ཨ་ཕ་ལགས། ཁྱེད་ཉིད་ཞིང་ཁམས་དེ་གར་བདེའམ།
བཀྲ་བྷ། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
གཅིག
ཨ་ཕ་ལགས། ཕྲན་གྱིས་ཁྱེད་ཉིད་ད་ལྟ་ཞིང་ཁམས་གང་ན་བཞུགས་པ་གཏན་ནས་མི་ཤེས། ཀྱེ་ཀྱེ་ཨ་ཕ་ལགས། ཕྲན་ཆུང་གི་སེམས་སུ་ཨ་སྔོན་ཨ་གསལ་ཡིན་ཏེ། གལ་སྲིད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་གང་ཟག་ཅིག་མིན་ན། ཚུལ་དེ་གཏན་ནས་རྟོགས་མི་སྲིད། ཨ་ཕ་ལགས། ཁྱེད་ཉིད་ཞིང་ཁམས་དེ་གར་བདེའམ། སྐྱིད་དམ། བུ་དང་བུ་མོ་འགའ་ཞིག་ཡོད་དམ། སྔར་ལྟར་ཡོན་ཏན་གྱི་རིན་ཐང་རྟོགས་ཏེ། བུ་དང་བུ་མོ་སློབ་གྲྭར་མངགས་ཡོད་དམ། ཁྱེད་ཉིད་སྔར་ལྟར་སྨྲ་བ་ཉུང་ངམ། ཁྱེད་ཉིད་ལ་སྔར་ལྟར་འབྱོར་ཕྱུག་ལྡན་ནམ། ཁྱེད་ཉིད་སྔར་ལྟར་འཚེམ་བཟོ་སོགས་ལ་ཤིན་ཏུ་མཁས་པས།གཉེན་ཉེ་རྣམས་ཀྱི་བག་མའི་བག་ལྭ་དང་མག་པའི་མག་ལྭ་འཚེམ་མཁན་ནི་ཁྱེད་རང་ཡིན་ནམ། ཁྱེད་རང་གི་སྐུ་ལུས་ཅུང་ཟད་རྒྱགས་པས། གཞན་གྱིས་ཁྱེད་ལ་རྡོ་ལྟིག་ཅེས་འབོད་དམ།བརྩོན་འགྲུས་དང་ཁྱིམ་གཞི་གཉེར་བའི་འཇོན་ཐང་ལ་དེ་གར་གྲགས་སྐད་ཡོད་དམ། རྟ་གོང་ནས་གཉིད་ཀྱང་ས་མི་ལྷུང་བ་ཞིག་ཡིན་ནམ། ཨ་ཕ་ལགས། ཁྱེད་ཉིད་དགུང་ལོ་ཞེ་བཞི་བཞེས་སྐབས་གནམ་ལྕགས་ཐོག་གིས་གཙེས་ཏེ་ཞིང་ཁམས་གཞན་ལ་གཤེགས་སོང་བ་དང་། ཞིང་ཁམས་གཞན་ལ་གཤེགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། ཕྲན་ཆུང་ནི་ཡུལ་གང་ན་གནས་ཀྱང་། ནམ་རྒྱུན་འདི་དང་འདི་འདྲའི་དྲི་བ་སྣ་ཚོགས་ཀྱིས་ཕྲན་ཆུང་གི་སེམས་སུ་འཁྱུག་འགྲོས་བྱེད་སྲིད་ལ། སྤུན་མཆེད་གཞན་རྣམས་ཀྱང་དེ་བཞིན་ཡིན་ངེས།
1
ཕྲན་ཆུང་སྤུན་མཆེད་རྣམས་པེ་ཅིང་དང་། ཟི་ཁྲོན་དང་། མཚོ་སྔོན་བཅས་སུ་ལམ་ལ་ཆས་ཏེ། ཉི་མ་ལྷ་སར་ལྷན་འཛོམས་བྱུང་སོང་།
ཕྲན་ཆུང་ཉི་མ་ལྷ་སར་སླེབས་ཐེངས་ལྔ་བ་དེར། གཅུང་སྟག་བྷེ་ནི་སྔར་ལྟར་འགྲོ་མ་ནུས་ཀྱང་། གཅུང་བཀྲ་རྟ་དང་། གཅུང་མཁན་པོ་ཐུབ་བསྟན་ཆོས་གྲགས། གཅུང་ཚེ་དཔལ་སྟོབས་ལྡན་རྣམས་ནི་དུས་བཏབ་པ་ལྟར་སླེབས་བྱུང་བས།མི་རེའི་སེམས་ལ་ཕུགས་ཀྱི་མདུན་མ་མངོན་པར་གྱུར་པའི་དགའ་སྣང་རེ་འཕོས་བྱུང་།
ཨ་ཕ་ལགས། ཁྱེད་ཉིད་བཞུགས་སའི་ཞིང་དེར་ཉི་མ་ལྷ་ས་ཡོད་དམ། ཇོ་བོ་ཡིད་བཞིན་ནོར་བུ་བཞུགས་སམ། ཉི་མ་ལྷ་སར་ཕེབས་ཏེ་ཇོ་བོ་ཡིད་བཞིན་ནོར་བུར་མཇལ་བའི་འདུན་མ་དེ་མངོན་པར་གྱུར་ཏམ། དེ་མིན་ཨ་ཕ་ལགས། ཁྱེད་བཞུགས་སའི་ཞིང་ཁམས་དེར་སྐར་རྩིས་དར་རམ། ལོ་གཅིག་ནི་ཟླ་བ་བཅུ་གཉིས་ཡིན་ནམ།ཟླ་གཅིག་ནི་ཉི་མ་སུམ་ཅུ་དང་ཉིན་གཅིག་ནི་དུས་ཚོད་ཉེར་བཞི་ཡིན་ཡིན་ནམ། དྲི་བ་འདི་དག་ལ་ལན་མེད་པ་སྔ་མོ་ནས་ཤེས་མོད། ཕྲན་ཆུང་ཉི་མ་ལྷ་སར་སླེབས་ཐེངས་ལྔ་བ་དེར། ལྷ་ལྡན་གཙུག་ལག་ཁང་གི་མདུན་རོལ་ལ་སླེབས་སྐབས། དྲི་བ་འདི་དག་སླར་ཡང་ལྗིད་ཏིག་གེར། འཁྱག་སིབ་བེར་སེམས་ལ་འཁྱུག་འཁྱུག་བྱེད་བཞིན་འཕོས་བྱུང་།
2
རེད་ལགས། བདག་ནི་ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་ལ་ཆ་རྒྱུས་ཡོད་མི་སྲིད་མོད། གང་ལྟར་འཛམ་གླིང་སྤྱི་རྩིས་ལྟར་ན། དེ་དུས་ནི་སྤྱི་ལོ2016ལོའི་ཟླ12པའི་ཚེས29ཉིན་ཡིན་ལ། ཕྲན་ཆུང་ནི་སྤུན་མཆེད་རྣམས་དང་ལྷན་དུ་དབུས་ཀྱི་སེ་ར་དུར་ཁྲོད་ཀྱི་འདབས་རོལ་དུ་བསླེབས་པ་ན། ངེད་ཅག་གནས་དེ་གར་ཀྲོང་ངེར་ལངས་ཏེ། མགོ་བོ་བཏེགས། ཕྲག་པ་ལྷོད། དངན་པོ་རིང་ཐུང་འགའ་བཙན་གྱིས་སེམས་ཁོང་ལ་མིད་རྗེས། དྲན་གདུང་གི་མིག་ཟུང་རི་ངོས་ལ་གཏད་པ་ན། ཕྲན་ཆུང་གི་མཐོང་ལམ་ལ་དུང་དཀར་དབྱིབས་སུ་འཁྱིལ་བའི་ལུང་ཕྲན་དེའི་གྲོག་ཤུར་རྣམས་མ་སྣང་།མི་འཇིགས་ཟིལ་གྱིས་འགྱིང་བའི་ཕ་བོང་ཆེན་པོ་རྣམས་མ་སྣང་།སྐད་ཅིག་ཉིད་ལ་གསལ་ལེར་སྣང་བ་ནི་དུར་ཁྲོད་ཀྱི་རི་སྐེད་ན་གནས་ཤིང་།རྣམ་པ་ནི་མིའི་ལག་པ་ཀེར་བའི་ལག་མཐིལ་དང་གཉིས་སུ་མེད་པའི་སྤང་ལྗོངས་ལེབ་མོ་དེ་ཡིན་བྱུང་།
ཀྱེ། སྤང་ལྗོངས་ལེབ་མོ།
ཀྱེ་ཀྱེ་སྤང་ལྗོངས་ལེབ་མོ། ཕྲན་ཆུང་གི་སེམས་ཀྱི་རྟེན་ཕུར་དུ་གྱུར་པའི་སྤང་ལྗོངས་ལེབ་མོ།
ཀྱེ་ཀྱེ་སྤང་ལྗོངས་ལེབ་མོ། སྔར་དུས་ལྗང་མདོག་གཡས་སུ་འཁྱིལ་བའི་གཡུ་ལོ་བཀོད་པའི་ཞིང་ཁམས།
3
ཀྱེ་མ། ཨ་ཕ་ལགས། སྤང་ལྗོངས་ལེབ་མོ་དེ་འགྱུར་འདུག ལོ་ཉེར་དགུའི་སྔོན་ལ་ཕྲན་ཆུང་འདི་གར་སླེབས་དུས། སྤང་ལྗོངས་ཀྱི་ངོས་མཉམ། རྩྭ་རྫོབ། ཤར་ཤུར་མེད་མོད། རྗེས་སུ་ཆར་ཆུས་ཆུ་ཤུར་མང་པོ་བཤགས་ཏེ། གནས་དེ་ནི་མི་རྒན་གྱིས་མཛུབ་མོ་བསྲིངས་ཏེ་ལག་མཐིལ་ཕྲན་ལ་བསྟན་འདུག་པ་དང་གཉིས་སུ་མེད།ཀྱེ་མ་ཀྱི་ཧུད་ཨ་ཕ་ལགས།གལ་ཏེ་སྐབས་དེར་སྤང་ལྗོངས་ལེབ་མོ་དེ་ལ་རྗེས་སུ་འགྱུར་ལྡོག་འདི་འདྲ་འབྱུང་སྲིད་རྟོགས་ཡོད་ན། ཁྱེད་ཀྱི་གདུང་ཐལ་ལ་གནས་མལ་གཞན་ཞིག་འདེམ་ངེས།
ཏག་ཏག་སྐབས་དེར། སྤང་ལྗོངས་ལེབ་མོ་དེ་ཆུ་ཤུར་མང་པོ་དང་ལྷན་དུ་ངའི་སེམས་སུ་འཕོས་པ་ན། ཡ་ཆུང་ལ་སྟག་གིས་སྦར་འདྲད་ལན་འགའ་བྱས་པ་དང་བསྟུན་ནས།སྤང་ངོས་ཀྱི་ཆུ་ཤུར་དང་གཉིས་སུ་མེད་པའི་རྨ་སྒྲོས་ཀྱི་ཤུར་མོ་འགའ་ཞིག་སྐད་ཅིག་ཉིད་ལ་སྙིང་རྩེར་འཕོས་བྱུང་།
ཡོད་ཚད་དལ་ཅག་གེར། ཐམས་ཅད་འཇམ་ལྷང་ངེར།
“གང་ཞིག་རེད།” གཅུང་ཚེ་དཔལ་སྟོབས་ལྡན་གྱིས་གློ་བུར་དུ་དེ་ལྟར་དྲིས།
“གན་རེད།”ཕྲན་ཆུང་གིས་མཛུབ་མོ་གྱེན་ལ་ཀེར་ནས་སྤང་ལྗོངས་དེ་ལེབ་མོ་དེ་བསྟན།
“ཨ་མས་གན་མ་རེད་ཟེར།”
ལོ་དུ་མའི་སྔོན་ལ།ཚེ་དཔལ་སྟོབས་ལྡན་གྱིས་ཨ་མ་ཁྲིད་ནས་དུར་ཁྲིད་ལ་ཡོང་མྱོང་བས།ཁོས་ཨ་མའི་ཞལ་གསུང་བདེན་པར་བཟུང་སྟེ་སྤང་ལྗོངས་གཡས་ཟུར་གྱི་རི་ངོས་དེ་ལ་མཛུབ་མོ་བཙུགས་ནས“ཨ་མས་གནས་འདི་ཡིན་ཟེར”ཞེས་བཤད་བྱུང་།
“ང་རང་ནོར་མེད། སྤང་ལྗོངས་ལེབ་མོ་མིའི་ལག་མཐིལ་འདྲ་བ་གན་རེད།” ཕྲན་ཆུང་གིས་མཛུབ་མོ་ཀེར་ནས་བདེན་ཅོག་ཅོག་གིས་དེ་ལྟར་བརྗོད།
སྐབས་དེར།གཅུང་ཐུབ་བསྟན་ཆོས་གྲགས་དང་བཀྲ་རྟ་གཉིས་ཀའང་ངེད་གཉིས་ཀྱི་གམ་ལ་སླེབས་བྱུང་བས། ངེད་ཅག་ལྷན་དུ་ཀྲོང་ངེར་ལངས་ཏེ། ཕྲན་ཆུང་གིས་མཛུབ་མོ་ཀེར་ནས་བསྟན་པ་ལྟར་སྤང་ལྗོངས་ལེབ་མོའི་ངོས་ལ་ཅེར་བ་ན། ཨ་ཕ་ལགས། ཁྱེད་ཀྱི་བུ་རྣམས་ཀྱི་ངག་ན་ཚིག་མེད། གདོང་ན་འཛུམ་མེད་མོད། མི་རེའི་སེམས་ན་སྨོན་ལམ་རེ། གསོལ་འདེབས་རེ་ཡོད་པར་མ་ཟད།འདས་པའི་དུས་ཀྱི་དོན་དག་མང་པོ་ཞིག་མཐོང་སྣང་ལ་རི་མོ་བཞིན་དུ་ཤར་བྱུང་། ཨ་ཕ་ལགས། གང་ལྟར་སྐབས་དེར་ཕྲན་ཆུང་གི་སེམས་སུ་དབུས་ཀྱི་སེ་རའི་དུར་ཁྲོད་ལ་ཐོག་མར་སླེབས་པའི་ཉིན་མོ་དེ་འཕོས་བྱུང་།
གཉིས།
ཨ་ཕ་ལགས། ཕྲན་གྱིས་དངོས་འབྲེལ་ཁྱེད་ཉིད་ཞིང་ཁམས་གང་ན་བཞུགས་པ་གཏན་ནས་མི་ཤེས། ཀྱེ་ཀྱེ་ཨ་ཕ་ལགས། གནད་དེ་ཕྲན་ཆུང་གི་སེམས་སུ་ཨ་སྔོན་ཨ་གསལ་ཡིན་ཏེ། གལ་སྲིད་ལམ་ཟིན་གང་ཟག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་མིན་ན།ཚུལ་དེ་རྟོགས་པའི་བསྐལ་བ་གཏན་ནས་ཡོད་མི་སྲིད། ཁྱེད་ཉིད་ཀྱི་ཞིང་ཁམས་དེ་གར་འཆི་འཕོ་དང་ཤི་གསོན་གྱེས་བྲལ་ཡོད་དམ། གཤིན་པོའི་གཟུགས་གཞི་འབྱུང་བ་ལྔ་ལ་ཟས་སུ་སྦྱིན་པའི་སྲོལ་དར་རམ།ཤིད་དོན་གཉེར་སྐབས་སེམས་སུ་སྡུག་གི་རླབས་ཕྲེང་འཕྱོ་ངེས་ཡིན་ནམ།ཁྱེད་ཉིད་དགུང་ལོ་གསུམ་ལ་སོན་སྐབས་མ་ཡུམ་ཚེ་ལས་འདས་ཏེ་དྭ་ཕྲུག་ཏུ་གྱུར་ཏམ། ཀྱེ་ཀྱེ་ཨ་ཕ་ལགས། ཁྱེད་ཉིད་དགུང་ལོ་ཞེ་བཞི་བཞེས་སྐབས་གནམ་ལྕགས་ཐོག་གིས་གཙེས་ཏེ་ཞིང་ཁམས་གཞན་ལ་གཤེགས་སོང་བ་དང་། ཞིང་ཁམས་གཞན་ལ་གཤེགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། ཕྲན་ཆུང་གི་ཉིན་གྱི་དྲན་པ་དང་མཚན་གྱི་རྨི་ལམ་ལ་དྲི་བ་འདི་དང་འདི་འདྲ་མང་པོས་མངའ་དབང་བསྒྱུར་ལ། སྤུན་མཆེད་གཞན་རྣམས་ཀྱང་ཚུལ་འདི་ལས་མ་འདས་པར་ངེས།
1
ཨ་ཕ་ལགས། ཁྱེད་ཉིད་ཀྱིས་བརྗེད་སྲིད་ཀྱང་། ཕྲན་ཆུང་གིས་གཏན་ནས་བརྗེད་མི་སྲིད། དེ་དུས་ནི་སྤྱི་ལོ1987ལོའི་ཟླ9པའི་ཚེས8ཉིན་ཡིན་ལ།ཕྲན་ཆུང་གིས་ཁྱེད་ཀྱི་གདུང་ཐལ་ཁུར་ནས་དབུས་ཀྱི་སེ་རའི་དུར་ཁྲོད་ཀྱི་འདབས་རོལ་ལ་སླེབས་སྐབས། དུང་དཀར་དབྱིབས་སུ་འཁྱིལ་བའི་ལུང་ཕྲན་གྱི་ངོས་སུ། ཕ་བོང་སྐྱ་བོ་མང་པོས་གཅིག་གིས་གཅིག་ལ་འགྲན་བཞིན་ཟིལ་གྱིས་འགྱིང་འདུག་པ་དང་།ཆུ་ཤུར་ཆེ་ཆུང་མང་པོ་ཐུར་ལ་འཕྱང་འདུག་པ་མཐོང་བས། ཨ་ཕ་ལགས། ཕྲན་ཆུང་གི་སེམས་པ་འཇིགས་ཡེར་ཡེར་བྱས་མོད། དུར་ཁྲོད་གོང་རོལ་གྱི་སྤང་ལྗོངས་ལེབ་མོ་ཡིད་དུ་འོང་བ། བདེ་སྣང་འཁྱིལ་བ། གཡུ་མདངས་འབར་བ་དེ་མཐོང་བ་ན། ཕྲན་ཆུང་ནི་ས་དཔྱད་ལ་མི་གོམས་རུང་། གནས་དེ་ཁྱེད་ཉིད་ཀྱི་བླ་ཡི་གནས་མལ་བྱེད་ཆོག་པར་སྙམ་སོང་།
2
ཀྱེ་ཀྱེ་ཨ་ཕ་ལགས། ཕྲན་ཆུང་སྤང་ལྗོངས་ལེབ་མོའི་ནང་ཤེད་དུ་ལངས་ཏེ། ངག་ནས་ཡིག་དྲུག་ཟློ་བཞིན། སེམས་ནས་གསོལ་བ་འདེབས་བཞིན་དུར་ཁྲོད་ཀྱི་འདབས་རོལ་ལ་བལྟས་པ་ན། སྦྲ་གུར་ཁྲ་བོ་དེ་ལས་དྲིལ་བུའི་སྒྲ་དབྱངས་སིལ་སིལ་དུ་གྲགས་བྱུང་ལ། རི་འདབས་ན་ཡོད་དུས། དུར་ཁྲོད་བརྒྱ་རྩ་འགྲིམ་མཁན་གྱི་སྐྱེས་ཆེན་དམ་པ་དེ་ལ་ཡོན་ཕུལ་ནས་སྐྱབས་བཅོལ་ཡོད་པས།དྲིལ་སྒྲ་དེ་ནི་ཁོང་ཉིད་ཀྱིས་ཁྱེད་ཉིད་ལ་ལམ་སྣ་སྟོན་པའི་དབྱངས་སྙན་ཡིན་པར་སྙམ་པ་ན།སྨོན་འདུན་གྱིས་དྲངས་པའི་མཐོང་སྣང་ལ་དྲིལ་བུའི་སྒྲ་དབྱངས་ཀྱིས་གྲུབ་པའི་ཐེམ་སྐས་ཁ་དོག་རྣམ་པར་བཀྲ་བ་ཞིག་འཕོས་པ་དང་།ཁྱེད་ཉིད་ཀྱིས་ཞབས་ཟུང་དྲིལ་བུའི་སྒྲ་དབྱངས་ཀྱི་ཐེམ་སྐས་ལ་བཀོད་དེ། འཛུམ་མདངས་དང་བཅས། བདེ་སྣང་དང་བཅས།འཁྲེང་སྣང་དང་ཞེན་སྣང་ཅི་ཡང་མེད་པའི་ངང་ནས་གྱེན་ནས་གྱེན་ལ་ཕེབས་བཞིན་པའི་ཚུལ་དེ་སྣང་བྱུང་།
ཏག་ཏག་སྐབས་དེར། དུར་ཁྲོད་འདབས་རོལ་ན་འགྲེང་འདུག་པའི་ཨ་མ་མཐོང་ལམ་ལ་མངོན་བྱུང་། ཨ་མ་ལགས་ནི་ལྷས་འདབས་ཀྱི་ཐོ་ཡོར་ལྟར། ཞིང་ནང་གི་ནས་ཤོག་ལྟར་ཀྲོང་ངེར་འགྲེང་འདུག་ཅིང་། འགྲེང་ལུགས་ལ་བརྟགས་པ་ན།ཨ་མ་ལགས་ཀྱི་ཡིད་སེམས་སྡུག་བསྔལ་ཆེན་པོས་རབ་ཏུ་གདུངས་པ་དང་བསྟུན་ནས། སྐྱོ་གདུང་ནི་མཆི་མའི་རྣམ་པར་གྱུར་ཏེ་མིག་ཀོང་ནས་ཕྱི་ལ་ལུད་བཞིན་ཡོད་པ་རྟོགས་ཐུབ།
ཀྱེ། ཨ་མ་ལགས། སྙིང་ཉེ་བའི་ཨ་མ།
ལོ་ན་དྲུག་ལ་སོན་སྐབས་ཨ་མ་ཚེ་ལས་འདས་ཏེ་དྭ་ཕྲུག་ཏུ་གྱུར་པའི་ཨ་མ།
ལོ་ན་ཞེ་བདུན་ལ་སོན་སྐབས་ཁྱོ་ག་ཚེ་ལས་འདས་པའི་ཨ་མ།
ཨ་ཨ་ཨ། ཨ་མ། ལས་དབང་གིས་ཡང་ཡང་སྡུག་ལ་སྦྱར་བའི་ཨ་མ།
3
ཀྱེ་མ་ཨ་ཕ་ལགས། ཀྱི་ཧུད་ཨ་ཕ་ལགས། ཉིན་མོ་དེ་ཕྲན་ཆུང་གིས་གཏན་ནས་བརྗེད་མི་སྲིད་དེ། ཕྲན་ཆུང་སྤང་ལྗོངས་ལེབ་མོ་དེ་གར་ས་ལ་བསྡད་དེ་རྒྱབ་ཀྱི་རས་ཁུག་མདུན་ལ་བླངས་པ་ན།ཡིད་ཀྱི་སྐྱོ་གདུང་གནོན་མ་ནུས། སེམས་ཀྱི་སྡུག་བསྔལ་ཟློག་མ་ནུས་པ་དང་བསྟུན་ནས། མཆི་མ་ནི་འཕྱུར་པ་ནང་བཞིན་མིག་ཀོང་ལས་ལུད་དེ་ཕྲེང་བར་བསྒྲིགས་ནས་ཐུར་ལ་གྲིལ་བྱུང་བ་དང་། ཁྱེད་ཉིད་ཉི་ངོགས་ན་བཞུགས་སྐབས་ཀྱི་རྣམ་པ་དང་སྣང་བརྙན་མང་པོས་སེམས་སུ་འཁྱུག་འཁྱུག་བྱས་སོང་། ཨ་ཕ་ལགས།ལྷག་པར་ཁྱེད་ཉིད་ཀྱི་གདུང་ཐལ་བཞུགས་སུ་གསོལ་བའི་རས་ཁུག་གི་དར་ཚོན་སྣ་ལྔའི་མདུད་པ་དེ་འགྲོལ་སྐབས། མདུད་མགོ་ནི་སྙིང་རྩེ་ལ་ཐེབས་འདུག་པ་མཚུངས་ལ། སྐུད་པའི་ཉག་མ་རེ་རེར་སེན་མོས་བྲད་པ་ན། སྙིང་རྩེ་ལ་སེན་མོས་བྲད་པའི་རྨ་ཁ་བྱུང་བ་དང་བསྟུན་ཏེ། ཟུག་གཟེར་ནི་སྙིང་རྩེ་ནས་མཆེད་དེ་བ་སྤུའི་ཁོང་གསེང་ཀུན་ལ་ལངས་སོང་། ཨ་ཨ། ཨ་ཕ་ལགས། དེ་ལས་ཀྱང་གཟོད་དཀའ་བ་ཞིག་ནི།ཕྲན་ཆུང་གིས་ཁྱེད་ཉིད་ཀྱི་གདུང་ཐལ་ཉུང་ཙམ་སྤར་མོར་བཅིངས་ནས་ས་ལ་གཏོར་སྐབས།……
ཀྱེ་མ་ཨ་ཕ་ལགས།ཉིན་དེར་ཕྲན་ཆུང་གིས་ཁྱེད་ཉིད་ཀྱི་གདུང་ཐལ་དབུས་ཀྱི་སེ་རའི་དུར་ཁྲོད་དུ་གཏོར་སྐབས། ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་གར་ཕྲན་ཆུང་གི་སྐྱོ་གདུང་སླེབས་བྱུང་ངམ།
ཀྱེ་ཀྱེ་བྱང་སེམས་ཅན་གྱི་ཨ་ཕ་ལགས། ཁྱེད་ཉིད་ཉི་ངོགས་ན་བཞུགས་སྐབས། ཁྱེད་ཀྱིས་ནམ་རྒྱུན“ང་རང་ཤི་རྗེས་བེམ་པོ་དུར་ལ་མ་འདེབས།དུར་ས་མཐོང་ན་བྱིས་པ་ཕྱུགས་རྫི་རྣམས་སྐྲག་ངེས་ཡིན”ཞེས་གསུངས་པས། ཁྱེད་ཉིད་ཞིང་ཁམས་དེ་གར་གཤེགས་རྗེས། གདུང་རུས་ནི་ཆབ་ཆ་ཞེས་སུ་འབོད་པའི་ས་ཆར་སྦྱིན་སྲེག་བྱས། ཁྱེད་ཀྱི་ཐུགས་དགོངས་རྫོགས་སོང་ངམ།
ཀྱེ་ཀྱེ་སྙིང་ནས་བརྩེ་བའི་ཨ་ཕ་ལགས། ཁྱེད་ཉིད་འཇིག་རྟེན་དཀར་ངོགས་སུ་བཞུགས་དུས། ནམ་རྒྱུན“ང་རང་ཤི་རྗེས་བེམ་པོ་སྦྱིན་སྲེག་བྱས་ཏེ་རུས་ཐལ་ས་ཆ་གཙང་མ་ཞིག་ལ་གཏོར་རོགས”ཤེས་གསུངས་པས། ཁྱེད་ཉིད་ཞིང་ཁམས་དེ་གར་གཤེགས་རྗེས། གདུང་ཐལ་ནི་མདོ་སྨད་ནས་དབུས་ཀྱི་སེ་རའི་དུར་ཁྲོད་ལ་གདན་དྲངས།ཁྱེད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་སོང་ངམ།
ཨ་ཕ་ལགས། ཁྱེད་ཀྱི་གསེར་སྙན་ལ་གསལ་བཤད་ཀྱི་ཚུལ་དུ་སྒྲོན་དགོས་པ་ཞིག་ནི། སྤྱིར་ཡིན་ན་ཨ་མས་གདུང་ཐལ་གཏོར་ལུགས་མཐོང་ན་བཟོད་དཀའ་སྙམ་སྟེ།མདོ་སྨད་ནས་དབུས་ལ་ཆས་སྐབས་ཁོང་ཉིད་ཕྲན་ཆུང་གི་རྗེས་སུ་འཁྲིད་འདོད་མེད་མོད། ཨ་མས་ཨུ་ཚུགས་རྦ་རླབས་ལྡོག་ལྡོག་མཛད་པས། ངེད་གཉིས་ལྷན་དུ་ཉི་མ་ལྷ་སར་ཕྱིན་པ་ཡིན།
གསུམ།
ཨ་ཕ་ལགས། ཕྲན་གྱིས་ཁྱེད་ཉིད་ད་ལྟ་ཞིང་ཁམས་གང་ན་བཞུགས་པ་གཏན་ནས་མི་ཤེས། ཀྱེ་ཀྱེ་ཨ་ཕ་ལགས། གནད་དེ་ཕྲན་ཆུང་གི་སེམས་སུ་ཨ་སྔོན་ཨ་གསལ་ཡིན་ཏེ། གལ་སྲིད་ལམ་ཟིན་གང་ཟག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་མིན་ན།ཚུལ་དེ་ཡོངས་སུ་རྟོགས་པའི་སྐལ་བ་ནི་གཏན་ནས་ཡོད་མི་སྲིད། ཁྱེད་རང་བཞུགས་སའི་ཞིང་ཁམས་དེར། ཁྱེད་ཀྱི་ཕ་ཡུལ་ལ་བ་ཡན་དགོན་མཚེར་འབོད་དམ།ཁྱེད་ཉིད་ནི་ཡབ་དགེ་འདུན་དང་ཡུམ་དཀར་མོ་སྐྱིད་ཀྱི་སྲས་སུ་འཁྲུངས་པ་ཡིན་ནམ། ཞིང་ཁམས་དེ་ན་བྱ་ཁྱུང་དགོན་པ་ཡོད་དམ། ཁྱེད་ཉིད་དགུང་ལོ་བཞི་ལྔར་སོན་སྐབས་དམ་པའི་ཆོས་སྒོར་འགྲིམ་མམ། རྗེས་སུ་དབུས་ལ་འབྲོ་སྐབས་དམག་གིས་བཟུང་སྟེ་རྩིག་བཟོ་བའི་གྲས་ལ་ཚུད་དམ། གཞན་ཡང་ཨ་ཕ་ལགས། ཞིང་ཁམས་དེ་ན་སྒོ་མེ་ཟེར་བའི་ཚོ་བ་ཞིག་ཡོད་དམ།ཁྱེད་རང་ཚོ་བ་དེ་གའི་དུད་ཁྱིམ་ཞིག་གི་མག་པར་གྱུར་རྗེས། ཁྱེད་ཉིད་ནི་ཡུལ་གྱར་བ་ཞིག་ཏུ་གྱུར་པས། རང་ཉིད་ས་བདག་ཡུལ་བདག་ཏུ་རློམ་པ་ལ་ལས་ཁྱེད་ལ་རྒྱ་ལྡོམ་རོང་ལྡོམ་ཞེས་སྡིགས་སམ།དེ་མིན་གཞན་ཡང་ཨ་ཕ་ལགས། ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་གར་འབྱོར་ལྡན་གྱི་ངོ་ངོ་སོ་མཐོའམ། ཉམ་ཆུང་ལ་ཐུབ་ཚོད་འཇུག་གམ། སྤྲུལ་སྐུ་རྫུན་མ་ཁྲི་ལ་འགོད་དམ། གཡོ་ཟོལ་ནི་ཆོས་ལས་བྲིན་ནམ། ཁྱེད་ཉིད་དགུང་ལོ་གསུམ་ལ་སོན་སྐབས་མ་ཡུམ་ཚེ་ལས་འདས་ཏེ་དྭ་ཕྲུག་ཅིག་ཏུ་གྱུར་ཏམ། ཨ་ཕ་ལགས། ཁྱེད་ཉིད་དགུང་ལོ་ཞེ་བཞི་བཞེས་སྐབས་གནམ་ལྕགས་ཐོག་གིས་གཙེས་ཏེ་ཞིང་གཞན་ལ་གཤེགས་སོང་བ་དང་། ཞིང་ཁམས་གཞན་ལ་གཤེགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ།ནམ་རྒྱུན་དྲི་བ་འདི་དང་འདི་འདྲ་སྣ་ཚོགས་ཀྱིས་ཕྲན་ཆུང་གི་སེམས་སུ་འཁྱུག་འགྲོས་བྱེད་སྲིད་ལ། སྤུན་མཆེད་གཞན་རྣམས་ཀྱང་དེ་བཞིན་ཡིན་ངེས།
1
ཨ་ཕ་ལགས། ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་གར་ཕྱོགས་གང་ཞིག་ལ་གཟིགས་ན། དབུས་ཀྱི་སེ་རའི་དུར་ཁྲོད་དེ་མཐོང་ཐུབ་བམ།དུར་ཁྲོད་འདབས་རོལ་གྱི་རྒྱ་གར་ཕྱོགས་ལ་འཕུར་གྲབས་ཡོད་པའི་དུར་རྡོ་ཆེན་པོ་དེ་མཐོང་ཐུབ་བམ།མཐོང་ཐུབ་པར་སྨོན།གསལ་ཐག་ཆོད་པའི་ངང་ནས་མཐོང་ཐུབ་པར་སྨོན། ལག་མཐིལ་གྱི་སྐྱུ་རུ་ར་བཞིན་གསལ་ཐག་ཆོད་པའི་ངང་ནས་མཐོང་ཐུབ་པར་སྨོན།
ཨ་ཕ་ལགས།གལ་སྲིད་ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་གར་དབུས་ཀྱི་སེ་རའི་དུར་ཁྲོད་ཀྱི་དུར་རྡོ་ཆེན་པོ་མཐོང་བ་ན། དུར་རྡོ་ཆེན་པོའི་གོང་རོལ་ན་བདེ་ཐང་ཤར་མོ་ཞིག་ཡོད་པ་དེ་མཐོང་ངེས་ཡིན། ཕྲན་ཆུང་ཐོག་མར་གནས་དེར་སླེབས་སྐབས།ཐང་ཤར་དེ་གར་དུར་ཁྲོད་བརྒྱ་རྩ་འགྲིམ་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་བཞུགས་ཡོད་ལ། འོན་ཏེ་ཕྲན་ཆུང་སྤུན་མཆེད་རྣམས་དང་ལྷན་དུ་གནས་དེར་སླེབས་སྐབས། ཐང་ཤར་དུ་དུར་ཁྲོད་བརྒྱ་རྩ་འགྲིམ་མཁན་གཅིག་ཀྱང་མི་སྣང་ལ།དེ་ཉིད་ཀྱི་གོང་རོལ་ན་རྡོ་འབུམ་མཐོ་དམའ་མི་འདྲ་བ་འགའ་བཞེངས་འདུག་པ་དང་། རྡོ་འབུམ་མང་པོའི་གཡས་ཟུར་དུ་གསུར་སྟེགས་ཤིག་བརྩིགས་འདུག
2
རྡོ་འབུམ་འགྲམ་གྱི་གསུར་སྟེགས་དེ་མཐོང་བ་ན། ཨ་ཕ་ལགས། ཕྲན་ཆུང་སྤུན་མཆེད་རྣམས་ཀྱིས་ཕན་ཚུན་ལ་གསལ་འདེབས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་རུང་། ཁ་རོག་གེར། འཇམ་ཐང་ངེར་གོམ་སྟབས་ག་ལེར་མདུན་ལ་བསྒྱུར་ཏེ། གསུར་སྟེགས་ཆུང་ཆུང་དེའི་མཐའ་ལ་རུབ་སོང་།
སྐབས་ཤིག་ལ།གཅུང་བཀྲ་རྟ་དང་ཚེ་དཔལ་སྟོབས་ལྡན་གཉིས་ཀས་གསུར་སྟེགས་སྟེང་ལ་ཨོང་ལེབ་སྤུངས་ཏེ་གསུར་མེ་སྦར་སོང་ལ།དུ་མ་སྔོ་ལྷོག་ལྷོག་ཏུ་འཕྱུར་བ་དང་བསྟུན་ནས་མེ་ལྕེ་དམར་ཧང་ཧང་དུ་མཆེད་བྱུང་ལ། མེ་ལྕེ་གྱེན་ལ་དམར་ཧང་ཧང་དུ་ཤུགས་ཀྱིས་མཆེད་བཞིན་པའི་སྐབས་དེར། ཕྲན་སྤུན་མཆེད་རྣམས་ཀྱིས་དཀར་གསུམ་མངར་གསུམ་འཛོམས་པའི་གསུར་རྫས་དཀར་བང་ངེར། ཁྲ་ལམ་མེར་གསུར་སྟེགས་སྟེང་ལ་བླུགས་པ་ན།གསུར་དུད་སྐྱ་བོ་ཞིག་སྐྱ་ཡོམ་ཡོམ་གྱི་ངང་ནས་མཐོངས་ལ་འཕགས་བྱུང་། ཀྱེ་ཀྱེ་ཨ་ཕ་ལགས། གསུར་དུད་ཀྱི་སྟེང་རོལ་ན་ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་ཡོད་དམ། ཡོད་དམ། ཡོད་དམ། ཡོད་པར་སྨོན། ཅིས་ཀྱང་ཡོད་པར་སྨོན།
ཀྱེ་ཀྱེ་ཨ་ཕ་ལགས། སྦྲ་དཀར་རྩམ་པ་དེ་ཁྱེད་ཉིད་ལ་འབྱོར་སོང་ངམ།
ཀྱེ་ཀྱེ་ཨ་ཕ་ལགས། བུ་རམ་ཤིང་གི་ཉིང་བཅུད་དེ་ཁྱེད་ལ་འབྱོར་སོང་ངམ།
ཀྱེ་ཀྱེ་ཨ་ཕ་ལགས། ཕྲན་སྤུན་ཆུང་རྣམས་ཀྱི་སྨོན་འདུན་དང་རེ་ལྟོས་དེ་ཁྱེད་ལ་འབྱོར་སོང་ངམ།
ཏག་ཏག་སྐབས་དེར།ཕྲན་ཆུང་སྤུན་ཆུང་རྣམས་ལས་མཁན་པོ་ཐུབ་བསྟན་ཆོས་གྲགས་མཆོག་ས་ལ་ཀྲོང་ངེར་བཞུགས་ཏེ། ཉམས་སྒམ་པ། གདངས་བརླིང་བ། འབྲུ་གསལ་བའི་ངང་ནས་ཆོས་སྐད་དབྱངས་སུ་གྱེར་བྱུང་།
ཨ་ཕ་ལགས། ཁྱེད་ཉིད་སྐུ་ན་ཕྲ་དུས་མདོ་སྨད་བྱ་དགོན་གྱི་ཆོས་སྒོར་ཞུགས་པས། ཆོས་སྐད་དེ་ལ་ཆ་རྒྱུས་ཡོད་ངེས།
ཨ་ཕ་ལགས། ཁྱེད་ཉིད་ཉི་ངོགས་སུ་བཞུགས་སྐབས། ཁྱེད་ཀྱི་བུ་རྣམས་ལས་བཞི་པ་ནི་སྐྱེས་ཆེན་དམ་པ་ཞིག་ཡིན་པའི་ལུང་བསྟན་ཡོད་པ་དང་།བུ་བཞི་པ་སྟེ་མཁན་པོ་ཐུབ་བསྟན་ཆོས་གྲགས་ནི་དཔྱད་ཟླ་གསུམ་པའི་ཚེས་གསུམ་ལ་འཁྲུངས་རུང་།འཁྲུངས་པའི་ཉིན་མོ་སྦྲ་ནག་ཕྱི་རོལ་དུ་འཇའ་ཤར་བ་དང་།སྦྲ་ནག་ནང་རོལ་གྱི་ཉི་ཐིག་ངོས་སུ་སྔགས་ཡིག་ཕྲེང་བར་བསྒྲིགས་ནས་ལྡང་བ་མ་ཟད། རྗེས་སུ་སྐྱེས་ཆེན་དམ་པ་ཞིག་གི་ཡང་སྲིད་འཚོལ་སྐབས། “དགོན་པའི་ནུབ་ཕྱོགས་སུ། རྟ་ཕོའི་ཉིན་ལམ་གཉིས་ཀྱི་མཚམས་ན་ཕ་སྐར་མ་དང་མ་རྒྱ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཡོད”ཅེས་པའི་ལུང་བསྟན་མཆིས་པ་ལས་གཞན།ད་དུང་འཕོ་བ་གསུངས་ན་གང་གི་སྟེང་ཕྱོགས་སུ་འཕུར་བཞིན་ཡོད་པའི་འདབ་ཆགས་ས་ལ་ལྷུང་སྲིད་པས། ཁོང་གི་ཆོས་སྐད་ནི་ཁྱེད་ཀྱི་ཞིང་ཁམས་དེ་ལ་སླེབས་ཐུབ་པ་དང་། ཁྱེད་ཀྱིས་ཀྱང་ཞིང་ཁམས་དེ་གར་ཆོས་སྐད་དེ་ཇི་བཞིན་ཐོས་ཐུབ་ངེས། འོན་ཏེ་ཨ་ཕ་ལགས། ཕྲན་ཆུང་དང་། གཅུང་བཀྲ་རྟ། གཅུང་ཚེ་དཔལ་སྟོབས་ལྡན་རྣམས་ནི་མི་སྐྱ་ཕལ་བ་འབའ་ཞིག་ཡིན་པས། ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་ལ་འབྱོར་ངེས་པའི་གཏམ་ཞིག་འབུལ་མི་ནུས་མོད།མཁན་པོའི་ཆོས་སྐད་དང་བསྡོངས་ཏེ་ཕྲན་ཆུང་སྤུན་མཆེད་ཀྱི་འདུན་མའང་ཞིང་དེ་ལ་མངག་བཞིན་ཡོད།
གསུར་དུད་དལ་ལྷོད་ལྷོད་ཀྱིས་མཁའ་ལ་འཕགས་བྱུང་།
ཆོས་སྐད་སྙན་ལྷང་ལྷང་གིས་མཁའ་ལ་འཕགས་བྱུང་།
ཕྲན་ཆུང་སྤུན་མཆེད་ཀྱི་སྨོན་འདུན་ཀྱང་གསུར་དུད་དང་ཆོས་སྐད་གཉིས་ཀར་འགྲོགས་ནས་མཁའ་ལ་འཕགས་བྱུང་།
3
ཀྱེ་ཀྱེ་ཨ་ཕ་ལགས། ཕྲན་ཆུང་སྤུན་མཆེད་རྣམས་སླར་ཡང་དབུས་ཀྱི་སེ་རའི་དུར་ཁྲོད་དང་གྱེས་བྱུང་། ཁྱེད་ཀྱི་ཐུགས་ན་མངའ་ངེས་ཡིན་ཏེ།ཁྱེད་ཉིད་ཞིང་ཁམས་གཞན་ལ་གཤེགས་ནས་ལོ་འཁོར་སུམ་ཅུ་འགོར་བའི་རིང་ལ། ཕྲན་ཆུང་ནི་གནས་དེར་ལན་གྲངས་ལྔ་ལ་བསླེབས་པ་དང་། གཅུང་ཚེ་དཔལ་སྟོབས་ལྡན་ནི་ལན་གྲངས་གསུམ།གཅུང་བཀྲ་རྟ་དང་མཁན་པོ་ཐུབ་བསྟན་ཆོས་གྲགས་གཉིས་ཀ་ལན་གྲངས་གཉིས་ལ་བསླེབས་མོད།རྐྱེན་མང་པོ་ཞིག་གི་དབང་དུ་སོང་སྟེ་ཕྲན་ཆུང་སྤུན་མཆེད་རྣམས་ནི་སྤྱི་ལོ2016ལོའི་ཟླ12པའི་ཚེས29ཉིན་མ་གཏོགས་དབུས་ཀྱི་སེ་རའི་དུར་ཁྲོད་དུ་འཛོམས་མ་ཐུབ། ཨ་ཕ་ལགས། ཁྱེད་ཉིད་ལ་དགོངས་འགལ་གཏན་ནས་མེད་པར་ཞུ་ཞུ།
ཨ་ཕ་ལགས། ཁྱེད་ཉིད་ཞིང་ཁམས་གཞན་དུ་གཤེགས་ཏེ་དུས་ཡུན་ངེས་ཅན་ཞིག་གི་རིང་ལ། ཕྲན་ཆུང་ནི་མཚོ་སྔོན་རླུང་འཕྲིན་ཁང་གི་གསར་འགྱུར་འགོད་མཁན་ཡིན་པ་དང་།གཅུང་ཚེ་དཔལ་སྟོབས་ལྡན་ནི་སློབ་གྲྭའི་སློབ་མ་ཡིན་པས། གཞན་གྱི་བརྙས་བཅོས་དང་ཐུབ་ཚོད་མང་པོ་མྱོང་མ་དགོས་མོད། དྭ་ཕྲུག་ཏུ་གྱུར་པའི་གཅུང་བཀྲ་རྟ་ལ་སྡེ་མི་ཅོལ་ཆུང་དུ་མས་གཡོ་ཇུས་བཤམས། གཏམ་ངན་སྦར། ཐུབ་ཚོད་ཅི་ནུས་བྱས་མྱོང་བ་དང་། གཅུང་མཁན་པོ་ཐུབ་བསྟན་ཆོས་གྲགས་ལ་ཆ་མཚོན་ན། གཞན་གྱི་ཧམ་སེམས་དང་གཡོ་ཇུས་ཀྱི་དབང་ལ་སོང་སྟེ།རང་ཉིད་ལ་ཐོབ་པར་འོས་པའི་ཆོས་ཁྲི་དེའང་གང་ཟག་གཞན་ཞིག་གིས་བདག་གིར་བཟུང་མོད། རྐྱེན་ངན་གྲོགས་སུ་གྱུར་ཏེ། བློ་ཁ་དམ་པའི་ཆོས་ལ་ཡོངས་སུ་ཕྱོགས་པའི་སྐལ་བ་ལྡན་སོང་།
ཐུགས་སྐྱོ་སྐྱོ་མ་གནང་། ཐུགས་སྐྱོ་སྐྱོ་མ་གནང་ཨ་ཕ་ལགས། དེང་སྐབས། ཕྲན་ཆུང་སྤུན་མཆེད་རྣམས་ཧ་ཅང་སྐྱིད། ཧ་ཅང་བདེ། རང་རང་གནས་པའི་ས་ན་རང་གི་ལས་ཀ་འཁྱོངས་ཡོད། རང་གི་ཁྱིམ་ཚང་འཁྱོངས་ཡོད། ཐུགས་བདེ་བར་མཛོད་ཅིག་བྱིས་པའི་དུས་སུ་སྐར་མ་རྡོ་རྗེ་འབོད་པའི་ཨ་ཕ་ལགས། སྐུ་བདེ་ལ་འགོད་པར་མཛོད་ཅིག་ཆོས་སྒོར་འགྲིམ་སྐབས་ཤེས་རབ་རྒྱ་མཚོ་དང་ཁྱིམ་པ་ཡིན་དུས་རྡོ་རྗེ་འབོད་པའི་ཨ་ཕ་ལགས། ཕྲན་ཆུང་སྤུན་མེད་རྣམས་ཀྱིས་ཕ་བཟང་པོའི་གདུང་རུས་གསེར་གྱིས་བཏུམས་མ་ནུས་ཀྱང་། སྐྲ་དཀར་པོ་སྐྱི་བསེར་རླུང་ལ་གཏན་ནས་སྦུར་མ་མྱོང་།
ད་སྐབས།ཕྲན་ཆུང་དང་གཅུང་ཚེ་དཔལ་སྟོབས་ལྡན་གཉིས་ཀ་ནི་དགེ་རྒན་ཆེན་མོའམ་ཞུ་ཆེན་ལོ་ཙཱ་བ་ཆེན་པོ། འབུམ་རམས་པར་གྱུར་ཏེ། ཤེས་རིག་དང་ཡོན་ཏན་ལ་བརྟེན་ནས་རང་དོན་གཞན་དོན་གཉིས་ཀ་གཉེར་བཞིན་ཡོད། ཨ་ཕ་ལགས། ཁྱེད་ཀྱི་ཐུགས་དགྱེས་སོང་ངམ།
ད་སྐབས།གཅུང་བཀྲ་རྟ་ནི་མི་བརྒྱ་གོང་ནས་གཏམ་འཆད་མཁན་དང་རྟ་བརྒྱའི་གོང་ནས་ལྕག་གཡུག་མཁན་ཞིག་ཏུ་གྱུར་ཏེ། ཁ་ལྕེ་དང་། འཇོན་ཐང་། བློ་བཀོད། སྤོབས་པ་བཅས་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ཟིལ་གྱིས་མནན་ཡོད། ཨ་ཕ་ལགས། ཁྱེད་ཀྱི་ཐུགས་བདེ་སོང་ངམ།
ཨ་ཕ་ལགས།ཕྲན་ཆུང་གི་གཅུང་སྟག་བྷེའམ་སྟག་རྩེ་རྒྱལ་ནི་ཆུང་དུས་ཞང་བོའི་བུ་སྐལ་དུ་གྱུར་པ་ཁྱེད་ཀྱི་ཐུགས་ན་མངའ་བ་ལྟར་ཡིན་ལ། ཁྱེད་ཉིད་ཞིང་ཁམས་གཞན་དུ་གཤེགས་རྗེས། ཁྱིམ་གཞི་ལ་འགྱུར་ལྡོག་ཆེན་པོ་བྱུང་མོད།ད་ལྟ་ཁོ་རང་གིས་ཕྱུགས་ལས་དང་ཚོང་ལས་གཉིས་ཀ་ལྷན་དུ་གཉེར་ཏེ་བདེ་ཞིང་སྐྱིད་པའི་ངང་ནས་འཚོ་བ་རོལ་བཞིན་ཡོད། ཁྱེད་ཉིད་ཀྱི་ཐུགས་ཅུང་ཟད་བདེ་སོང་བར་སྨོན།
ཀྱེ་ཀྱེ་ཨ་ཕ་ལགས།ཕྲན་གྱི་གཅུང་ཐུབ་བསྟན་ཆོས་གྲགས་ཀྱིས་མདོ་སྔགས་གཉིས་ཀའི་སྦྱོང་བ་མཐར་བསྐྱལ་པས། ད་སྐབས་ཁམས་མི་ཉག་དགོན་ཆེན་གྱི་མཁན་པོར་བཞུགས་ཏེ། རྣམ་དག་ཆོས་ཀྱི་རྒྱལ་མཚན་མཁའ་ལ་སྒྲེང་བཞིན་ཡོད་ལ། ཚུལ་དེ་དངོས་སུ་མཐོང་བ་ན། ཕྲན་ཆུང་ནི་དད་པའི་སྟོབས་ཀྱིས་ཡོངས་སུ་འདུལ་ཏེ།ཁོང་ཉིད་ཀྱི་སྐུ་པར་ཞིག་གི་འདབས་རོལ་ལ“འགྲོ་བའི་དཔུང་གཉེན་ཀུན་བཟང་རང་གྲོལ་གྱི།། ཞལ་རས་ཉི་མའི་དཀྱིལ་འཁོར་མ་མཐོང་ཡང་།། གང་གི་ཡང་སྲིད་ཐུབ་བསྟན་ཆོས་གྲགས་དཔལ།།མི་ཉག་ཚལ་ནས་ཆོས་ཀྱི་མཁའ་ལ་འཕགས།།”ཞེས་འགོད་དགོས་བྱུང་། ཨ་ཕ་ལགས། ཁྱེད་ཀྱི་ཐུགས་ཤིན་ཏུ་དགྱེས་སོང་ངམ།
དེ་མིན་ད་དུང་ཨ་ཕ་ལགས། བོད་ས་ཕོ་ཁྱིའི་གནམ་ལོ་གསར་བ་ཚེས་པ་ན། ཨ་མ་ལགས་དགུང་ལོ་བརྒྱད་ཅུར་སླེབས་པ་ཡིན་ལ།ཕྲན་ཆུང་སྤུན་མཆེད་རྣམས་ཀྱིས་ལུགས་དང་མཐུན་པའི་གྱ་སྟོན་ཡིད་སེམས་ཚིམས་པ་ཞིག་བྱེད་གྲབས་ཡོད། ཨ་ཕ་ལགས། ཁྱེད་ཀྱི་ཐུགས་ཤིན་ཏུ་དགྱེས་སོང་ངམ། གལ་སྲིད་ཁྱེད་ཉིད་སྔར་ལྟར་ཉི་ངོགས་སུ་བཞུགས་ན་ལེགས་པ་ལ་ཨང་།
ཕྲན་ཆུང་སྤུན་མཆེད་རྣམས་སེ་རའི་དུར་ཁྲོད་དང་གྱེས་ཏེ་སླར་ལོག་སྐབས།མི་རེ་རེས་གོམ་པ་མདུན་ལ་སྤོ་ཞོར་དུ་རྒྱབ་ཕྱོགས་ཀྱི་དུར་ཁྲོད་ཕྱོགས་ལ་འཁྲེང་སེམས་དང་བཅས་ལྟ་བཞིན་ཡོད་ལ།མིག་གི་ཞེན་མདངས་འཁོར་ས་ནི་དུང་དཀར་དབྱིབས་སུ་འཁྱིལ་བའི་ལུང་ཕྲན་ངོས་ཀྱི་སྤང་ལྗོངས་ལེབ་མོ་ཡིན་པ་སྨོས་ཅི་དགོས་ཏེ་མ་དགོས་སོ།།
ཨ་ཕ་ལགས། ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་གར་བདེ་བར་མཛོད་ཅིག ཕྲན་ཆུང་སྤུན་མཆེད་རྣམས་ཀྱི་ཚེ་ཡི་འཕེན་པ་རྫོགས་རྗེས།ལྷན་དུ་ལག་གདང་སྦྲེལ་ནས་ཁྱེད་ཉིད་བཞུགས་སའི་ཞིང་ཁམས་དེ་ལ་འབྱོར་བར་སྨོན། ངེད་ཅག་ཞིང་ཁམས་དེ་གར་འབྱོར་རྗེས། ཨ་ཕ་ལགས། འུ་ཅག་སླར་ཡང་ཕ་དང་བུ་ཡི་འགྱུར་བར་སྨོན།། །།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1