འཁོར་བ།
ཀོ་གྲུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
རི་མོ་གཉིས་སུ་གྱེས་པའི་ལོ་ཟླ་དེ།།
མེ་ཏོག་དཀར་དམར་ཞིག་གི་འཁྲུངས་སྐར་ཡིན།།
ཟླ་བ་ཕྱེད་ཀའི་སྒང་གི་དུས་ཚོད་ནི།།
སྤྲིན་པའི་རྐང་རྗེས་དེད་ནས་ཐུར་དུ་འགྲུལ།།
མཚན་མོའི་སྒེའུ་ཁུང་ནང་གི་མགྲོན་པོ་དེ།།
ལྭ་བ་ནག་པོ་ཅན་གྱི་རྟ་རྫི་ཞིག།
རྣ་བའི་ཟོམ་དུ་ལྷུང་བའི་བྲག་ཅ་ནི།།
སྒོ་ཁྱིས་དམ་ལ་བཏགས་པའི་རྣམ་ཤེས་སམ།།
ཡིག་འབྲུའི་ལོ་མས་གཡོགས་པའི་སྒྲུབ་ཕུག་དེ།།
བརྡ་ཆད་འཚང་པར་རྒྱ་སའི་བྱང་ཆུབ་གྲོང་།།
དགའ་སྐྱོའི་བྲག་ལ་བརྡར་བའི་སྡིག་སྒྲིབ་ནི།།
ཚེ་ཡི་ཆུ་ཐིགས་བསགས་པའི་རྒྱ་མཚོ་ཉིད།།