ཐག་རིང་གྲོགས་ལ་སྤྲིང་བའི་ཞུ་འཕྲིན་གཏམ་གྱི་རོལ་མོ།
རྫོགས་ཆེན་ཀུན་བཟང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
སྙན་སྙན་ངག་གིས་བསྟར་བའི་སྙན་ཚིག་སྟོང་།།
སྡེབ་ལེགས་རྣ་བའི་སྦྲང་རྩིར་ཉེར་དྲངས་པ།།
དྭངས་སེམས་གྲོགས་ཀྱི་སྐུ་མདུན་ག་ལ་བར།།
དྲི་མེད་ཁ་བཏགས་གཟུགས་བཅས་གུས་པས་ཕུལ།།
འདི་ན་བདེན་ཞེན་སྟུག་པོས་ཉེར་བསྐྲུན་པའི།།
བཟང་ངན་བསྟོད་སྨད་རེ་དོགས་འཁང་ར་བརྒྱ།།
ཡོངས་སུ་དཀྲིགས་པས་མི་སེམས་བཅོམ་དྲགས་པས།།
མི་མེད་དབེན་པའི་ཕྱོགས་ལ་ཡིད་སྨོན་ཤོར།།
མི་ལོ་ཉི་ཤུ་རིང་མ་ཐུང་གི་དུས།།
སྐྱིད་སྡུག་སོས་ཀའི་གནམ་ངོ་འགྱུར་འགྱུར་ནས།།
བཤད་འདོད་སྐད་ཆའི་རི་མོ་སྟོང་ཕྲག་བརྒྱ།།
སྦས་པའི་རྒྱ་ཡིས་བཏབ་ནས་སེམས་སུ་ཉར།།
གྲོགས་ཁྱེད་མི་གཞི་བརྟན་ཅིང་གཡོ་ཟོལ་བྲལ།།
ངོས་ལྐོག་ཐུབ་པའི་བདེན་ཚུགས་མི་འགྱུར་བ།།
ཡང་ཡང་དྲན་པའི་ལོ་ཟླ་རིང་པོ་ཡང་།།
གཅིག་པུས་ལྐོག་ལབ་མ་གཏོགས་སུ་ལ་བཤད།།
ང་ནི་སྔོན་བཞིན་དཔལ་གྱི་སེང་གེ་རིའི།།
ལུང་རིགས་ཆོས་སྤྲིན་འཁྲིགས་པའི་ཕ་ཤུལ་དུ།།
དམ་ཆོས་ཉི་མའི་བྱིན་རླབས་ཕྱི་ཐག་ཅན།།
སེམས་ཀྱི་གྲོགས་སུ་བསྟེན་ནས་ད་ཡང་གནས།།
ཀུན་མཁྱེན་གདོད་མའི་མགོན་དང་དབྱེར་མེད་པའི།།
དྲིན་ཆེན་བླ་མའི་ཞལ་གསུང་རེ་རེ་ཡང་།།
འཆི་སོས་བདུད་རྩི་ཐོབ་པའི་སྤྲོ་དགའ་བཞིན།།
ལན་གཅིག་མ་ཡིན་སྐབས་མང་འཐུང་ལ་བྲེལ།།
སྡེ་གསུམ་ཀློང་དགུའི་མན་ངག་གནད་ཟབ་པ།།
ཀུན་མཁྱེན་ཐུགས་ཀྱི་མཚོ་མོ་ལས་དྲངས་ནས།།
སྐལ་ལྡན་གདུལ་བྱའི་ཞིང་དུ་ལེགས་འདྲེན་པ།།
དེང་གི་དུས་ན་ཁོང་ལས་གཞན་སུ་ཞིག །
དེའི་ཕྱིར་ཁྱེད་ཀྱང་ཞི་བའི་དབེན་ཁྲོད་ནས།།
ལུང་རྟོགས་ཆོས་སྒྲ་སྙན་པའི་པད་མའི་ལྗོངས།།
ཕ་གཅིག་བླ་མའི་དམ་ཆོས་ཟབ་མོའི་རོ།།
མྱོང་བར་ཕེབས་ལ་ཤིན་ཏུ་གུས་པས་བསུ།།
མི་རྟག་དུས་ཀྱིས་འགྱུར་བ་ཤུགས་དྲག་པས།།
བགྲང་བྱ་ཉི་ཤུ་འགོར་བའི་ལོ་ཟླའི་འགྲོས།།
ཀུན་ཀྱང་དྲན་པའི་རྗེས་ཤུལ་འབྲངས་པ་ལས།།
ཡོད་ཚད་མི་རྟག་བརྔམས་པའི་ཟས་སུ་སོང་།།
ལོག་ལམ་སྒྱུ་མའི་མིག་འཕྲུལ་མཐུ་བཙན་ཡང་།།
དད་དམ་མོས་གུས་བརྟན་པོས་བྱིན་རླབས་ལས།།
དལ་བའི་རྟེན་ལ་ཁོམ་པའི་དུས་ཟད་པའི།།
ལྟ་སྣང་འགལ་བའི་བྱ་སྤྱོད་རིང་ནས་སྤངས།།
གང་ཁྱེད་ཕ་རྒོད་བླ་མའི་རྒྱལ་སར་ཆེར།།
མི་འགྱུར་གཡུང་དྲུང་རེ་ཁས་རྟག་བསྲུངས་ནས།།
ཤིན་ཏུ་སྙིགས་དུས་ལུང་རྟོགས་བསྟན་པའི་སྲོག །
རླབས་ཆེན་ཐུགས་ཀྱིས་བཟུང་བར་སྙིང་ནས་གུས།།
སྔོན་སྲོལ་གོག་པོར་འཛིན་པའི་འུར་འདྲོགས་དང་།།
གསར་བ་ཐན་དུ་ལྟ་བའི་གུ་དོགས་སེམས།།
རིང་ནས་སྤངས་པའི་དཔྱོད་ཤེས་སྒམ་དཀྱེལ་བློ།།
ཁྱོད་ལ་སྔོན་ནས་གནས་པར་ད་ཡང་གུས།།
ཐག་རིང་ལེ་བར་རི་ཆུ་ཁྲི་སྟོང་གིས།།
ཆོད་ཀྱང་སེམས་ཀྱི་བར་ཐག་ཉེ་དྲགས་པས།།
བཤད་འདོད་སྐད་ཆའི་རི་མོ་འབུམ་ཕྲག་གིས།།
ཡོངས་སུ་གདུང་བས་སེམས་འདི་ངལ་བར་བྱས།།
སྐལ་བཟང་དུས་ཀྱི་རྟེན་འབྲེལ་ལེགས་མཚོན་པའི།།
རྟགས་བརྒྱད་རི་མོ་དོད་པའི་དྭངས་གཙང་གཟུགས།།
ཤིན་ཏུ་མཇལ་འདོད་སེམས་ཀྱིས་ཉེར་བསྐུལ་ནས།།
ཐག་རིང་མགྲོན་པོའི་ཕྱག་ལ་ཡང་དུ་བསྐུར།།