ཉེ་བའི་ལོ་འདི་དག་གི་རིང་། ཧུང་ཡོན་རྫོང་གིས་དབུལ་བྲལ་བྱས་ནས་འབྱོར་འབྲིང་གི་ལམ་ལ་བསྐྱོད་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་འཕེལ་རྒྱས་ཀྱི་ལྟ་བས་སྣེ་ཁྲིད་འོག དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་ཤུགས་སྣོན་དང་། ཡུལ་ཚོ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་མུ་མཐུད་དུ་ཇེ་མཐོར་གཏོང་བཞིན་ཡོད། ཧུང་ཡོན་རྫོང་ནི་འབྲོག་ལས་རྐྱང་བའི་རྫོང་ཞིག་ཡིན་པའི་ངོས་ནས། རྫོང་ཡོངས་ཀྱི་2018ལོར་བསྡོམས་འབོར་ཕྱུགས་ཟོག་ཁྲི་37.6ལྷག་ཡོད་པ་ལས་ཁྲི་9.2ལྷག་ཕྱིར་བཙོང་བ་དང་། བསྡོམས་ཤ་རིགས་ཐོན་འབོར་ཏུན་8021དང་། འོ་མའི་ཐོན་འབོར་ཏུན་32497ཟིན་ཡོད་པ་རེད།
ཟླ་2པའི་ཚེས་19ཉིན། ཧུང་ཡོན་རྫོང་ཨ་མོ་ཁོག་ཡུལ་ཚོས་སྡེ་བའི་ཐུན་མོང་དཔལ་འབྱོར་བགོ་བཤའ་རྒྱག་པའི་ཚོགས་འདུ་དང་དབུལ་བྲལ་གནད་སྒྲོལ་སྐོར་གྱི་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་ཚོགས་འདུ་འཚོགས། ཉེ་བའི་ལོ་འདི་དག་གི་རིང་། ཨ་མོ་ཁོག་ཡུལ་ཚོས་ཧུར་བརྩོན་སྒོས་འབྲོག་ལས་ལ་འབད་བརྩོན་བྱེད་བཞིན་པའི་ཁར་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། དབུལ་ཕོངས་ཁྱིམ་ཚང་དབུལ་བྲལ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། 2018ལོར། ཡུལ་ཚོ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་ཡོང་འབབ་ལ་སྒོར་ཁྲི་10ཡོད་པ་དང་། དེ་ཚང་མ་ཡུལ་ཚོ་དེའི་དབུལ་ཕོངས་ཁྱིམ་ཚང་144ཡི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་མི་563ལ་བགོས་པ་རེད། མི་རེར་ཆ་སྙོམས་སྒོར་150ཚད་གཞི་ལྟར་བགོ་བཤའ་བརྒྱབ་པ་དང་། ཐེངས་འདིའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་བགོ་བཤའ་རྒྱག་པའི་མཛད་སྒོར་དབུལ་ཕོངས་ཁྱིམ་ཚང་རང་གི་དགོས་མཁོ་ལྟར་འབྲུ་རིགས་དང་འཚོ་བའི་མཁོ་ཆས། སྒོར་མོ་སོགས་སྟེར་བས་དབུལ་ཕོངས་ཁྱིམ་ཚང་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཡོད།
ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་བགོ་བཤའ་རྒྱག་པའི་མཛད་སྒོར་སྤྱི་བའི་དཔལ་འབྱོར་དང་སྨན་བཅོས་འགན་ལེན། བུ་ཕྲུག་གི་སློབ་གསོའི་འགན་སྲུང་། སྐྱེ་ཁམས་བྱ་དགའི་ཁ་གསབ། ཐོན་ལས་དབུལ་སྐྱོར་སོགས་དམངས་ཕན་སྲིད་ཇུས་ཁག་སྒྲོག་འགྲེལ་དང་ཞིབ་ཕྲའི་ངང་གསལ་བཤད་བྱས་པ་རེད།