སྟོན་གྱི་ཟླ་འོད་ལ་སྒུག་པ།
ཡེ་ཤེས་དཔལ་ལྡན། (ཀན་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
ཟླ་འོད་ཀྱི་ཟུར་མིག་སྒོར་སྒོར་དེ་ལན་པས།
ཁྱོད་ཀྱི་འཛུམ་ཞལ་ལྟ་བུའི།
འཇམ་བསིལ་བསིལ་གྱི་སྟོན་ལོ་དག
ང་ཡི་མཁུར་ཚོས་བརྒྱུད་ནས་ཤག་ཤག་ལྟུང་།
ལོ་མ་སེར་པོ་ཞིག་གི་རྨི་ལམ་གྱི་དབྱིངས་སུ།
དྲན་པ་རུམ་གང་སྦུས་པའི་སྡུག་བསྔལ་གྱི་མེ་ཏོག
མུན་པའི་སྐར་ཁུང་ལས་ཡང་ཡང་ལྡེམ་པ།
སུ་ལའང་ཞེ་འདང་བྲལ་བའི་མིག་ཆུ་ཁྱོར་བ་གང་།
ད་ནི་ཁྱོད་ཀྱི་གམ་དུ
ཅི་ཞིག་ལུས་པའི་དྲན་པ་ལྕི།
ཅི་ཡང་སྟོང་བའི་སེམས་ཁྲལ་མང་།
ལབ་གླེང་ཐན་ཐུན་གྱི་ཁ་པར་སྣེ་མོར།
བློ་དོག་རིང་མོས་བསྲིངས་པའི་སྐུད་པ་སྐྱ་བོ།
རབ་རིབ་ཏུ་གྱུར་བའི་སྨུག་རྒྱུ་མཐུག་པོ་ཞིག་ཏུ།
ཉིན་མོས་སྨག་རུམ་གྱི་སྒོ་མོ་རྡུང་།
རི་མོར་བྲིས་པའི་ཅོང་རྙིང་དེར།
བུས་པ་པྲ་ཆལ་ཞིག་གིས་ཕབས་པའི།
དྭངས་གཙང་གཙང་གི་འཁོར་བའི་ཞེ་སྡང་བྲི།
སྐྱིད་སྣང་འཁྲལ་འཁྲུལ་གྱིས་ཉེས་པ་མིན་ན།
ལག་པར་ཐོགས་པ་དེ་རྨ་ཁ་ཡིན་དོན་ཅི།
བ་མོས་བརླན་པའི་བཙུན་མོའི་དཔྲལ་བའི་ངོས་སུ།
རྒྱལ་པོ་སྲེད་པ་ཅན་དེས་ལྕགས་ཀྱིས་འོ་ཞིག་བརྐོས།
ད་དུང་སྐྲ་ལོའི་གསེབ་ཏུ་སྦས་པའི་བཀའ་རྒྱ་དེ།
སྟོན་ཟླ་འཁྱག་པ་ཞིག་གི་འགོ་མར།
ན་བུན་གྱི་རླངས་པ་སྐྱོམ་པའི་འཐབ་ར་ཡིན།
མཚན་མོར་ཟླ་འོད་དམར་སེར་འཚེར་བ་ན།
མི་རྣམས་ཀྱིས་ལམ་བུ་སྔོ་ལྗང་སྙེག
རང་ཡན་ཏུ་རྒྱུ་བའི་སྐར་མ་འཁྱམ་པོ་དག་ཀྱང་།
ཡི་གར་མི་འོང་པའི་གྲིབ་མ་དཀར་པོ་གྱུར།
རི་བོ་སྐྱོ་བས་གཟེར་བ་ནི།
སྤྲིན་པ་འཁྲུགས་པ་དང་།
རླུང་བུ་འཐོར་བ།
རྩྭ་ལོ་སྐམ་པ།
གཙང་བོ་ཤུམ་པ་སྟེ།
ཡོད་ཚད་ན་རྒས་སུ་བྱིངས་པས།
གྱང་ངོས་སུ་དཔྱངས་པའི་སྡིག་སྒྲིབ་ཀྱི་ལོ་འབྲས།
སྟོན་ལྗོངས་བགྲེས་པོ་ཞིག་གི་མགུལ་དུ་སྒྲོན་པའི།
ཚེམས་ཕྲེང་དང་འཛུམ་ཀོང་གིས་བཏེགས་པའི་མཛེས་འཕྱོར།
ཁྲག་དང་རྣག་གིས་ཉོས་པའི་ཡིད་ཀྱི་ནམ་མཁའ་ཐེད་པོ་དེ།
འཇིག་པ་གཞན་ཞིག་གི་གདན་དུ་འདིང་བར་བྱེད་ཀྱང་།
ཆག་གྲུམ་ཤོར་བའི་ཐ་སྙད་སྒམ་པོ་དག་ལས།
སྣང་བའི་གྱད་མི་ཞིག་གཡུལ་དུ་བསུ་ཐབས་བྲལ།
སྟོན་ཀྱི་ཟླ་འོད་ལ་སྒུག་པ་ནི།
ལོ་མང་འགོར་བའི་མཚན་མོ་དེར།
ལྕང་སྡོང་རོག་པོའི་འོག་གི།
གྲིབ་མའི་རི་མོ་བས་ཀྱང་ངོ་།