འཛམ་གླིང་གི་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་འཚོགས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-27
ཟླ་2ཚེས་25ཉིན། 2019ལོའི་འཛམ་གླིང་གི་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་སི་ཕེན་གྱི་པཱ་སད་ལའོ་ནཱར་འཚོགས་པ་དང་། ད་ལོའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“རིག་ནུས་མཉམ་འབྲེལ་”ཞེས་པ་དེ་ཡིན་པ་དང་། རབས་ལྔ་བའི་སྒུལ་བདེའི་འཕྲིན་གཏོང་ལག་རྩལ(5G)དང་། མིས་བཟོས་རིག་ནུས། དངོས་ཉོའི་མཉམ་འབྲེལ་དྲ་རྒྱ། གྲངས་གཞི་ཆེན་པོ་སོགས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོ་དེར་སྐོར་ནས་འགྲེམས་སྟོན་དང་བགྲོ་གླེང་བྱས་པ་རེད། “5Gདུས་རབས་སླེབས་པ་དང་བསྟུན་ནས། སྐབས་འདིའི་ཚོགས་ཆེན་ནི་མི་རྣམས་སེམས་འགུལ་ཐེབས་པའི་སྐབས་འགའི་ཚོགས་ཆེན་གྱི་གྲས་ཤིག་ཡིན་པ་རེད།”ཅེས་གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་ཁོངས་གཏོགས་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་གཡོད་ཧན·ཧོ་ཧྥུ་མན་གྱིས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་འཛམ་གླིང་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་གྱི་འགྲེམས་སྟོན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་12ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་གྱི་ཚོགས་ཞུགས་མི་སྣ་ཁྲི་10.7ཞུགས་ཡོད་ཅིང་། ཁེ་ལས་2400ལྷག་ཙམ་གྱིས་ཡུལ་དངོས་སུ་འགྲེམས་སྟོན་བྱས་ཡོད་པ་རེད། ཧྭ་ཝེ་དང་། ཀྲུང་ཞིན། ཨའེ་ལི་ཞིན། གུའུ་ཀོ ཀའོ་ཐུང་། སན་ཤིན། ནའོ་ཅི་ཡཱ། སའོ་ཉི་བཅས་གྲགས་ཅན་གྱི་ཚན་རྩལ་ཁེ་ལས་ཚང་མས་རྒྱ་ཁྱོན་ཆེ་བའི་འགྲེམས་སྟོན་བྱ་ཡུལ་སྒྲིག་བཀོད་བྱས་པ་དང་ཐོན་རྫས་གསར་ཤོས་དང་ཇུས་གཞི་གསར་ཤོས་འགྲེམས་སྟོན་བྱས་ཡོད་པ་རེད།
འཛམ་གླིང་གི་སྒུལ་བདེ་འཕྲིན་གཏོང་ཚོགས་ཆེན་སྐབས་དང་པོ་དེ་1995ལོར་སི་ཕན་གྱི་རྒྱལ་ས་མ་ཏེ་ལིར་འཚོགས་པ་དང་། དེའི་རྗེས་སྐབས་འགའ་བསྒྱུར་བ་བཏང་ནས་2006ལོ་ནས་བཟུང་པཱ་སད་ལའོ་ནཱར་འཚོགས་པ་རེད། འཛམ་གླིང་གི་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་དེ་ཉིན་རེ་བཞིན་གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་ལས་རིགས་ཀྱི་ལག་རྩལ་གསར་ཤོས་ཁྱབ་བསྒྲགས་བྱ་ཡུལ་དང་ཁ་ཕྱོགས་ཀྱི་མཚོན་རྟགས་སུ་གྱུར་བཞིན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1