འབོད་སྐུལ་དུང་གི་སྒྲ་དབྱངས།
མདའ་མདོ་ཟླ་བ་བཟང་པོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
མེས་དབོན་རྣམ་གསུམ་འདས་པའི་ལོ་རྒྱུས་གྱུར།།
བདེ་བའི་ཞིང་ཁམས་འབྱུང་འགྱུར་ཕུགས་བསམ་ཙམ།།
གནད་དང་མདོ་རྩ་ད་ལྟའི་གནས་བབ་རེད།།
མགོ་བོ་དགྱེ་ནས་ཕྱོགས་བཞིར་ལྟོས་ཤིག་བུ།།
གནའ་ནས་ད་བར་ལྷ་གསོ་ཀླུ་མཆོད་བྱས།།
ལས་དབང་ཡོངས་རྫོགས་གོང་མ་ལྷ་ལ་བཅོལ།།
གལ་ལ་ཐུག་དུས་ཕན་ཐོགས་རི་བོང་རྭ།།
རིགས་པས་དཔྱད་ན་སྙིང་པོ་གང་ཡང་མེད།།
སྟེང་གི་ལྷ་ཡིས་སྐྱོབ་པར་བསང་མཆོད་བྱེད།།
འོག་གི་འདྲེ་ལ་སྐྲག་ཅིང་གླུད་གཏོར་བརྫངས།།
བར་གྱི་བཙན་གྱིས་གནོད་དོགས་རིམ་གྲོ་སྒྲུབ།།
རྨོངས་པའི་རྒྱ་རུ་མ་ཚུད་དུས་ཤིག་མེད།།
ནད་པ་ཚབས་ཆེན་མོ་པའི་གཏམ་གྱིས་ཕུང་།།
རྣམ་ཤེས་གསོན་པོ་རྩིས་པའི་ལག་ཏུ་བཞག།
ཉམ་ཆུང་ནུས་མེད་ལྔ་པའི་ལམ་དུ་མངགས།།
རང་སྡེའི་མི་འདིར་དཔྱད་ན་སྙིང་པོ་ཅི།།
སྔོན་གྱི་བླ་མ་བཞུགས་ས་དབེན་གནས་རེད།།
ད་ལྟའི་བླ་མ་བཞུགས་ས་རྒྱ་གྲོང་དཀྱིལ།།
གྲྭ་པ་ཕལ་ཆེར་འདུ་འཛིར་མགོ་བོ་གཡེང་།།
ལུང་རྟོགས་བསྟན་པ་འཛིན་སྐྱོང་འདི་ལྟར་རམ།།
དབང་ཆ་ཡོད་དུས་རང་གི་རིགས་ལ་སྡང་།།
དབང་ཆ་ཤོར་དུས་ལ་རྒྱས་ཁ་ཕོ་སྒྲོག།
དབང་མེད་བོད་ཀྱི་ཝ་སྐྱེས་སྡར་མའི་ཁྱུ།།
དབང་དང་གོ་སས་རང་རིགས་སྐྱོང་དུས་མེད།།
ཁ་དུ་བཅད་ནས་སྣ་དུ་འཐེན་པ་གཅིག།
སྲོག་གཅོད་སྤངས་ནས་ཤ་ཁྲག་རོལ་བ་གཉིས།།
ཨ་རག་བཅད་ནས་ལྦུ་ཆང་འཐུང་བ་གསུམ།།
དོར་མ་ཕུད་ནས་འོག་རླུང་གཏོང་དང་མཚུངས།།
ཕ་བཟང་བུ་སྤུན་གཉིས་ལ་ཆུང་མ་གཅིག།
ཕ་ཤུལ་བུ་འཛིན་ཁྱིམ་གཞིས་སྐྱོང་བ་ལ།།
ཕ་གཉིས་ངེས་མེད་བུ་གཅིག་སྐྱེས་གྱུར་ཀྱང་།།
ཕ་རོལ་གཞན་གྱིས་འཕྱ་དམོད་བྱ་ཡུལ་གྱུར།།
ལང་ཤོར་ཆུང་མས་ཁྱོ་བོའི་མགོ་རྣ་རྫོད།།
མདོ་མེད་ཁྱོ་བོས་ཤོ་དང་མཱ་ཅང་རྩེ།།
བུ་དང་བུ་མོས་སྤྱོད་ངན་ཁྱིམ་ནས་ལོབས།།
བླང་དོར་ལོག་པའི་ཁྱིམ་ལ་དར་དུས་མེད།།
འབྲོག་པས་སྒོ་ཟོག་བཙོང་ནས་རྒྱ་གྲོང་ཉུལ།།
ཞིང་པས་ཚེར་མ་བཏབ་ནས་ཕ་ཞིང་བསྐྱུར།།
གཞན་གྱི་ཕོར་པའི་ཁ་ལ་ལག་པ་གཟེད།།
ཕ་གཞིས་གཙང་མ་ཤོར་བ་རང་གིས་ལན།།
ཁ་ནས་བཤད་པ་དོན་གྱི་ལག་ལེན་གཉིས།།
རང་གི་ཁེ་ཕན་ཐུག་དུས་མི་མཐུན་པས།།
གཟིག་ལྤགས་བཀལ་བའི་བོང་བུའི་དཔེ་མཚོན་བཞིན།།
རྫུན་མགོ་བསྐོར་བའི་གྲོགས་ལ་ཡིད་རྟོན་ཅི།།
གཞན་རྩོམ་ཉོས་ནས་རང་གི་ཡིན་ཁུལ་བྱེད།།
རྩོམ་པ་པོ་ཡི་ཆོ་ལོ་རྫུན་མ་འཁྱེར།།
མཁས་པའི་མདུན་སར་ལྐུགས་པའི་རང་མདོག་སྟོན།།
མ་ཡིན་ཡིན་མདོག་བྱེད་པའི་ཤེས་ཡོན་པ།།
གྲོགས་པོ་རྙིང་པ་སེམས་ཀྱི་དགྲ་རུ་འཛིན།།
བདེན་པའི་སྐད་ཆ་སྙིང་གི་ཚེར་མར་གྱུར།།
ཕྱུག་པོས་མི་ཕན་སྤྲང་པོས་གནོད་སྣང་ཤར།།
བསམ་བློ་མི་གཏོང་ཁ་ཡག་གཏམ་ལ་དགའ།།
དྲུག་ཅུ་རྒད་པོའི་སྐྲ་དཀར་ནག་རྩིས་བསྒྱུར།།
བཅོ་བརྒྱད་བུ་མོའི་མཆུ་སྒྲོས་དམར་རྩི་བྱུགས།།
རྒྱ་མ་བོད་ཀྱི་འདྲེས་སྐད་ངག་ལ་བྱང་།།
ཡ་རབས་ལུགས་སྲོལ་ཡག་དང་མཛའ་ཡིས་བརྫད།།
འཇིག་རྟེན་མི་ཆོས་སྐྱོང་བའི་ཐབས་ལམ་མཆོག།
དངོས་ཡོད་འཚོ་བ་གདོང་ལེན་བྱེད་ཕོད་དང་།།
ད་ཡོད་ཚན་རིག་ལག་རྩལ་སློབ་པ་ལས།།
ཉིན་མོའི་རྨི་ལམ་སྐྱིད་པོའི་ཕན་མི་ཐོགས།།
གཞན་ཕན་ཁུར་དུ་འཁྱེར་བའི་བླ་སྤྲུལ་གཅིག།
གཞན་ལ་འཚེ་མེད་ཞི་དུལ་བཙུན་པ་གཉིས།།
གཞན་དོན་ཐུགས་ལ་མངའ་བའི་སྡེ་དཔོན་གསུམ།།
གཞན་འོག་ཉམ་ཐག་འགྲོ་བའི་མགོན་གྱུར་ཅིག།
ལེགས་ལྡན་བྱམས་བརྩེ་ཅན་གྱི་ཕ་མ་གཅིག།
ལེགས་རྒུའི་མཐུན་རྐྱེན་འཛོམས་པའི་སློབ་གྲྭ་གཉིས།།
ལེགས་ཉེས་བླང་དོར་སྟོན་མཛད་དགེ་བའི་བཤེས།།
ལེགས་མཛེས་གཞོན་ནུ་དག་ལ་འཕྲད་པར་ཤོག།
ཁ་ལག་མི་མཚུངས་ཁམས་པའི་མི་འཁྱམས་ངས།།
ཁ་ཡི་ལ་རྒྱའི་ངར་སྐད་མ་ཡིན་པ།།
ཁ་ཞེ་སྙིང་མེད་བདག་དང་བདག་འདྲ་ལ།།
ཁ་མིན་དོན་གྱི་གནས་ལུགས་ཚིག་གསུམ་ཡིན།།