་མི་མཐུན་པའི་སྤྱོད་ངན་མི་རབས་ནས་མི་རབས་སུ་བརྒྱུད་དེ། ད་ལྟའི་དཔལ་ཡོན་དུ་གྲགས་པའི་དུས་རབས་འདིར་ཐོན་པ་ཡིན་ལ། དཔལ་ཡོན་གྱི་དུས་རབས་འདིར་ཡང་ཕ་ཡུལ་གྱི་མི་ཚོར་རྟོགས་པ་སད་དུ་མེད་པར་འཆོལ་ཉོག་གི་ལས་ལས་རང་གི་ཨ་ཅེའི་བདེ་སྐྱིད་ཀྱི་མི་ཚེར་གཏོར་བརླག་ཐེབས་པར་གདུང་ཡུས་ཀྱི་མིག་ཆུ་འབྱིན་པ་ལོས་ཡིན། ཡང་ན་གྲོང་ཁྱེར་ནང་གི་རྒྱ་གྲམ་གྱི་རྟགས་བཏབ་པའི་སྨན་ཁང་ཆེན་མོ་དག་ནི་མི་ཚོས་འཇིག་རྟེན་གྱི་སྐྱོ་ཡུས་ཡོད་ཚད་ཁུར་དེ། ཚེ་བསོག་གི་རྒྱུ་ནོར་ཡོད་ཚད་ཁྱེར་དེ། བདེ་སྐྱིད་ཀྱི་ཕ་ཡུལ་རིང་དུ་བཞག་སྟེ། མིག་ཆུ་ནི་ཁབ་ཆུ་ལྟར་འབྱིན་སའི་གནས་ཤིག་ཏུ་དབང་ཆེན་གང་ཞིག་གིས་བསྐྲུན་པ་ཡིན་ནམ། ཡང་ན་རྒན་དར་གཞོན་གསུམ་མེད་པར། སྐྱ་སེར་ཕོ་མོ་མེད་པར། སྐྲ་སེར་སྐྲ་ནག་གི་དབྱེ་བ་མེད་པར། སྐད་རིགས་འདྲ་མིན་གྱི་ཁྱད་པར་མེད་པར། མི་ཚོས་སོ་སོའི་མི་ཚེ་ལ་བཞི་ཤད་འབྲི་སའི་གཞུང་ལས་ཁང་དེ་ཡིན་ནམ།


        སྨན་ཁང་གི་ཕྱི་རོལ་དུ་ཉིན་མཚན་ལ་དབྱེ་བ་མེད་པར་ཆོབ་སྒྲ་དང་སྡིར་སྒྲ་ཞིག་གིས་རྒྱུན་ཆད་རྒྱུ་མི་འདུག་ལ། བདེ་སྐྱིད་ལྷ་མོས་ནད་ཁྲིའི་ཐོག་ནས་སྒེ་ཁུང་གི་ཕྱོགས་སུ་ཇི་ལྟར་བལྟས་ཀྱང་ཁང་བརྩེགས་མཐོན་པོ་གནམ་ལ་ཟུག་པ་ཏག་ཏག་གིས་གདོང་འཁྱག་པོ་ཁོ་ན་སྟོན་པ་ལས། གསོན་ཤུགས་སྟོང་གིས་བརྟས་པའི་རི་བོ་དང་སྔོ་བསངས་མདངས་ཀྱིས་འཁྱུད་པའི་ནམ་མཁའ་མཐོང་མི་ཐུབ། དཀར་གསལ་འོད་ཀྱི་གོང་བུ་ལྟེམ་པའི་ཉི་ཟླ་དང་ལྷོད་ཀྱིས་ཆགས་ཤིང་དལ་གྱིས་རྒྱུ་བའི་སྤྲིན་དཀར་རིག་མི་ཐུབ། གལ་ཏེ་མོ་ལ། ཆུང་དུས་ཨ་ཕས་བཤད་པའི་གླིང་གེ་སར་རྒྱལ་པོ་ལྟ་བུའི་རྫུ་འཕྲུལ་ཞིག་ཡོད་ན། མོས་སྒེ་ཁུང་ཐད་ཀྱི་མིག་ལ་གཟན་པའི་ཁང་བརྩེགས་ཡ་ང་བ་དག་གི་མགོ་ནས་མར་མནན་ཏེ་ཕྱིའི་རི་དང་ལུང་བའི་མཛེས་སྡུག་དང་། ནམ་མཁའ་དང་སྤྲིན་གྱི་རྒྱུ་བ། ཉི་མ་དང་ཟླ་བའི་འོད་ཁྱིམ་ལ་ཐེངས་གཅིག་བལྟ་འདོད། “འོ། དེ་ཡང་ག་ལ་ཉན་ཏེ། ཁང་བརྩེགས་མཐོན་པོ་དག་གི་ནང་དུ་མི་མང་པོས་གནས་བཅས་ཡོད་པས། སྡིག་པ་ཆེན་པོ་བསགས་སོང་བས་ཕྱི་མར་འགྲོ་ས་མེད་པར་བཟོས་པ་མིན་ནམ། གླིང་གེ་སར་རྒྱལ་པོ་ནི་སྔ་དྲོ་གསོད་པའི་ཤན་པ་ཡིན་ལ། ཕྱི་དྲོ་འདྲེན་པའི་བླ་མ་ཡིན་ཕྱིར་ཁོང་ལ་འཇིག་རྟེན་འདིར་སུ་ཞིག་གིས་འགྲན་ནུས”མོས་ཟུག་གཟེར་ལ་བསྲན་གྱིན་དེ་ལྟར་བསམ། མོས་ད་དུང“སེམས་པ་འདི་ཐོན་སར་ལུས་པོ་ཐོན་རྒྱུ་ན་ཅི་མ་རུང་། སེམས་པ་ནི་ནམ་མཁའི་བྱ་དང་བར་སྣང་གི་རླུང་ལས་ཀྱང་མྱུར་བར། ད་ལྟ་ཉིད་དུ་ཕ་ཡུལ་དུ་ཕྱིན་ཆོག་ལ། ཕ་ཡུལ་གྱི་ཡོད་ཚད་ལ་ལྟ་སྐོར་བྱེད་ཆོག ཕ་མ་དང་བུ་ཕྲུག་གི་ཟུར་དུ་ཕྱིན་ཆོག ཡིན་ནའང་ལུས་པོ་ནི་དེ་ལས་ལྡོག་སྟེ་ཕ་བོང་ཆེན་པོ་ཞིག་ས་ལ་ཟུག་པ་ལྟར་ནད་ཁང་དཀར་པོ་དང་ནད་ཁྲི་དཀར་པོ་འདི་ལས་ཕྲལ་མི་བཏུབ་པར་ལྷག་འདུག་པ་མིན་ནམ། ཨ་ཁ། ངའི་སེམས་པ་དང་ལུས་པོ་གཉིས་ནི་མ་གཞི་ནས་སོ་སོ་བ་གཉིས་ཡིན་འདུག ངས་སྐྱེས་ནས་ད་ལྟའི་བར་དུ་ལུས་སེམས་གཉིས་འགྲོས་འགྲོས་གཤིབས་གཤིབས་ཀྱིས་འགྲོ་བ་ལས། དེ་རིང་ལྟར་སོ་སོར་བཀར་ཆོག་པའམ་སོ་སོ་བ་ཞིག་ཡིན་པའི་ཚོར་བ་སྤུ་རྩེ་ཙམ་ཞིག་ཡོད་མ་མྱོང་། ཨ་ཁ་ཁ། ད་ནི་རང་ཉིད་ཤི་ནའང་ལུས་སེམས་གཉིས་ཁ་ཁར་འགྲོ་ཤས་ཆེ་འདུག སྤྱིར་ནད་ཀྱིས་ཟིན་པའི་ད་ལྟའི་ལུས་པོ་ཐབས་ཆག་འདི་དགོས་པ་ཞིག་མི་འདུག་མོད། ངས་ལུས་པོ་བསྐྱུར་ཏེ་སེམས་པ་ཕ་ཡུལ་དུ་ཕྱིན་པ་སུ་ཞིག་གིས་རིག་ཐུབ་སྟེ་མི་ཐུབ་པ་འདྲ། གལ་ཏེ་མ་རིག་མ་མཐོང་ན་དེ་དུས་ངས་རང་གི་བུ་ཕྲུག་གཉིས་ལ་གཉོར་སྐྱོང་ཇི་ལྟར་བྱེད། ཕ་མ་གཉིས་ལ་སྐད་ཆ་ཇི་ལྟར་འཆད། དེ་དུས་རང་ཉིད་གླིང་སྒྲུང་དུ་བཤད་པའི་ཨ་ཁུ་ཁྲོ་ཐུང་གི་རྣ་ལྟག་ཏུ་སྒྲིབ་ཤིང་རླུང་གི་འཁོར་ལོ་བཞག་སྟེ་ཕྱིན་ན་སུ་དང་གང་གིས་མཐོང་མི་ཐུབ་ལ། ཨ་ཁུས་གཞན་གྱི་ཅ་ལག་སྒུལ་ཚེ་ཅ་ལག་ཁོ་ན་འགུལ་བའི་རྣམ་པ་མཐོང་བ་བ་ལས་སྒུལ་མཁན་རིག་ཏུ་མེད་པ་ལྟ་བུ་ཞིག་ཏུ་གྱུར་བ་མ་ཡིན་ནམ། དེ་ལྟར་གྱུར་ན་ངའི་སྙིང་དང་འདྲ་བའི་བུ་ཕྲུག་གཉིས་སྐྲག་ནས་རྒྱལ་མི་འགྲོའམ། ཕ་མ་གཉིས་ལ་རྣམ་རྟོག་ངན་པ་བསླངས་ནས་དམོད་མོ་དྲག་པོ་བྱེད་མི་འགྲོ་འམ། ཐ་ན་ངེད་ཀྱི་ཁྱིམ་རྒྱུད་ལའང་འདྲེ་ངན་དང་ལྟས་ངན་གནས་ཡོད་པར་བསྒྲགས་ཏེ་སྡེ་གྲལ་ནས་ཀྱང་ཕུད་ཉེན་ཆེ་བ་མ་ཡིན་ནམ”བདེ་སྐྱིད་ལྷ་མོ་རྟོག་འགྱུ་མོད་པོའི་ནང་དུ་བྱིང་བའི་སྐབས་དེར། “ཨ་ཅེ།འདི་ཐུངས་དང”ཞེས་ནུ་མོས་ལག་པ་ཡ་གཅིག་གིས་འབྲས་ཀྱི་ཁུ་བ་དྭངས་མོ་བླུགས་པའི་དཀར་ཡོལ་བཟུང་ཞིང་། ལག་པ་ཡ་གཅིག་གིས་ཁེམ་བུ་ཆུང་ཆུང་གང་བཅུས་ཏེ་མོའི་ཁ་ཡི་ཐད་ཀར་ཁྱེར། བདེ་སྐྱིད་ལྷ་མོས་ཁ་དལ་གྱིས་གདང་། ཁ་ཙམ་གདང་རྒྱུ་དེའང་ཤུགས་ཆེན་པོ་འདོན་དགོས་པའི་ཚད་ལ་ཐོན། མོ་རང་ཉིད་རང་གི་སྟེང་ལ་ཡ་མཚར། སྔོན་ཆད་མོ་རི་ལུང་ཐང་གསུམ་ལ་རྫི་བོར་འགྲོ་བར་དཀའ་ངལ་མེད་ཅིང་། ཞོགས་པའི་འབྲི་མོའི་འོ་མ་བཞོ་བ་ནས་ལྕི་བ་འཐེན་པ་དང་། ཁྱིམ་ལས་སྣ་ཚོགས་ལས་པ། བྱིས་པ་སྙོར་བ། འབུད་རྒྱུ་བརྡལ་ལེན། རྩིད་པ་གསེད་ཅིང་འཕྲུས་རྙེད་པ། ཐགས་འཐག་པ། དགུང་མོའི་སྒོ་ཕྱུགས་འདོགས་པའི་བར་གྱི་ལས་ཀ་དང་། དུས་བཞིའི་རུ་བ་སྐྱེས་སྤོར་སོགས་སྒོ་ཕྱི་ནང་མེད་པར། དུས་དབྱར་དགུན་མེད་པར་ལས་ཀ་གང་ཞིག་ལས་ནའང་ཐོགས་པ་མེད་ལ། ཡང་ཟོར་ལྡན་པ་ཞིག་ཡིན་པ་སྨོས་ཅི། འོན་ཏེ་ད་ལྟ་ཁ་ཙམ་གདང་རྒྱུ་ལའང་ཤུགས་འདོན་དགོས་པ་འདི་ཅི་ཞིག་ཡིན་ནམ། མིག་ཙམ་འབྱེད་རྒྱུ་ལའང་དཀའ་སྣང་ཐོན་རྒྱུ་འདི་ག་རེ་བྱུང་ངམ། མགོ་བོ་སྒེའུ་ཁུང་དུ་ཕྱོགས་རྒྱུར་ཡང་དལ་དལ་དགོས་རྒྱུ་ཅི་ཞིག་ལན་ནམ།

        གྲོང་ཁྱེར་འདིར་གསེར་མདོག་ཉི་མའི་འཛུམ་མདངས་སྐད་ཅིག་ཙམ་ཡང་མཐོང་རྒྱུ་མེད་པར། ནམ་ཡང་སྐྱོ་བའི་ན་བུན་སྟུག་པོ་ཞིག་གིས་ཡོངས་སུ་བཏུམས་པ་དང་འདྲ་། དེ་བཞིན་དུ་སྨན་ཁང་གི་སྨན་པ་ཚོའི་མགྲིན་པ་ནས་དགོད་སྒྲ་ཞིག་ཐོས་རྒྱུ་མ་བྱུང་ལ། མཆུ་ཐུམ་བརྒྱབ་ནས་མ་མཐོང་བ་མིན་ན། གདོང་ན་འཛུམ་ཙམ་ཡང་ཡོད་པ་མ་མཐོང་། ག་རེ་ཡིན་ནམ། གནས་འདི་ནི་དངོས་གནས་དགོད་སྒྲ་མེད་པའི་འཇིག་རྟེན་གཞན་ཞིག་ཡིན་ནམ། བདེ་སྐྱིད་ལྷ་མོས་ཞིབ་འདང་ཞིག་བརྒྱབ་ན་རང་ཉིད་ལའང་དགོད་སྒྲ་ལྟ་ཅི་འཛུམ་ཙམ་བྱེད་རྒྱུ་མི་འདུག་པས་མི་ཚད། ནུ་མོའི་གདོང་ནས་ཀྱང་དུས་ཡུན་རིང་བོར་འཛུམ་མདངས་ཤིག་མ་མཐོང་། ཕ་ཡུལ་དུ་ཡོད་དུས་ཁྱིམ་མི་དང་ཁྱིམ་མཚེས། ཡང་ན་འགྲུལ་བ་སོགས་སུ་དང་གང་ཞིག་འཕྲད་ནའང་དགོད་སྒྲ་ནི་ལུས་དང་གྲིབ་མ་བཞིན་འབྲལ་རྒྱུ་མེད་པ་ཞིག་ཡིན་ཨང་། ལྷག་པར་བདེ་སྐྱིད་ལྷ་མོ་མོ་རང་ལ་མཚོན་ན། བགད་ནས་རྒྱུ་མ་གཟེར་ཏེ་འདྲེ་ལྡོག་བརྒྱབ་པ་བགྲང་གིས་མི་ལངས་ལ། བཟའ་བཏུང་གི་སྐབས་སུ་དགོད་ཁ་ཤོར་ནས་ཁ་ནང་གི་ཇ་དང་ཟས་ཕྱི་ལ་མཆོད་པའང་བརྩིས་ན་མི་ཚར། མོའི་སེམས་སུ་དགོད་སྒྲ་དང་འཛུམ་སོ་དཀར་ནི་འཇིག་རྟེན་འདིར་མེད་དུ་མི་རུང་བའི་འཚོ་བ་ཁོ་ན་ཡིན་ངེས་སྙམ་ནས། རང་ཉིད་ཐེངས་གཅིག་དགོད་དགོས་འདོད་དེ། དབུགས་ཁོག་ལ་བཟུང་ནས་དགོད་རྩིས་བྱས་མོད། སྔོན་ཆད་ཧ་ཅང་ཧ་ཅང་སླ་བའི་ལས་དེ་ད་ལྟ་ཧ་ཅང་ཧ་ཅང་དཀའ་བར་གྱུར་འདུག་སྟེ། ཕལ་ཆེར་དགོད་མི་ཤེས་པའི་ནོར་ལུག་ལྟ་བུ་ཞིག་ལ་གྱུར་འདུག བདེ་སྐྱིད་ལྷ་མོའི་སེམས་སུ“ད་ལྟ་མོའི་ཁོར་ཡུག་ཏུ་དགོད་སྒྲ་ཤིན་ཏུ་ནས་ཀྱང་དཀོན་ཞིང་། རང་ཉིད་ལའང་དགོད་སྒྲ་ལྟ་ཅི་འཛུམ་ཙམ་ཡང་མེད་པའི་འཇིག་རྟེན་ཞིག་ཏུ་གློ་བུར་བསྐྱལ་སོང་བ་འདི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་། ཉིན་མཚན་གཉིས་སུ་ཡལ་རྒྱུ་མེད་པའི་ཆོབ་སྒྲ་འུར་སྒྲ་འདི་དག་དགོད་སྒྲ་རུ་གྱུར་ན་ཅི་མ་རུང་། སྨན་པ་ཚོས་གྱོན་པའི་མཆུ་ཐུམ་དཀར་པོ་དག་འཛུམ་དཀར་གྱི་དུང་སོ་མངོན་པ་ཡིན་ན་ཅི་མ་རུང”མོའི་ཡིད་ཀྱི་གཏིང་རུམ་ནས་དེ་ལྟའི་མངོན་འདོད་ཀྱི་རེ་བ་ལྕི་མོ་ཞིག་ཡང་ཡང་འཕྱུར། ཡང་ཡང་ལྷོག་ལྷོག་ཏུ་འཕྱུར། དབྱར་གསུམ་གྱི་ཐབ་ཀའི་འོ་མ་བཞིན་ཏུ་འཕྱུར། དགུན་གསུམ་གྱི་ལྷས་རའི་ས་རྡུལ་བཞིན་དུ་འཕྱུར།

        མཚན་མོ་དེར་བདེ་སྐྱིད་ལྷ་མོའི་རྣ་ལམ་དུ་ཕྱི་རོལ་གྱི་ཆོབ་སྒྲ་འུར་སྒྲ་ཐོས་རྒྱུ་མ་བྱུང་ལ། ནམ་རྒྱུན་རང་གི་མིག་མདུན་ན་མངོན་པའི་ཁང་བའི་ནང་ངོས་དཀར་པོ་དང་། ནད་ཁྲི་དཀར་པོ། མལ་ཐུལ་དཀར་པོ་སོགས་ཀྱང་མཐོང་རྒྱུ་མ་བྱུང་། ཐ་ན་གནམ་ནས་དཔྱངས་པའི་རང་ཉིད་འདོགས་བྱེད་ཀྱི་ཆུ་སྦུག་ཕྲ་མོ་དེའང་ལག་སྐེར་ཟུག་ཡོད་པ་མ་མཐོང་། མཚན་མོ་དེར་མོས་མཚན་མོ་དངོས་ཀྱི་ཁ་དོག་མཐོང་སོང་བ་ཡིན་ནམ། གང་ལྟར་ནག་ཐོམ་མེར་གྱུར་ནས་སད་རྒྱུ་མ་བྱུང་།།


རྩོམ་ཡིག་སྔོན་མ།
2017ལོའི་དེབ་6པ།
རྩོམ་ཡིག་རྗེས་མ།
ཟམ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1