གྲུ་ཆུང་གི་འགྲུལ་བཞུད་།

གྲུ་ཆུང་། (རྨ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


གྲུ་ཆུང་ནི་གཙང་བོའི་རབ་ཁ་རུ་རྩེན་པའི་བྱིའུ་ཆུང་བཞིན། གཤོག་ཟུང་སྤྲིན་ཕུང་དང་འདྲེས། སེམས་པ་གཙང་བོ་དང་འདྲེས། གྲུ་ཆུང་གི་འགྲུལ་བཞུད་ནི་གཙང་བོའི་གཞུང་ལ་བསྙལ་བའི་རླབས་རིས་དང་བྲག་རྡོ་ཉིད།

གྲུ་ཆུང་ལ་ང་རྒྱལ་ཁེངས་དྲེགས་ཀྱི་སྨྲ་བ་མེད་པར། རང་ཉིད་ཀྱི་ལང་ཚོ་དང་འདུན་པ། ཚེ་སྲོག་བཅས་ཡོད་ཚད་གཙང་བོ་དང་དེ་གའི་འགྲུལ་བཞུད་ཀྱི་ལོ་མའི་ཟིན་ཐོར་བྲིས་ཡོད།

གཙང་བོའི་དཀྱེལ་ཡངས་དང་རབ་འབྱམས་ཀྱི་རླབས་ཁུག་ན་ཁུ་སིམ་མེར་འཚར་ལོངས་འབྱུང་བཞིན་པའི་གྲུ་ཆུང་ནི། ཆེས་སྤྱིར་བཏང་མ་ཡིན་པའི་གྲུ་ཆུང་ཞིག་ཡིན། ཆེས་ཉམ་ང་འཁུར་བའི་ལོ་མ་ཞིག་དང་མཚུངས་པས། ནམ་རྒྱུན་དྲག་ཆར་གྱི་འཇབ་རྒོལ་དང་། "གནམ་ལྕགས་ཐོག"གི་ངར་སྐད་ཀྱིས་གྲུ་ཆུང་གི་མདུན་བསྐྱོད་ལ་བཀག་འགོག་གི་མཚོན་ཆ་ཕྱུང་ཞིང་། ཕྲག་དོག་གི་མེ་ལྕེ་རབ་ཏུ་འབར་ལ། ཞེ་སྡང་གི་སོ་སྒྲས་ཞེ་སྡང་གི་རྣོ་ལྕགས་འཆའ།

དེ་ནི། དུས་ཡུན་ཐུང་ངུའི་ནང་གྲུ་ཆུང་གི་འདས་མ་ད་གསུམ་ལ་ཡུལ་འདིར་སྙན་གྲགས་མོད་པའི་གཙང་བོ་གང་གི་རྒྱབ་སྐྱོར་ཡོད་པས་ཅིས་མ་ཡིན།

མ་གཞིར། དུས་ཡུན་ཐུང་ངུའི་ནང་གྲུ་ཆུང་གིས་སེམས་པ་གླན་པའི་འགྲུལ་བཞུད་པ་མཐའ་དག་ནི་ཁམས་གསུམ་གྱི་སྙན་ངག་པ་ཡིན་པས་རེད། བསམ་བློ་བ་ཡིན་པས་རེད། སློབ་གསོ་བ་ཡིན་པས་ཀྱང་རེད།

གྲུ་ཆུང་ལ་གཤོག་པ་ཐོགས། གྲུ་ཆུང་ལ་རླུང་རྟ་རྒྱས། གྲུ་ཆུང་གི་འགྲུལ་བཞུད་ནི་གློ་བུར་བ་ཞིག་གམ། གྲུ་ཆུང་ལ་ཐོབ་པའི་རླུང་རྟ་ནི་ཐོལ་བྱུང་ཞིག་ཡིན་ཡང་སྲིད། འདི་དག་ནི་གྲུ་ཆུང་ལ་མཚོན་ན། མཚམས་ལན་རེར། དགའ་འོས་པའི་འགྲུལ་བཞུད་ཀྱི་ལམ་ཁར་བཞད་པའི་ཡིད་འོང་གི་མེ་ཏོག་ཚོམ་བུ་འགའ་དང་། མཚམས་ལན་རེར་གནམ་ལྕགས་ཐོག་གིས་ཕྲག་དོག་གི་མེ་ཞགས་འཕེན་པའི་གཞི་མའང་ཡིན་སྲིད།

གང་ལྟར། གྲུ་ཆུང་ལམ་འགྲམ་གྱི་མཛེས་པའི་མེ་ཏོག་གི་བསླུ་བྲིད་ལ་ཆགས་མི་སྲིད་ལ། འཇའ་ཚོན་དང་རླབས་རིས་མཉམ་དུ་སྐྱོམ་པའི་ཡིད་འོང་ལ་འཁྲེང་མི་དཔེ། ལྷག་པར་དུ་གཙང་བོ་དང་འགྲུལ་བཞུད་པས་གནང་བའི་མེ་ཏོག་གི་ཕྱག་ཕྲེང་འགའ་ལས་ང་རྒྱལ་ཁེངས་དྲེགས་ཀྱི་གཡོར་མོ་སྤུར་མི་སྲིད་དེ། ད་དུང་མདུན་བསྐྱོད་བྱ་དགོས། མུ་མཐུད་དུ་མདུན་བསྐྱོད་བྱ་དགོས། ཐོག་གི་འཇིགས་སྐུལ་ལའང་མགོ་འདོགས་བྱ་མི་སྲིད། གྲུ་ཆུང་སྙིང་སྟོབས་ཀྱིས་ཁེངས་ཤིང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་རུས་པ་བྲང་ལ་བརྡབས་ཡོད།

གྲུ་ཆུང་གི་ང་རྒྱལ་ནི་མགོ་བོས་སྤྲིན་ཕུང་བརྟོལ་བའི་རི་ཆེན་ཡིན། ཞབས་ཀྱིས་ས་གཞི་བཅགས་པའི་གཙང་བོ་ཡིན། དེ་གྲུ་གཟིངས་ཤིག་ལ་འགྱུར་རྒྱུ་ནི་གཙང་བོའི་རབ་ཁའི་འགྲུལ་བཞུད་པ་བྱིངས་ཀྱིས་སྩོལ་ངེས་པའི་བདེན་དཔང་ཞིག་ལས། གཞན་གང་གི་འཇིགས་སྐུལ་དང་དམོད་མོ་ལས་དེ་འཇིག་འགྲོ་བ་ཞིག་གཏན་ནས་ཡིན་མི་སྲིད།

ཁྱེད་ཀྱིས་ཕྲག་དོག་གི་རལ་གྲི་ཤུབས་ནས་ཕྱུང་དུས། ང་རྒྱལ་གྱི་འབྲུག་སྒྲས་བར་སྣང་ཁེངས་དུས། ཞེ་སྡང་གི་ཐོག་ཞགས་དམར་པོ་ལྡིར་ལྡིར་གཡུག་དུས། དེ་ནི་མིག་ཟུང་ཁྲི་ཕྲག་གི་འདུ་ལོང་གཡོ་ས་ན། ཁྱེད་ཀྱི་ངོ་གདོང་གཞན་ཞིག་དམར་རྗེན་རྗེན་དུ་སྟོན་པ་ལས། གྲུ་ཆུང་གིས་དེ་ལ་དོ་སྣང་གང་ཡང་བྱ་མི་སྲིད། གྲུ་ཆུང་གི་འགྲུལ་བཞུད་ལ་གཡོ་བ་གང་ཡང་ཐེབས་མི་སྲིད།

གྲུ་གཟིངས་ནི་གྲུ་ཆུང་མདུན་བསྐྱོད་ཀྱི་འགྲུལ་བཞུད་ཅིག གྲུ་གཟིངས་ནི་གྲུ་ཆུང་གི་ཆོད་སེམས་ཤིག དེ་ལ་གཡོ་བ་མེད། དེ་ལ་འགྱུར་བ་མེད།

གཙང་བོ་ཡོད་པས། རླབས་རྒྱུན་དང་བྲག་རྡོ་ཡོད་པས།གྲུ་ཆུང་ལ་གཤོག་པ་ཐོགས་ངེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1