ཞིང་གྲོང་གི་སྣང་བ།
སྦྲང་བུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
ཕྱི་དྲོ་ཞིག་ལ་ཉི་མ་ནུབ་ཅིང་ས་ཞིང་ཡོངས་ལ་ཆབ་རོམ་ཆགས་ཤིང་དད་ལྡན་མི་རྣམས་ཁྱིམ་དུ་ལོག།
གང་ལ་བལྟས་ན་བྱུ་རུའི་ཕྲེང་བ་ལག་ཏུ་བཟུང་ནས་མ་ཎི་ཡིག་དྲུག་ངག་ནས་རྒྱུན་པར་དབྱངས་སུ་བཀུག།
ན་བུན་འཁྲིགས་པའི་ས་སྲོད་གོང་ལ་སྤྲིན་དཀར་ཕང་ཕུང་ནུབ་མཐའི་ཉི་མ་རྒྱང་དུ་སྐྱེལ་ཞིང་ཡིད་དུ་འཛིན།།
མཚར་སྡུག་འབར་བའི་འོད་ཟེར་དམར་པོ་སྨག་རུམ་ཞིག་ལ་མ་སྐྱེས་ཨ་མའི་ཞལ་ངོར་དེ་ཡང་གསལ་ཏིག་ཏིག།
མེ་ཏོག་ཁྲོམ་ཞིག་ཡིད་ལ་སྨིན་པའི་བཅོ་ལྔའི་མཚན་མོར་འཛུམ་ཞལ་དྭངས་མའི་ཡིད་ཀྱི་དཔལ་ཡོན་ངལ་དུབ་སེལ།།
ཡང་དུ་བསྐྲུན་པའི་མཚན་ལྗོངས་ལོངས་སྤྱོད་མིག་ལ་འཛུལ་ནས་སྲོད་ཀའི་ཉི་མ་དལ་བུར་ངང་ནས་རེ་སྒུག་ཆེ།།
སྐྱ་རེངས་སྟེང་གི་ཉི་རྡུལ་ཞིག་ལ་འོད་ཟེར་བྱུག་པའི་ཨ་སྔོན་གོང་གི་རྟེན་འབྲེལ་ལོ་མའི་མཆོད་ཡོན་འདི།།
ཐོ་རེངས་ཤིག་ལ་བསང་དུ་སྔོ་ལོ་དགུང་དུ་བཏང་ནས་བཀྲ་ཤིས་ཁ་གཡང་ནད་མེད་བདེ་ཐང་ཚིག་གསུམ་འདྲེན།།
ཞོགས་སྤྲིན་དཀར་པོའི་སེམས་ཡོན་མཚོན་པའི་མཚར་སྡུག་ཉི་མའི་འོད་ཟེར་འདབ་བརྒྱ་སྤྲོས་ཟེར་མངར་མའི་འཛུམ་མདངས་ནས།།
ལོ་ཟླའི་གྲངས་ལ་སྣང་བ་བཟི་བའི་དབྱར་གཞུང་གང་གི་མེ་ཏོག་ཁྱུ་ལ་འབྲས་བཟང་ཞིག་ལ་སྨོན་ལམ་འདེབས།།
ས་གཞི་ཡོངས་ལ་ལོ་ལེགས་རྒྱས་ཤིང་དབྱར་མཚོ་བཞིན་དུ་ཡར་ཚེས་ཟླ་བ་ཇེ་རྒྱས་གོང་འཕེལ་རྟེན་འབྲེལ་དང་།།
ཁྲེལ་གཞུང་ངང་གི་བདེ་ལེགས་དཔལ་འཕེལ་དངོས་གྲུབ་འབྱུང་བའི་སྙན་ངག་ཚན་པའི་དང་བ་རྒྱས་པའི་མཆོད་པ་གསོལ།།
རང་བྱུང་སྨན་ཆར་རྩྭ་ལྡུམ་ཞིག་ལ་འཐིམ་པའི་ཚེ་ན་རང་བྱུང་ཁམས་ལ་སྐྱེ་དགུ་ཡོངས་ཀྱི་དབང་པོ་གསོས།།
སེམས་ཅན་གང་མང་དབང་རྩ་དྭངས་པའི་ཞིང་ཁའི་ཟིལ་བ་ལུས་ལ་འཐིམ་པའི་ཞོགས་པའི་མེ་ཏོག་ཁྲོམ་གཞི་ན།།
རྐང་སྣེ་དག་གིས་རྩི་ཤིང་རྐེད་དུ་རེག་བཞིན་རེག་པས་འདབ་མའི་སྟེང་གི་ཟིལ་བ་སྐྱ་བོ་རྐང་དུ་ཐིམ།།
དུས་དེར་ཡིན་ན་བྱིས་པའི་སྣང་བ་རྒྱང་དུ་སོང་བའི་དྭངས་གཙང་ཞིག་གི་དུས་ཚིགས་དེ་ཡང་དྲན་ཏིག་ཏིག།
ཆར་ཞོད་ཆེ་བའི་ལྷོ་ཕྱོགས་སྤྲིན་པ་མཁའ་ལྡིང་བྱེད་ན་ཤར་གྱི་འབྲུག་གཡག་གནམ་སའི་བར་ནས་ཞབས་བྲོ་འཁྲབ།།
ལྡིར་ལྡིར་སྒྲ་སོགས་ཕྱོགས་སུ་ཁྱབ་ནས་རྨ་བྱ་ཞིག་གི་དཔལ་ཡོན་འདབ་མ་བྲང་དུ་ཐིམ་ནས་སྦྲུམ་འགོ་བརྩམས།།
དཔྱིད་གསུམ་ལོངས་སྤྱོད་དེ་ཙམ་ཞིག་ནས་ས་གཞི་ཡོངས་ལ་ཤ་མོ་དཀར་ཀའི་བཟའ་བཅུད་དེ་ཡང་དེ་ནས་བརྩམས།།
མེ་ཏོག་ཞིག་ལ་འཐམ་པ་འདི་ནི་ས་སྲོད་ཅིག་གི་ཚོར་བ་བསྐྲུན་པའི་ཁ་དོག་བརྒྱད་འདུས་སྙན་ངག་གོ།
བསིལ་རླུང་ལྡང་བའི་གཞོན་པའི་སྣང་བ་རླུང་ལ་བསྐུར་བའི་སྨན་ཤར་གདོང་དུ་འཇའ་ཚོན་གང་གིས་མཛེས་པ་འདི།།
དཀར་དམར་གཉིས་ལ་གསེར་ཐིག་གཅིག་གིས་གསེར་ལམ་སེར་པོའི་མདངས་སུ་སྤྲས་པ་གང་ཞིག་ཡིན་པ་གསལ་བོ་མཚོན།།
རྟོག་པའི་ཡོལ་བ་སེམས་སུ་འཐག་པའི་སྨན་ཤར་འཛུམ་ཞལ་གསལ་གྱུར་འོག་གི་གྲིབ་བསིལ་དྭངས་མའི་ང་རང་ཁྲིད།།
དང་བ་ཞིག་གིས་ཁྱེད་མཇལ་བྱུང་བས་སེམས་ཀྱི་གཙང་པོའི་ཉ་མོ་ཞིག་ལ་སྤྲུལ་དུ་བཅུག་པ་ཁེ་སེམས་བྱུང་།།