ཤིན་ཏུ་གཉོམ་པའི་སྡུག་བསྔལ།
རྟོག་གེ་པ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
ང་རང་གཡག་ར་ལུང་པའི་ནང་དུ་ཡོད།
གཡག་ར་ལུང་པ་ནི་ཧ་ཅང་བཀྲ་མི་ཤིས་པའི་རྟགས་སུ་བཞག་ན།
ངས་ད་གདོད་རང་གི་རུས་རྐང་གི་མེ་ཁ་སོས་པ་ཡིན།
ང་རང་དར་རྩེ་མདོ་ན་ཡོད།
ངས་ཡུལ་མི་ཚོ་ལ་རང་ཉིད་གནའ་བོའི་བོད་ཁྲོམ་ཞིག་གི།
གྱང་ཆག་མི་མཐོང་བའི་གྲོང་ཁྱེར་སྔ་ལོགས་སུ་འཁྱམ་ཉུལ་བྱེད་ཀྱིན་ཡོད་ཅེ་ན།
ངས་ད་གདོད་ས་འདིའི་འཇིགས་སྐྲག་གི་དགུན་ཁ་དང་།
མ་འོངས་པའི་ཁ་བ་མྱོང་བར་འགྱུར།
ང་རང་འཛམ་གླིང་གི་ཡང་རྩེ་ན་ཡོད།
ངས་དིང་རི་བརྒྱད་རྩ་བའི་ནང་གི།
༼ནགས་ཀྱི་དཀྱིལ་ན་སྤྲེའུ་སྐྱིད་སྙམ་སྟེ།
ནགས་མཐའ་མེ་ཡིས་བསྐོར་བའི་དིང་རི་བ༽ཞེས་པའི་སྙན་ངག་ཀློག་གིན།
རང་ཉིད་ལ་ན་ཟུག་འབྱིན་ཅི་ཐུབ་བྱས་ན།
ངས་ད་གདོད་རང་ཉིད་ཆགས་སྡང་ཅན་གྱི་འཇིག་རྟེན་པ་ཞིག་ཡིན་པ་དང་།
ལོ་རྒྱུས་ཀྱི་དམྱལ་ཁམས་འགའ་ཞིག་ནི་མིག་བཙུམ་མ་ཐག
གྲིབ་ཡོལ་དུ་འཁོར་ཡོང་བ་དང་།
སླར་ཡང་མིག་གི་སྒོ་འཕར་ཡངས་མོར་ཕྱེས་པ་ན།
དེ་ལས་ཀྱང་བར་ཐག་ཉེ་འོང་ཞིང་སྣང་བ་དུབ་ཡོང་བ་འདུག