ཕུན་ཚོགས་ཀྱི་ལས་དབང་།

ཆོས་དབྱིངས་རྒྱ་མཚོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27



“ཕུན་ཚོགས”ནི་བདག་གི་སྒྲུང་ཐུང“དོ་དགོང་གི་ཨ་ཁུ་དོན་གྲུབ་ཚང”ཞེས་པའི་ནང་གི་མི་སྣ་གཙོ་བོ་ཡིན་ལ། ཐེངས་འདིར་ཡང་ཕུན་ཚོགས་བརྗོད་གཞིར་བྱས་ཏེ་ཁོ་རང་གསེར་ལུང་དགོན་པ་ནས་མ་བསྡད་པར་ཕྱིར་རང་ཁྱིམ་དུ་ལོག་རྗེས་ད་དུང་དོན་དག་ཅི་ཞིག་བྱུང་སོང་ངམ།

རྩོམ་པ་པོའི་གསལ་བཤད་ཀྱི་གཏམ།

“ཨ་མ…ཨ་མ…ཕུ་བོ་ཕུན་ཚོགས་ཡང་གང་ཞིག་ལ་བུད་སོང་བ་རེད།” རིག་སྐྱིད་ཀྱི་གློ་བུར་བའི་དྲི་བ་དེ་འདྲ་དྲིས་པ་ན། ཨ་ནེ་ཕུར་སྒྲོན་སླར་ཡང་སེམས་སྡུག་གི་རྒྱ་མཚོར་ལྷུང་སོང་བས། རིག་སྐྱིད་ཀྱི་དྲི་བར་ལན་ཡང་མ་བཏབ་པར་ཡིད་ལ་ཅི་ཞིག་དྲན་པ་ལྟར་རྟབ་རྟབ་པོར་ཡར་ལངས་ཏེ་སྒོར་ཕྱིན་སོང་།

ཕུན་ཚོགས་གསེར་ལུང་དགོན་པ་ནས་སྒྲོལ་མར་འཕྲད་པ་དང་། སྒྲོལ་མར་འཕྲད་པ་ནས་ཕྱིར་རང་ཁྱིམ་དུ་ལོག་པ་ནས་བཟུང་། ཨ་ཁུ་དོན་གྲུབ་ཀྱི་སྡིགས་དམོད་དང་ཁྱིམ་མཚེས་སྡེ་བའི་འཕྱ་དམོད་བཅས་ལ་གདོང་གཏད་མ་བཟོད་པས། རང་ཁྱིམ་ནས་ཉིན་གསུམ་ལའང་མ་བསྡད་པར་ཡུལ་གཞན་དུ་འཁྱམས་སོང་། དོན་དག་དེ་ཨ་ནེ་ཕུར་སྒྲོན་ལ་མཚོན་ན་ནམ་ཡང་སེམས་ནས་གསུབ་ཐབས་མེད་པའི་སྡུག་བསྔལ་ཆེན་པོ་ཞིག་སྟེ། ཕུན་ཚོགས་དེ་རིང་གི་གནས་སྐབས་འདི་ལ་སྐྱེལ་མཁན་ནི་རང་ཉིད་ཡིན་བསམས་ཏེ་ནམ་རྒྱུན་རང་ཉིད་ལེ་བདའ་བྱེད་བཞིན་ཡོད། དང་ཐོག་ཕུན་ཚོགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་སྐབས་ལས་བྱེད་དུ་རྒྱུགས་མ་འཕྲོད་པས་རང་ཁྱིམ་དུ་མི་ལོག་ཐབས་མེད་བྱུང་། ཁྱིམ་མི་ཐམས་ཅད་གོ་ཁ་གཅིག་ཏུ་འཛོམས་ནས་ཕུན་ཚོགས་ཀྱི་མ་འོངས་པའི་ལས་ཀར་བཀོད་སྒྲིག་བྱེད་སྐབས། ཨ་ནེ་ཕུན་སྒྲོན་གྱིས་ངེས་པར་གྲྭ་སར་འགྲིམ་ན་བཟང་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱས་པས། མཐར་ཨ་ནེ་ཕུན་སྒྲོན་གྱི་འདོད་ཐོག་ཏུ་མི་འཇོག་ཐབས་མེད་བྱུང་། འོན་ཀྱང་། སྐབས་དེར་ཨ་ནེ་ཕུན་སྒྲོན་གྱིས་གྲྭ་བ་བྱས་ན་ལེགས་པ་ལས་གྲྭ་ལོག་བྱས་ན་མི་ལེགས་པར་བསམ་བློ་གཏང་མ་མྱོང་བས། ད་ལྟ་དོན་དེར་ཕྱིར་འདང་བརྒྱབ་ན་རང་ཉིད་ཀྱི་ཨུ་ཚུགས་ལ་འགྱོད་སེམས་སྐྱེས་དགོས་བྱུང་།

ཨ་ནེ་ཕུར་སྒྲོན་ལྷས་འདབས་ནས་ཕར་ཅུང་ཙམ་ཕྱིན་པའི་དེའུ་འབུར་ཆུང་ཆུང་གི་སྒང་ལ་བུད་ནས་རྒྱང་རིང་གི་གཞུང་ལམ་ལ་རྒྱང་ལྟ་བྱས་མོད། སྔར་བཞིན་ཅི་ཡང་མ་མཐོང་བས་དབུགས་རིང་ཞིག་འཐེན་ཞོར་དུ་ལྗིད་ཏིག་གེར་ས་ལ་བསྡད་དེ། གོམས་སྲོལ་ལྟར་གཡས་གཡོན་གྱི་ལྷིང་འཇགས་སུ་གནས་པའི་ཁྱིམ་མཚེས་དག་ལ་མིག་ཉུལ་བྱས་པ་ན། ཁོ་མོ་གནས་དེ་གར་ཡུན་རིང་ལ་ལུས།

“ཨ་མ། ཨ་མ། རྒྱང་རིང་ན་རླངས་འཁོར་དཀར་པོ་ཞིག་འདི་ཕྱོགས་སུ་ཡོང་གིན་འདུག” རིག་སྐྱིད་ཀྱིས་ཨ་མ་ཅེར་འདུག་པའི་རྒྱང་རིང་ལ་ལྟ་ཞོར་དེ་ལྟར་བཤད་པ་ན། ཨ་ནེ་ཕུན་སྒྲོན་གཉིད་ལས་སད་པ་ལྟར་སྔངས་འདར་ཞིག་བྱེད་ཞོར་རང་གི་གམ་ལ་བལྟས་པ་ན། ད་གཟོད་རིག་སྐྱིད་ཀྱང་དེའུ་འབུར་སྟེང་ལ་བསླེབས་ནས་ཡུན་རིང་འགོར་བ་ཧ་གོ་སོང་། མོས་སླར་ཡང་རེ་བའི་མིག་ཟུང་ཞིག་རྒྱང་རིང་གི་གཞུང་ལམ་ལ་གཏད་ཅིང་རླངས་འཁོར་དཀར་པོ་དེ་མིག་གིས་འཚོས་ཏེ་གར་འགྲོ་གར་འདུག་ལ་བལྟས། ཨ་ནེ་ཕུར་སྒྲོན་གྱིས་རླངས་འཁོར་དཀར་པོ་དེ་ཁྱིམ་མཚེས་ཚང་གི་སྒོ་འགྲམ་དུ་མ་བསྡད་བར་མིག་ཟུང་རྡེབ་ཙམ་ཡང་མ་བྱས། དེ་ནི་ཁོ་མོས་རླངས་འཁོར་མཐོང་མ་མྱོང་བ་མ་ཡིན་པར་རླངས་འཁོར་ནང་དུ་རང་གི་གཅེས་ཕྲུག་ཕུན་ཚོགས་ཡོད་མེད་ལ་རེ་ལྟོས་ཆེན་པོ་བཅངས་པ་ཡིན།

ཕུན་ཚོགས་ཀྱི་ཨ་མ་ནི་ཨ་ནེ་ཕུར་སྒྲོན་ཡིན་པ་བདེན་མོད། ཨ་ཕ་ནི་ཨ་ཁུ་དོན་གྲུབ་མིན་པ་ཕུན་ཚོགས་རང་གིས་རྩ་བ་ནས་མི་ཤེས། ཕུན་ཚོགས་ནི་ཨ་ནེ་ཕུར་སྒྲོན་ཨ་ཁུ་དོན་གྲུབ་ཚང་དུ་མནའ་མར་ཡོང་བའི་ལོ་གཉིས་ཀྱི་སྔོན་དུ་ཚོང་པ་ཞིག་དང་འབྲེལ་བ་བྱུང་རྗེས་མངལ་དུ་སྦྲུམ་པ་ཡིན་པས། ཨ་ཕ་ངོ་མ་ནི་མིང་ལ་ཅི་ཟེར་མི་ཤེས་པའི་ཚོང་པ་ཞིག་ཡིན་ཏེ། ཐ་ན་ཨ་ནེ་ཕུར་སྒྲོན་གྱིས་ཀྱང་ཚོང་པ་དེའི་མིང་ལ་དངོས་འབྲེལ་བཀྲ་ཤིས་ཟེར་མིན་ཐག་གིས་མི་ཆོད། དེར་བརྟེན། ཨ་ནེ་ཕུར་སྒྲོན་གྱིས་རང་གི་བུ་ཕྲུག་གསུམ་ལས་ཕུན་ཚོགས་ནི་ཆེས་བློས་མི་ཐོངས་བ་དང་སེམས་ཀྱི་ཆེས་དམར་སར་ཉར་ཡོད་པ་དེ་ཡིན། ཁྱད་པར་དུ་ཕུན་ཚོགས་གྲྭ་ས་ནས་ལེགས་པར་མ་བསྡད་པར་ཕྱིར་ལོག་པ་ནི་ཁོ་མོའི་སེམས་ནད་ཆེ་ཤོས་སུ་གྱུར་སོང་།

གསེར་མདོག་གི་ཉི་མ་སེར་པོ་ཉིན་གཅིག་གི་ལས་འགན་རྫོགས་པ་ལྟར་རི་རྒྱབ་ཏུ་ནུབ་པ་ན། ཨ་ནེ་ཕུར་སྒྲོན་དང་བུ་མོ་རིག་སྐྱིད་གཉིས་ཀ་ད་གཟོད་འདོད་ལ་མི་འདོད་བཞིན་གཅིག་རྗེས་གཅིག་གིས་དེད་དེ་རང་ཁྱིམ་གྱི་ཕྱོགས་སུ་སོང་། སྐབས་དེར་བུ་ཆུང་བློ་གྲོས་ཀྱང་ཕྱུགས་རྫིར་སོང་ནས་ཕྱིར་ཁྱིམ་དུ་བསླེབས་པས། ཨ་ནེ་ཕུར་སྒྲོན་བྲེལ་རྟབ་ཀྱིས་ཁྱིམ་དུ་བརྒྱུགས་ནས་གསོམ་དཀར་བཞོ་ཟེའུ་ཞིག་བཟུང་སྟེ་ནོར་ལྷས་སུ་སླེབས་བྱུང་། བཞོ་ཟེའུ་རང་གི་པུས་མོ་གཉིས་ཀྱི་བར་གླགས་སུ་བསྡམས་ཤིང་དེ་ལས་རང་གི་ལག་པའི་སྟེང་དུ་ལག་ཆུ་བྱོ་ཞོར་ལག་པ་གཙང་མར་བཀྲུས། སྒོ་ཟོག་ཐམས་ཅད་ནོར་ལྷས་སུ་བསྐོར་ནས་གཡང་འབྲུ་རྣམས་བཞོས་ཚར་དུས་མུན་ཡང་ཡོངས་སུ་རུབ་སོང་བས། མ་བུ་གསུམ་པོ་དཀའ་སྣང་དང་བཅས་སྦྲ་ནང་དུ་འཛུལ་རྗེས། ཨ་ནེ་ཕུར་སྒྲོན་གྱིས་སྔར་སྲོལ་ལྟར་ཚ་ཐབ་ཏུ་མེ་འབུད་ཞོར་ནུབ་འཚལ་སྐོལ་གྲབས་བྱས།

ཕྱི་རོལ་གྱི་རླུང་བུའི་བསེད་སྒྲ་དང་སྒོ་ཁྱིའི་ཟུག་སྐད་དང་མཉམ་དུ་རྒྱང་རིང་ནས་འཕྲུག་རྟ་ཞིག་གི་སྒྲ་ཡང་གྲག་བྱུང་། འཕྲུལ་རྟ་དེ་ཐག་ཉེ་ནས་ཉེ་རུ་སླེབས་པ་ན་ཨ་ཁུ་དོན་གྲུབ་ཚང་གི་སྒོ་ཁ་ནས་ཙུར་སྒྲ་དང་བཅས་བསྡད་བྱུང་། འོ། དེ་ནི་ཨ་ཁུ་དོན་གྲུབ་ཕྱིར་སླེབས་པ་རེད་འདུག དེ་རིང་ཡུལ་ཚོའི་སྲིད་གཞུང་དུ་གནད་འཁེལ་དབུལ་སྒྲོལ་གྱི་སྐོར་ནས་ཚོགས་འདུ་བསྡུ་བཞིན་ཡོད་པ་དང་དེར་ཁྱིམ་ཚང་རེའི་མི་རེ་ཞུགས་དགོས་པས། ཨ་ཁུ་དོན་གྲུབ་ད་ནངས་སྔ་མོ་ནས་མལ་ལས་ལངས་ཏེ་ཞོགས་ཇ་འཐུང་རྗེས་ལམ་ལ་ཆས།

བློ་གྲོས་དང་རིག་སྐྱིད་གཉིས་དགའ་ལྷིང་ལྷིང་གིས་སྒོ་ཁར་བརྒྱུགས་ནས་ཨ་ཁུ་དོན་གྲུབ་ཀྱི་ཐུ་སྣེ་ལ་འཇུ་བཞིན་ཁྱིམ་དུ་བསུ་མ་བྱས། ཨ་ཁུ་དོན་གྲུབ་སྒྱེད་འགྲམ་གྱི་རྩྭ་སྟན་ཧྲལ་བོ་དེར་ལྗིད་ཏིག་གེར་བསྡད་རྗེས་རུམ་ནས་ཐུར་སྦྲང་རེ་བླངས་ཏེ་བློ་གྲོས་དང་རིག་སྐྱིད་གཉིས་ལ་སྦྱིན། ཨ་ནེ་ཕུར་སྒྲོན་གྱིས་ཨ་ཁུ་དོན་གྲུབ་ལ་འོ་ཇ་དཀར་ཡོལ་གང་འདྲེན་ཞོར་དུ་རེ་ལྟོས་ཆེན་པོ་དང་བཅས“ཕུན་ཚོགས་ཀྱི་གནས་ཚུལ་རེ་འདུག་གམ”ཞེས་དྲིས་པ་ན། ཨ་ཁུ་དོན་གྲུབ་གློ་བུར་དུ་ཁོང་ཁྲོ་ལངས་པ་ལྟར་ཞེད་སྣང་དང་བཅས་སྣ་ཤུ་ཞིག་འཕེན་པ་ལས་ཅི་ཡང་མ་བཤད་མོད། ཕྱིའི་རྣམ་འགྱུར་ལ་བལྟས་ན་དོན་དག་ཐམས་ཅད་གསལ་ལྷང་ངེར་ཤེས་ཡོད་པ་ལྟར་དུ་འདུག་པས། ཨ་ནེ་ཕུར་སྒྲོན་གྱིས་སླར་ཡང་རེ་ལྟོས་ཆེན་པོ་དང་བཅས་ཏེ“དོན་གྲུབ། ཞི་ལུའི་གནས་ཚུལ་འདྲ་འདུག་གམ། གོ་ན་ཤོད་ཡ……”ཞེས་བཤད།

“མྱི་ངན་འདི་སུ་ཞིག་ལ་རིག་སོང་བ་ཡིན་ནམ། ནམ་རྒྱུན་ངའི་མགོ་ཐོག་ལ་ངོ་ཚ་དག་དག་ཁྱེར་ཡོང་ནས……”ཨ་ཁུ་དོན་གྲུབ་ལ་ཁ་མིན་ཞེ་ཞེ་མིན་གཏིང་ནས་ཁོང་ཁྲོ་ལངས་ཡོད་པ་འདྲ་སྟེ། ཁོས་མ་ཎི་བགྲང་ལུགས་དང་འཁོར་ལོ་སྐོར་ལུགས་ལ་བལྟས་ན་ནམ་རྒྱུན་དང་མི་འདྲ་བར་ཧ་ཅང་མགྱོགས་པོར་ཕྱིན་འདུག་ལ། ངག་ནས་སྐད་ཆ་འཆད་སྐབས་ཀྱང་རྡབ་བེ་རྡུབ་བེ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཐ་ན་ཞེ་སྡང་གི་རྐྱེན་པས་ངག་ནས་སྐད་ཆ་མི་ཁྲོལ་བའི་མཚམས་ལའང་སླེབས་འདུག

ཚུལ་དེ་ཨ་ནེ་ཕུན་སྒྲོན་གྱི་ཁྲ་ཆུང་མིག་གི་མཐོང་ལམ་དང་ཐོས་འཛིན་རྣ་བའི་བུ་གར་བརྒྱུད་དུས། ཁོ་མོ་སླར་ཡང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཞིག་ཏུ་ལྷུང་ཞིང་། ཕུན་ཚོགས་ཀྱི་ཕྱོགས་སུ་ཡང་བསྐྱར་སེམས་ཁྲལ་ཆེན་མོ་ཞིག་བྱ་དགོས་བྱུང་། དེ་འཕྲལ་ཨ་ནེ་ཕུར་སྒྲོན་གྱིས་ཀྱང་སྐད་ཆ་འཕྲོར་མཐུད་ནས་འདྲི་མ་ཕོད་པར་དབུགས་རིང་ཞིག་ལེན་ཞོར་སླར་ཡང་ནུབ་འཚལ་བསྐོལ། སྐད་ཅིག་ཙམ་ལ་སྦྲ་ནག་ཧྲིལ་བོ་དལ་ཇག་གེར་འདུག་ལ་ཐ་ན་གློ་ལུ་ཞིག་ཀྱང་ཐོས་རྒྱུ་མི་འདུག ཡུད་ཙམ་འགོར་རྗེས། བློ་གྲོས་ཀྱིས་འཁང་ར་དང་བཅས་ཏེ“ཨ་མ། ངའི་ཕོ་བ་ལྟོགས་བྱུང”ཞེས་པ་ན། ཁོའི་སྐད་ཆ་གློ་བུར་བ་དེས་ཁྱིམ་གྱི་ལྷིང་འཇགས་གློ་བུར་དུ་དཀྲོགས་བྱུང་ལ། ཨ་ནེ་ཕུན་སྒྲོན་གྱིས་འཛུམ་མདངས་བཅོས་མ་ཞིག་བསྡུས་ཏེ་བློ་གྲོས་ལ“ཨ་མའི་གཅེས་ཕྲུག ཅུང་ཙམ་སྒུག་དང་། ནུབ་འཚལ་འཐུང་རན་རེད”ཅེས་བཤད་སོང་།

ཚ་ཐབ་ནས་ཅི་ཞིག་ལྷོག་ལྷོག་ཏུ་གདུས་བྱུང་བས་ཨ་ནེ་ཕུར་སྒྲོན་གྱིས་ནུབ་འཚལ་འཐུང་བར་གྲ་སྒྲིག་བྱས། ནུབ་འཚལ་དེ་ནི་ཕུན་ཚོགས་གསེར་ལུང་དགོན་པ་ནས་ཕྱིར་སླེབས་པའི་དགོང་མོར་བསྐོལ་བའི་ཐུག་པ་དེ་དང་འདྲ་མཚུངས་ཡིན་པས། བློ་གྲོས་དང་རིག་སྐྱིད་གཉིས་ཀྱིས་མི་འདོད་བཞིན་དུ་ཉུང་ཙམ་ཞིག་འཐུང་རྗེས་ལག་གི་དཀར་ཡོལ་གཉིས་ཀ་སྒྱེད་འགྲམ་གྱི་བ་མའི་སྟེང་དུ་བཞག དེ་ལའང་ཁག་མེད་དེ་ཡུན་རིང་ཉར་བའི་ཕག་ཤ་སྣུམ་པོ་དེ་ནི་ཧ་ཅང་རྙིང་སོང་བའི་རྐྱེན་གྱིས་སོ་ཡིས་ཆོད་དཀའ་བར་མ་ཟད་དྲི་མ་ཡང་མཚར་པོ་ཞིག་འདུག ཨ་ནེ་ཕུས་སྒྲོན་གྱིས་ཚུལ་དེ་མཐོང་རྗེས་ཡིད་ལ་ཕམ་སེམས་ཤིག་དང་བཅས“གཅེས་ཕྲུག་གཉིས་ཀ བརྒྱགས་གཅིག་ཟོས། ཕོ་བ་ལྟོགས་ན་མཚན་ལ་གཉིད་མི་ཁུག”ཅེས་བཤད་རྗེས། ཡིད་ལ་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་ཨ་ཁུ་དོན་གྲུབ་ལ་ལྟ་ཞོར་དུ“དེ་རིང་སྲིད་གཞུང་ནས་སྒོར་མོ་ག་ཚོད་བགོས་སོང་། ད་ནི་ཡང་བཟའ་བཅའ་རེ་འགའ་ཉོ་དགོས་འདུག”ཅེས་དྲིས་པ་ན། ཨ་ཁུ་དོན་གྲུབ་ལ་ད་དུང་ཁོང་ཁྲོ་ལངས་འདུག་པས། ཁོས་ཁོང་ཁྲོ་དང་བཅས“ཁྱོད་ཀྱི་གཅེས་ཕྲུག་དེ་གོ་ཆོད་ཅིག་ཡིན་པས། སྒོར་རྡོག་གཅིག་ཀྱང་ལག་ལ་མ་ལོན་ཐལ། ཁྱིམ་ཚང་གཞན་པ་ཐམས་ཅད་ལ་སྒོར་མོ་བརྒྱ་ཚོ་སུམ་ཅུ་ལྷག་རེ་འདུག་མོད། ངེད་ཚང་གི་སྐལ་བ་ཐམས་ཅད་མྱི་ལྡོམ་འཁྱམ་པོ་དེས་མེད་པར་བཏང་ཟིན”ཞེས་བཤད་མོད། ཁོང་ཁྲོ་མེ་ལྟར་འབར་བཞིན་ཡོད་སྟབས། རང་ཉིད་ཀྱི་ཅི་ཞིག་ཤོད་བཞིན་པའང་ཧ་མི་གོ་བ་འདྲ་སྟེ། ཁོས་ཨ་ནེ་ཕུར་སྒྲོན་གྱིས་གསར་དུ་བླུགས་པའི་ཇ་དེ་ཧུབ་ཀྱིས་ཐེངས་གཅིག་བཏུང་བས་ལྕེ་དང་ཁ་ནང་ཐམས་ཅད་བསྲེགས་སོང་བས། མིག་ཀོང་ནས་མིག་ཆུ་ཞིག་ཀྱང་དབང་མེད་དུ་མཁུར་ཚོས་བརྒྱུད་ནས་པང་ཐོག་ཏུ་འགྲིལ་བྱུང་།

“སྤྲང་ཕྲུག་དེ་ཅི་ཞིག་གི་སྐྱེ་བ་ཡིན་ནམ། ཡང་དེས་མ་རུང་བ་ཅི་ཞིག་བྱས་འདུག” ཨ་ནེ་ཕུར་སྒྲོན་གྱི་མིག་མཐའ་ཡང་མཆི་མས་བསྐོར་བྱུང་སྟེ། སྐད་ངག་འདར་འདར་གྱིས་དེ་ལྟར་བཤད།

གནད་འཁེལ་དབུལ་སྒྲོལ་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྐོར་གྱི་བྱ་བའི་རྣམ་གྲངས་ཤིག་ཡིན་ཏེ། སྡེ་བ་དང་ཡུལ་ལུང་སོ་སོའི་ཁྱིམ་ཚང་དབུལ་བོ་རྣམས་ལ་སྒོར་མོ་དང་བཟའ་བཏུང་གིས་རོགས་རམ་བྱས་ཤིང་དོ་མཉམ་འཕེལ་རྒྱས་ཀྱིས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་བྱ་བ་གལ་ཆེན་ཞིག་ཡིན། ཁྱད་པར་དུ་ལོ་འདི་དག་གི་རིང་ལ་གོང་རིམ་དབུ་ཁྲིད་ཀྱི་བཀས་བཀོད་ལྟར་ཡུལ་ཕྱོགས་སོ་སོར་འདིའི་སྐོར་གྱི་བྱ་བ་ནན་ནན་ཏིག་ཏིག་གིས་སྒྲུབ་བཞིན་ཡོད། དེ་ཡང་ཁྱིམ་ཚང་གི་ཡོང་འབབ་དང་ཆ་རྐྱེན་སོགས་ལ་གཞིགས་ཏེ། ཁྱིམ་ཚང་གི་ཆ་རྐྱེན་ཞན་པ་དང་ཡོང་འབབ་དམའ་བ་རྣམས་རྣམ་གྲངས་དེའི་གྲས་སུ་བཞག་ནས་ལོ་རེར་སྒོར་མོ་དང་བཟའ་བཏུང་གིས་རོགས་སྐྱོར་བྱས་ནས་དབུང་ཕུངས་ཀྱི་སྡུག་བསྔལ་ལས་སྒྲོལ་བར་བྱེད།

ཕུན་ཚོགས་ཀྱིས་སློབ་ཆེན་འགྲིམས་པ་ནས་བཟུང་། ཨ་ཁུ་དོན་གྲུབ་ཚང་ལ་སྔར་བཞིན་ཡོང་སྒོ་བཙལ་མཁན་གཅིག་ཀྱང་མེད་དེ། ཨ་ཁུ་དོན་གྲུབ་གཟའ་ཟླ་གཉིས་ནི་ལོ་ལོན་དྲགས་པ་དང་བློ་གྲོས་མིང་སྲིང་གཉིས་ནི་ལོ་ཆུང་དྲགས། དེའི་ཁར་ཕུན་ཚོགས་ཀྱི་སློབ་སྐབས་རེའི་སློབ་ཡོན་ཡང་གྲ་སྒྲིག་བྱེད་དགོས་པས། ཁྱིམ་ཚང་གི་ཆ་རྐྱེན་ནི་ཇེ་ཞན་ནས་ཇེ་ཞན་དུ་གྱུར། དེའི་རྐྱེན་གྱིས་སྲིད་གཞུང་གིས་ཨ་ཁུ་དོན་གྲུབ་ཚང་ཀྱང་གནད་འཁེལ་དབུལ་སྒྲོལ་གྱི་ལས་ཀའི་ཁ་གཏད་གཅིག་ཏུ་བཞག་སྟེ་ལོ་རེ་བཞིན་ལྟ་སྐྱོང་ཚད་མེད་གནང་གིན་ཡོད། འོན་ཀྱང་། ད་ལོ་ཅིའི་ཕྱིར་དབུལ་སྒྲོལ་གྱི་གྲས་སུ་མ་བཞག་པ་ཡིན་ནམ། དེ་ཕུན་ཚོགས་དང་འབྲེལ་བ་ག་རེ་ཡོད་དམ། ཨ་ནེ་ཕུར་སྒྲོན་གྱིས་བསམ་བློ་ཇི་ལྟར་བཏང་ཡང་བདེན་ཅོག་ཅོག་གི་ལན་ཞིག་མ་རྙེད་པས། སླར་ཡང་ཨ་ཁུ་དོན་གྲུབ་ལ“ཕུན་ཚོགས་ཀྱིས་དོན་དམ་ཅི་ཞིག་བྱས་བཞག་པ་རེད། ཁྲིམས་འགལ་གྱི་བྱ་བ་ཞིག་བསྒྲུབས་པ་རེད་དམ། ཡང་ན…… ངའི་བུ་ད་ལྟ་གང་དུ་ཡོད་དམ། ད་ལྟ་བདེ་འཚམ་ཡིན་ནམ།” ཞེས་སེམས་ཁྲལ་དང་བཅས་ཕུན་ཚོགས་ཀྱི་སྐོར་ནས་དྲི་བ་ལུང་བ་གང་དྲིས་པ་ན། སླར་ཡང་རང་ཉིད་ཀྱི་རྣམ་འགྱུར་དེ་ཐལ་དྲགས་སོང་སྙམ་བཞིན་དོགས་མི་བདེ་བའི་རྣམ་འགྱུར་ཞིག་དང་བཅས“ཐུག་པ་གྲང་འཁྱག་ཏུ་མ་སྐྱུར། གྲང་འཁྱག་འཐུང་ན་ཕོ་ཁར་གནོད་པ་རེད”ཅེས་བཤད། ཨ་ཁུ་དོན་གྲུབ་ཀྱིས་ཨ་ནེ་ཕུར་སྒྲོན་གྱི་སེམས་དོན་ཡོངས་སུ་རྟོགས་མོད། སྐད་ཆ་ཐམས་ཅད་གསང་སྦས་མེད་པར་བཤད་ན་ཨ་ནེ་ཕུར་སྒྲོན་གྱི་སེམས་རབ་ཏུ་འཁྲུགས་ནས་སྙིང་ནད་འབྱུང་བར་སེམས་ཁྲལ་བྱས་ཏེ། ཕུན་ཚོགས་ཀྱི་དོན་དག་ཡུན་རིང་ཞིག་ལ་བཤད་མགོ་རྩོམ་མ་ཕོད། འོན་ཀྱང་། ཨ་ནེ་ཕུར་སྒྲོན་གྱིས་ཡང་དང་བསྐྱར་དུ་ཕུན་ཚོགས་ཀྱི་གནས་ཚུལ་དྲིས་བྱུང་བས། ཡིན་ལུགས་ལྟར་མ་བཤད་ན་ཡང་མི་ཆོག་པར་སྣང་སྟེ། རྩྭ་སྟན་ཧྲལ་བོ་དེའི་སྟེང་ནས་ཡང་འདུག་ཅིག་བྱེད་ཞོར་དེ་རིང་ཐོས་པའི་ཕུན་ཚོགས་ཀྱི་གནས་ཚུལ་རྣམས་མི་བཤད་ཐབས་མེད་དུ་གྱུར།

ཨ་ནེ་ཕུར་སྒྲོན་གྱིས་སྐོམ་པས་ཆུ་འདོད་དང་ལྟོགས་པས་ཟས་འདོད་ལྟར་ཨ་ཁུ་དོན་གྲུབ་ཀྱི་གཏམ་ལན་ལ་ཡུན་རིང་བསྒུགས་མཐར། ཆེས་བསམ་ཡུལ་ལས་འདས་པའམ་ཞེ་སྣང་བ་གཉིས་ཀར་ཤར་མ་མྱོང་བའི་དོན་དག་ཅིག་རྣ་བའི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་སར་ཟུག་བྱུང་སྟེ། སྐད་ཆ་དེ་ནི་ཨ་ནེ་ཕུར་སྒྲོན་ལ་མཚོན་ན་མི་རབས་ཟད་ཀྱང་གཏམ་རབས་མི་ཟད་པའི་ངོ་ཚ་ཞིག་དང་ཞི་བདེ་རྒྱ་མཚོའི་ནང་དུ་ལན་མང་བཀྲུས་ཀྱང་གཙང་སེལ་མི་ཐུབ་པའི་སེམས་ཀྱི་ནག་ཐིག་ཅིག་ཅི་ལ་མིན། ཨ་ཁུ་དོན་གྲུབ་ཀྱི་ངག་ནས་ཕུན་ཚོགས་ཀྱི་གནས་ཚུལ་མ་རུང་བ་དེ་ཐོས་རྗེས། ཨ་ནེ་ཕུར་སྒྲོན་བླ་འཁྱམ་པ་ལྟར་ཡུད་ཙམ་ལ་དྲན་མེད་དུ་བརྒྱལ་སོང་ལ། ཅུང་ཞིག་ནས་དྲན་པ་སོས་ཏེ་ལུས་སེམས་གཉིས་ཀ་ཅུང་བདེར་བབས་ཡོད་དུས། སླར་ཡང་དོན་དེའི་ཕྱོགས་ལ་བསམ་བློ་འདྲ་མིན་མི་གཏོང་ཐུ་མེད་དུ་གྱུར། ཡུལ་མི་ཁྱིམ་མཚེས་ཀྱིས་ཆེས་སྐྱུགས་བྲོ་བའི་གཏམ་ངན་འདི་གོ་སོང་ན་ཅི་བྱ། གྲོང་བ་སྡེ་བ་ཡིས་ཆེས་ཡུ་མིག་པའི་གཏམ་ངན་འདི་གོ་སོང་ན་ཅི་བྱ། ཁྱད་པར་དུ་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ཨ་ལགས་ཁྱབ་བདག་རིན་པོ་ཆེས་གཏམ་ངན་འདི་གོ་སོང་ན་ཅི་བྱ། གལ་ཏེ་ཨ་ལགས་རིན་པོ་ཆེས་ཕུན་ཚོགས་ཀྱི་མ་རུང་བའི་བྱ་སྤྱོད་འདི་གོ་སོང་ན། ངེད་ཁྱིམ་མི་གང་བོའི་དགོན་པའི་ཆོས་འབྲེལ་གཅད་སྲིད་དམ། གལ་ཏེ་ཆོས་འབྲེལ་བཅད་བཞག་ན་ཚེ་ཕྱི་མར་ཇི་ལྟར་བྱ། ད་ནི་དམྱལ་བ་ལས་འགྲོ་ས་གང་ཡང་མེད་པས་ཇི་ལྟར་བྱས་ན་ལེགས་སམ། ཨ་ནེ་ཕུན་སྒྲོན་གྱིས་བསམ་བློ་གཏོང་གིན་གཏོང་གིན་ཡང་བསྐྱར་དྲན་མེད་དུ་བརྒྱལ་སོང་། ཐེངས་འདིར་དངོས་འབྲེལ་ཡུན་རིང་ཞིག་ལ་བརྒྱལ་ནས་དྲན་པ་སླར་སོས་མ་ཐུབ་སྟེ། ཨ་ཁུ་དོན་གྲུབ་ཀྱི་སེམས་ཁྲལ་དེ་ཡང་འཆུགས་མེད་དེ་ཆུ་ཚོད་གཅིག་ལྷག་གི་རིང་ལ་ཨ་ནེ་ཕུར་སྒྲོན་ནི་བླ་སྲོག་བོར་བའི་བེམ་པོ་ལྟར་གྱུར་སོང་། ཨ་ནེ་ཕུན་སྒྲོན་གྱི་དྲན་པ་སླར་ཡང་སོས་ཏེ་མིག་ཟུང་འབྱེད་ཙམ་བྱེད་དུས་ཉེ་འབྲེལ་མང་པོ་ཞིག་གིས་མཐའ་ན་བསྐོར་འདུག་ལ། ཀུན་གྱིས་ངག་ན“ཁྱབ་བདག་རིན་པོ་ཆེ་མཁྱེན། ཁྱབ་བདག་རིན་པོ་ཆེ་མཁྱེན”ཞེས་བཟློ་བཞིན་ཕྱོགས་བཅུར་ཐལ་མོ་སྦྱར་ནས་གསོལ་བ་འདེབས་ཀྱིན་འདུག སྐབས་དེར། ནམ་གུང་གི་ཆུ་ཚོད་གི་བཅུ་གཉིས་པ་ཡས་མས་ཤིག་རེད་འདུག་ལ། ཕྱི་རོལ་དུ་སྔར་བཞིན་རླུང་བུའི་བསེད་སྒྲ་དང་སྒོ་ཁྱིའི་ཟུག་སྐད་ཅིག་གྲག་བཞིན་འདུག

དོན་དམ་དུ། ཕུན་ཚོགས་ཀྱིས་མ་རུང་བའི་དོན་དག་ཅི་ཞིག་བསྒྲུབས་པ་ཡིན་ནམ། ཁོས་མི་གསོད་རྟ་སྒྱེལ་བྱས་པ་ཡིན་ནམ་རྐུ་འཕྲོག་བཅོམ་གསུམ་བྱས་པ་ཡིན། ཁོ་རང་དམ་པའི་ལྷ་ཆོས་དང་འགལ་སོང་བ་ཡིན་ནམ་འཇིག་རྟེན་མི་ཆོས་དང་འགལ་སོང་བ་ཡིན། འོ། ཕུན་ཚོགས་ཀྱིས་དེ་དག་ལས་གང་ཡང་བསྒྲུབས་མི་འདུག་ལ་དེ་དག་ལས་གང་དང་ཡང་འགལ་མི་འདུག འོ་ན་ཕུན་ཚོགས་ཀྱིས་ཅི་ཞིག་བྱས་པ་ཡིན་ནམ། ཨ་ནེ་ཕུ་སྒྲོན་གྱི་མི་ཚེ་གཅིག་གི་ངོ་ཚར་གྱུར་བ་ཞིག་ཅི་ཡིན་ནམ། འོ། དེ་ནི་བཀྲ་ལུང་སྡེ་བ་ན་གདོན་ལྟར་བརྩི་ཞིང་ཀུན་གྱིས་དམོད་པའི་མཆིལ་ཞགས་འཕེན་སའི་འདྲེ་ལྟ་བུ་སྟེ། དེང་སེང་བོད་ཁུལ་ན་ཆར་རྗེས་ཀྱི་ཤྭ་མོ་བཞིན་ཆེས་ཆེར་ཁྱབ་བརྡལ་དུ་འགྲོ་བཞིན་པའི“རྒྱ་བླ”ཞེས་པ་དེ་བཅས་བཏང་བས་རེད་འདུག

“ཤུ། ཕུར་སྒྲོན་ནི་ཕུན་ཚོགས་ཀྱི་དོན་དུ་གསོན་པ་ཡིན་ལ། ཕུན་ཚོགས་ཀྱི་དོན་ཤི་ཡང་འགྲོ་ས་རེད། སྐྱེ་བ་འདི་་་” ཨ་ནེ་ཕུར་སྒྲོན་གྱི་མཐའ་ན་བསྐོར་བའི་ཉེ་འབྲེལ་ཚོའི་གྲས་ཀྱི་རྒན་མོ་ཁ་མང་ཞིག་གིས་སྐྱོ་ཉམས་དང་བཅས་ཟུར་ན་ཡོད་པའི་བགྲེས་མོ་ལོ་ལོན་དེར་ཤབ་ཤུབ་ཏུ་བརྗོད་བྱུང་བ་ན། བགྲེས་པོ་ལོ་ལོན་དེས“འོ་ལེ། འདི་འདྲའི་བུ་ཕྲུག་བསམ་མེད་ཅིག་ཡོད་པ་ལས་མེད་ན་ལོས་དགའ”ཞེས་གཏམ་ལན་སྟབས་བདེ་ཞིག་བཏབ་རྗེས་སླར་ཡང་སེམས་རྩེ་གཅིག་ལ་གཏད་དེ“ཨ་ལགས་ཁྱབ་བདག་ཚང་མཁྱེན”ཞེས་གསོལ་བ་འདེབས་བཞིན་འདུག བློ་གྲོས་དང་རིག་སྐྱིད་གཉིས་ཨ་ནེ་ཕུར་སྒྲོན་གྱི་གཡས་གཡོན་དུ་འཐམ་ནས་ངུ་འབོད་ཨག་རྒྱངས་བྱེད་ཀྱིན་འདུག་ལ། ཨ་ཁུ་དོན་གྲུབ་ཀྱིས་ནི་མ་ཎི་བགྲང་གིན་མེད་ལ་འཁོར་ལོ་སྐོར་སྐོར་གྱིན་མེད་དེ། ཨ་ནེ་ཕུར་སྒྲོན་གྱི་མགོ་སྔས་འགྲམ་དུ་ལངས་ཏེ་ཨ་ནེ་ཕུར་སྒྲོན་གྱི་ངོ་གདོང་ལ་ཅེར་ནས་ཧད་འདུག ད་ནི་ཨ་ནེ་ཕུར་སྒྲོན་གྱི་དྲན་པའང་སོས་བྱུང་ལ་དུས་ཚོད་ཀྱང་ཧ་ཅང་འཕྱི་པོ་ཆགས་འདུག་པས། མཐའ་སྐོར་ན་ཡོད་པའི་ཉེ་འབྲེལ་རྣམས་རེ་རེ་བཞིན་གཅིག་འཕྲོར་གཅིག་མཐུད་དེ་རང་རང་སོ་སོའི་ཁྱིམ་ལ་ཆས་སོང་།

སྤྱིར་ན་དེང་སང་བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་རྒྱ་བླ་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཀུན་གྱིས་རྒྱུན་ལྡན་ལྟ་བུ་ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་། བཀྲ་ལུང་སྡེ་བར་མཚོན་ན། རྒྱ་བླ་ཞེས་པའི་མིང་དེ་རྣ་བར་བརྒྱུད་དུས་སྔར་བཞིན་གདོན་ལྟར་བརྩི་བ་ལས། མི་དེས་བྱ་བ་ལེགས་ཉེས་གང་ཞིག་བསྒྲུབས་མྱོང་བ་དང་སྒྲུབ་བཞིན་ཡོད་མེད་ལ་བསམ་བློ་རྩ་བ་ནས་མི་གཏོང་། ཚང་མའི་སྣང་ངོར་རྒྱ་བླ་ཞེས་པ་ནི་མི་ལ་མགོ་གཡོག་མགོ་སྐོར་བྱས་ཏེ་རང་ཉིད་སྐྱིད་པོ་གཏོང་བའི་སྡིག་ཅན་ཤན་པ་ལྟ་བུ་ཞིག་ཏུ་འདོད་ཀྱིན་ཡོད། མ་ཟད། བཀྲ་ལུང་སྡེ་བ་ནས་སུ་ཚང་ལ་རྒྱ་བླ་ཡོད་ན་དེ་ཚང་སྡེ་གྲལ་ནས་ཕུད་དེ་ཀུན་གྱིས་སྡིག་དམོད་དང་འཕྱ་སྨོད་བྱེད་ཡུལ་དུ་འགྱུར་ལ། སྲིད་གཞུང་གིས་ཀྱང་ཁྱེད་ཚང་ལ་རྒྱ་བླ་ཡོད་པས་ཁྱིམ་གྱི་ཆ་རྐྱེན་ཧ་ཅང་བཟང་ཟེར་ནས་གནད་འཁེལ་དབུལ་སྒྲིལ་གྱི་རྣམ་གྲངས་སོགས་ནས་རྒྱང་སྤྲོད་གཏོང་བ་རེད། དེའི་རྐྱེན་གྱིས་བཀྲ་ལུང་སྡེ་བར་རྒྱ་བླ་ཧ་ཅང་དཀོན། སྲིད་གཞུང་གིས་དབུལ་སྒྲོལ་སྒོར་མོ་མེད་པར་བཟོ་བ་ལ་དངོས་འབྲེལ་ཁག་མེད་མོད། སྡེ་མི་ཚོའི་སེམས་ནང་གི་རྒྱ་བླ་ཞེས་པ་ནི་དེ་ལྟ་བུའི་བླ་བཙོང་རྐང་འདྲེན་ཞིག་ཡིན་དོན་ཅི་ཡིན་ནམ། འོ། དེ་ནི་ལོ་ངོ་གཉིས་ཀྱི་ཡར་སྔོན་དུ་ཨ་ཁུ་ཚེ་རིང་ཚང་གི་བུ་ཟླ་བ་དགོན་པ་ནས་ལེགས་པར་མ་བསྡད་པར་རྒྱ་ནང་དུ་ཡུན་རིང་ལ་འགྲིམས་མཐར། སྟབས་དང་སྟེས་དབང་འགྲིག་ནས་རྒྱ་མི་དད་ལྡན་སྐོར་དང་འཕྲད་པས། དེ་ཚོར་རང་ཉིད་ལ་མངོན་ཤེས་ཡོད་ཚུལ་དང་བོད་ཡུལ་གྱི་དགོན་པ་ག་གེ་མོའི་སྤྲུལ་སྐུ་ཆེན་པོ་ཡིན་རབས་སོགས་རྫུན་གཏམ་འབའ་ཞིག་ལབ་སྟེ། ཁོ་ཚོའི་ལག་ནས་སྒོར་མོ་མང་པོ་རྙེད་ཐབས་བྱས་པར་མ་ཟད། སྤྲུལ་སྐུས་ཡུམ་སུ་ཞིག་བརྟེན་ན་དེ་ཉིད་ཚེ་འདི་ཕྱི་གཉིས་ལ་བདེ་སྐྱིད་ལྡན་པ་དང་སྡུག་བསྔལ་མྱོང་མི་དགོས་པའི་གནས་ལུགས་རྒྱུ་མཚན་འདྲ་མིན་བཤད་དེ། རང་གི་འཁོར་ན་ཡོད་པའི་དད་ལྡན་རྣམས་ལས་བུད་མེད་མཛེས་མ་ཞིག་ཆུང་མར་བརྟེན། དེ་ལྟར་རྒྱ་ཡུལ་ནས་དད་ལྡན་མང་ཚོགས་ལ་མགོ་གཡོག་མགོ་སྐོར་བྱས་ཏེ་ཡུན་རིང་འགོར་སོང་། གཏམ་མི་ཁ་གཉིས་ཀ་བཀག་ན་མི་ཁོག་ཅེས་པ་ལྟར་རིམ་གྱིས་དོན་དག་ཐམས་ཅད་བཀྲ་ལུང་སྡེ་བའི་ཡུལ་མི་ཀུན་གྱི་རྣ་ལམ་དུ་བརྒྱུད་པ་དང་། རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་ཞེས་པ་ལྟར་ག་ལེར་རྒྱའི་དད་ལྡན་མང་ཚོགས་ཀྱིས་ཁོ་རང་སྤྲུལ་སྐུ་མིན་པ་གོ་བར་མ་ཟད། ཐ་ན་སྡོམ་དམ་ཚིག་གཙང་མ་སྲུང་ཐུབ་པའི་གྲྭ་རྐྱང་ཞིག་ཀྱང་མིན་པ་ཤེས་ཏེ་རྫུན་རྐུབ་བརྟོལ་ནས་དཀའ་སྡུག་འདྲ་མིན་ལ་གཏད། དེ་ལྟར་ཟླ་བས་མི་རབས་ཟད་ན་གཏམ་རབས་མི་ཟད་པའི་ངོ་ཚ་ཞིག་ཉོས་རྗེས་འགྲོ་ས་འདུག་ས་གང་ཡང་མེད་པར་ཕྱིར་ཕ་ཡུལ་དུ་མི་ལོག་ཐུ་མེད་བྱུང་། ད་ལྟ་ད་དུང་ཡང་ཟླ་བ་མཐོང་དུས་ཚང་མས་རྒྱ་བླ་ཞེས་འཕྱ་དགོད་བྱེད་ཀྱིན་ཡོད་པ་རེད། ཟླ་བའི་དོན་རྐྱེན་དེ་བྱུང་རྗེས་བཀྲ་ལུང་སྡེ་བ་ནས་ཁྱིམ་ཚང་སོ་སོས་རྒྱ་བླ་ཞེས་པ་ནི་བླ་བཙོང་རྐང་འདྲེན་དང་ཁྱིམ་ཚང་གི་ངོ་ཚ་ཞིག་ཏུ་འདོད་ཀྱིན་ཡོད་ལ། གྲྭ་བ་རྣམས་ཀྱིས་ཀྱང་རྒྱ་བླ་ཞེས་ཐོས་ཚེ་རང་དབང་མེད་པར་སྔངས་འདར་རེ་རྒྱག་པ་རེད།

ཕྱི་ཉིན། ཞོགས་པའི་ཉི་ཟེར་ཤར་རིའི་རྩེ་ནས་འཕགས་ཏེ་ས་འཛིན་སྒེག་མོའི་ཕང་བ་རུ་འཕྲོས་པ་དང་མཉམ་དུ། ཨ་ནེ་ཕུར་སྒྲོན་གྱིས་སྔར་སྲོལ་ལྟར་འབྲུ་མོ་ཐམས་ཅད་བཞོས་ཚར་ཏེ་བློ་གྲོས་ལ་བྲོ་ཁ་དང་བཅས་ཟོག་རྫིར་མངགས། རིག་སྐྱིད་ལ་ལག་རོགས་བྱེད་དུ་བཅུག་ནས་ལྷས་རའི་ནང་གི་ལྕི་བ་ཐམས་ཅད་ལྷས་འདབས་སུ་སྤུངས། སླར་ཡང་དབུགས་རིང་ཞིག་འཐེན་ཞོར་སྦྲ་ནང་དུ་འཛུལ་ནས་ནངས་ཇ་སྐོལ་མགོ་བརྩམས། ཨ་ཁུ་དོན་གྲུབ་ཀྱིས་མགྲོན་པོ་གལ་ཆེན་ཞིག་ལ་སྒུག་པ་ལྟར་ད་ནངས་ནས་སྦྲ་མཐའ་རུ་བསྡད་དེ་རྒྱང་རིང་གི་གཞུང་ལམ་ཕྱོགས་སུ་མིག་ཞགས་འཕེན་གྱིན་འདུག་ལ། ནངས་ཇ་འཇུང་རྗེས་སླར་ཡང་སྦྲ་མཐའ་ནས་ཉི་མར་ལྡེ་ཞོར་ལག་ཕྲེང་བ་དང་ཁ་མ་ཎི་བྱས་ཏེ་རྒྱང་རིང་གི་གཞུང་ལམ་ཕྱོགས་སུ་མིག་ཞགས་འཕེན་ཞོར་བསྡད། ནམ་རྒྱུན་ཡིན་ན་ཨ་ནེ་ཕུར་སྒྲོན་ཡང་དེའུ་འབུར་ཆུང་ཆུང་དེའི་སྒང་ལ་བུད་ནས་རྒྱང་རིང་གི་གཞུང་ལམ་ཕྱོགས་སུ་ཅེར་ནས་ཕུན་ཚོགས་ཕྱིར་ལོག་པར་རེ་སྒུག་ཆེན་པོ་བྱེད་མོད། དེ་རིང་ནི་རང་ཉིད་ལ་ཕུན་ཚོགས་ཞེས་པའི་གཅེས་ཕྲུག་ཅིག་ཡོད་པ་གཏན་ནས་བརྗེད་ཚར་བ་འདྲ་སྟེ། ཁྱིམ་ལས་ཙག་ཙིག་ལ་མགོ་བོ་འཁོར་ཏེ་ཐ་ན་སྦྲ་སྒོར་བུད་ནས་གཞུང་ལམ་ཕྱོགས་སུ་ལྟ་ཙམ་ཡང་མ་བྱས། ཕར་བལྟས་ཚོད་ལ་ང་ལ་ཕུན་ཚོགས་ལྟ་བུའི་བུ་ཕྲུག་མ་རབས་ཤིག་མི་དགོས་ཟེར་བཞིན་པའི་རྣམ་འགྱུར་ཞིག་ཀྱང་མངོན་འདུག རིག་སྐྱིད་ནི་ནངས་ཇ་འཐུང་རྗེས་སྡེ་བའི་ནང་གི་བྱིས་པ་ཆུང་ཆུང་ཚོ་དང་མཉམ་དུ་རྩེད་མོར་ཆས་སོང་བས། ཨ་ཁུ་དོན་གྲུབ་དང་ཨ་ནེ་ཕུར་སྒྲོན་གཉིས་ཀྱི་མཐོང་ལམ་ནའང་མི་འདུག འོན་ཀྱང་། དུས་ཚོད་ཡུན་རིང་ཞིག་མ་འགོར་བར་ངུ་འབོད་དང་ཨང་རྒྱངས་བྱེད་ཞོར་ཁྱིམ་དུ་སླེབས་བྱུང་། ཨ་ཁུ་དོན་གྲུབ་དང་ཨ་ནེ་ཕུར་སྒྲོན་གཉིས་ཀྱིས“དོན་དག་ཅི་བྱུང་སོང”ཞེས་འདྲི་དུས། རིག་སྐྱིད་ཀྱིས་ལག་པ་གཡས་གཡོན་གྱིས་མིག་ཟུང་གཡས་གཡོན་གྱི་མིག་ཆུ་འཕྱི་ཞོར་དུ“ཁོ་ཚོས་ང་རང་རྩེད་གྲབས་སུ་མི་འཇོག་གི ང་རྒྱ་བླ་ཚང་རེད་ཟེར”ཞེས་བཤད་བྱུང་ལ། སྐད་ཆ་དེ་ནི་ཨ་ནེ་ཕུར་སྒྲོན་གྱི་སྙིང་ལ་ཚེར་མ་ཟུག་པ་དང་འདྲ་བྱུང་སྟེ། རང་དབང་མེད་པར་མིག་ཀུང་ནས་མཆི་མ་རྡོག་པོ་ཞིག་འགྲུལ་བྱུང་ལ་རིག་སྐྱིད་པང་དུ་བསྡམས་ནས་མ་བུ་གཉིས་ཀ་ཡུན་རིང་ལ་ངུ་ཤུམ་བྱས།

“ཨ་མ། ཕུ་བོ་ཕུན་ཚོགས་དངོས་འབྲེལ་རྒྱ་བླ་བྱས་པ་ཡིན་ནམ། གལ་ཏེ་ཡིན་ན་ཕུ་བོ་བློ་གྲོས་འུ་གཉིས་སློབ་གྲྭར་ཡང་མི་འགྲོ།” རིག་སྐྱིད་ཀྱིས་ཡང་བསྐྱར་གནད་དོན་ཞིག་གླེང་བྱུང་སྟེ། གལ་ཏེ་རིག་སྐྱིད་དང་བློ་གྲོས་གཉིས་སློབ་གྲྭར་ཕྱིན་ན་སློབ་གྲོགས་མང་པོ་ཞིག་གིས་ཁོང་གཉིས་ལ་མཐོང་ཆུང་དང་འཕྱ་དགོད་བྱས་ཏེ་རྩེད་གྲབས་ལ་འཇོག་མི་སྲིད། ཆུང་ཆུང་བྱིས་པའི་དུས་སུ་གྲོགས་པོ་ཚོས་རྩེད་གྲབས་ལ་མི་འཇོག་པ་ནི་ཅི་འདྲའི་སྡུག་བསྔལ་ཆེན་པོ་ཞིག་མིན་ཨང་། ཨ་ནེ་ཕུར་སྒྲོན་གྱིས་དེ་དག་ཐམས་ཅད་ལ་བསམ་བློ་བཏང་རྗེས་སེམས་གཏོང་ནས་ཕུན་ཚོགས་ཀྱི་སྟེང་ལ་ཁོང་ཁྲོ་ཆེན་པོ་ཞིག་ལངས་བྱུང་ལ། ཁྱིམ་ཚང་འདིའི་བདེ་སྐྱིད་ཐམས་ཅད་ཕུན་ཚོགས་ཀྱིས་རྩ་མེད་དུ་བཏང་སོང་སྙམ་གྱིན་འདུག

དུས་ཚོད་ནི་ཤར་ཕྱགས་སུ་རྒྱུ་བའི་ཆུ་བོ་ལྟར་བར་མེད་དུ་བཞུར་བཞིན་ཡོད་པས། གསེར་མདོག་གི་ཉི་མ་སེར་པོ་སླར་ཡང་དཀའ་སྣང་དང་བཅས་ནུབ་རི་བརྒལ་ནས་གར་སོང་ཆ་མེད་དུ་གྱུར་སོང་། ཨ་ཁུ་དོན་གྲུབ་ཀྱིས་སྔར་བཞིན་སྦྲ་མཐའ་ན་ཅི་ཞིག་ལ་སྒུག་འདུག སྔར་བཞིན་རྒྱང་རིང་གི་གཞུང་ལམ་ཕྱོགས་སུ་ཅེར་འདུག རིག་སྐྱིད་ཀྱང་སྡེ་བའི་ནང་གི་བྱིས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེ་རུ་མ་སོང་བར་ཨ་ཁུ་དོན་གྲུབ་ཀྱི་གམ་ན་པྲ་ཚག་བྱེད་ཀྱིན་འདུག་སྟེ། ད་ནངས་ན་མཉམ་གྱི་གྲོགས་པོ་ཚོས་རྩེད་གྲལ་ནས་ཕུད་བཞག་པའང་བརྗེད་ཚར་ཡོད་པ་འདྲ།

མུན་ཡོངས་སུ་རུབ་ལ་ཉེ། ཨ་ཁུ་དོན་གྲུབ་ཀྱིས་ཉིན་གང་བོར་ཅི་ཞིག་ལ་རེ་སྒུག་བྱས་ཀྱང་མགྲོན་པོ་སུ་ཡང་མ་བྱུང་བས་རེ་ཐག་ཆད་པ་ལྟར་སྦྲ་མཐའ་ནས་ཡར་ལངས་ཏེ་ཁྱིམ་ལ་འགྲོ་རྩིས་བྱས་པ་ན། གློ་བུར་དུ་རྒྱང་རིང་ནས་མདུན་སྒྲོན་མེད་པའི་འཕྲུལ་རྟ་ཞིག་གི་སྒྲ་གྲག་བྱུང་། སྒྲ་དེ་ཨ་ཁུ་དོན་གྲུབ་ཚང་དང་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་ཕྱིན་པས། ཨ་ཁུ་དོན་གྲུབ་ཚང་གི་ཁྱིམ་མི་གང་བོ་སྒོ་ཁར་བུད་ནས་བལྟས་པ་ན། མིག་མདུན་དུ་མངོན་པ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུ་ཞིག་སྟེ། ཕུན་ཚོགས་སླར་ཡང་རང་ཉིད་ཀྱི་འཕྲུལ་རྟ་རྙིང་པ་དེར་ཞོན་ནས་ཤམ་ཐབས་རླུང་གིས་སྐྱོད་བཞིན་རང་ཁྱིམ་དུ་སླེབས་བྱུང་ལ། སླར་ཡང་ངལ་དུབ་ཀྱི་ཉམས་ཤིག་སྟོན་གྱིན་འཕྲུལ་རྟ་ལས་བབས་ཏེ་ཁྱིམ་དུ་འཛུལ་གྲབས་བྱས། སྐབས་དེར། ཨ་ཁུ་དོན་གྲུབ་ཚང་གི་གཟའ་མི་གང་བོ་ཕུན་ཚོགས་ལ་ཧད་དེ་ཅི་བྱེད་འདི་བྱེད་མི་ཤེས་པར་ལུས་འདུག ཕུན་ཚོགས་ཁྱིམ་དུ་ལོག་སྟངས་དེ་ནི་གཟའ་མི་གང་བོའི་བློ་ཡུལ་དུ་དྲན་མ་མྱོང་བ་ཞིག་ཡིན་ཏེ། ཕུན་ཚོགས་གསེར་ལུང་དགོན་པ་ནས་ཕྱིར་རང་ཁྱིམ་དུ་ལོག་དུས་དེ་ལྟ་བུའི་ཉམས་ངན་ཞིག་ཡིན་པར་ཁག་མེད་མོད། རྒྱ་བླ་ཞེས་པའི་ཆོ་ལོ་ཐོགས་པའི་ཕུན་ཚོགས་ནི་འདི་ལྟར་ཕྱིར་ཡོང་མི་འོས་ཏེ། ཚང་མའི་སྣང་ངོར་ཕུན་ཚོགས་ནི་ཕེབ་ཁྲི་དང་ཡང་ན་གདུབ་བཞི་སོགས་རླངས་འཁོར་རྟགས་ཅན་བསྐོར་ཞིང་། རྒྱ་མོ་མཛེས་མ་ཞིག་གཡས་སུ་བཞག་ནས་སླེབས་ཡོང་བར་འདོད་པ་རེད། འོན་ཀྱང་། ཕུན་ཚོགས་སླར་ཡང་འཕྲུལ་རྟ་རྙིང་བ་དེ་ལ་ཞོན་ནས་ཤམ་ཐབས་རླུང་གིས་སྐྱོད་བཞིན་སླེབས་བྱུང་། སླར་ཡང་ངལ་དུབ་ཀྱི་ཉམས་ཤིག་སྟོན་གྱིན་སྒྱེད་འགྲམ་གྱི་རྩྭ་སྟན་ཧྲལ་བོ་དེར་བསྡད་བྱུང་།

དོ་དགོང་གི་ཨ་ཁུ་དོན་གྲུབ་ཚང་ནི་སྔར་བཞིན་ཧ་ཅང་ལྷིང་འཇགས་ཡིན་ཏེ། ཕྱི་རོལ་གྱི་རླུང་བུའི་བསེད་སྒྲ་དང་སྒོ་ཁྱིའི་ཟུག་སྐད་ལས་ཅི་ཡང་ཐོས་རྒྱུ་མི་འདུག བློ་གྲོས་དང་རིག་སྐྱིད་གཉིས་སྔར་བཞིན་ཕུ་བོ་ཕུན་ཚོགས་ཀྱི་ངོ་གདོང་ལ་ཅེར་འདུག་སྟེ། སླར་ཡང་ཕུ་བོས་རང་ཉིད་ཀྱི་འདས་དོན་གང་ཞིག་གླེང་བར་རེ་སྒུག་བྱེད་ཀྱིན་འདུག ཨ་ནེ་ཕུར་སྒྲོན་གྱིས་སྔར་བཞིན་མགོ་བོ་སྒུར་ནས་ནུབ་འཚལ་སྐོལ་བཞིན་འདུག་ལ། ཨ་ཁུ་དོན་གྲུབ་ཀྱིས་སྔར་བཞིན་ཅི་མི་སྙམ་པའི་ངང་ལག་གཡས་ཕྲེང་བ་དང་ལག་གཡོན་འཁོར་ལོ་བྱས་ཏེ་མ་ཎི་བགྲང་གིན་འདུག ཕུན་ཚོགས་ནི་དོགས་མི་བདེ་བའི་ངང་ཕ་མ་དང་མིང་སྲིང་བཅས་ལ་རང་གི་བྱས་ཉེས་དེར་དགོངས་དག་ཞུ་བ་ལྟར་མགོ་བོ་བསྒུར་ནས་བྱིས་པ་ཆུང་ཆུང་ཞིག་ལྟར་ས་ཐོག་ལ་སེན་འབྲད་བྱེད་ཀྱིན་འདུག

ཕྱི་ཉིན་ནས་བཟུང་། བཀྲ་ལུང་སྡེ་བའི་ཡུལ་མི་ཀུན་གྱིས“ཕུན་ཚོགས་ནི་ཟླ་བའི་རྣམ་ཐར་འཁྲབ་ཏུ་ཕྱིན་པ་རེད”ཅེས་འཕྱ་དགོད་བྱེད་ལ། ཨ་ལག་ཁྱབ་བདག་རིན་པོ་ཆེ་སོགས་ཉེ་འབྲེལ་ཀུན་གྱིས་ཕུན་ཚོགས་ལ་སྡིགས་དམོད་དང་གཤེ་གཤེ་གཏོང་བར་མ་ཟད། ཡུལ་མི་ཀུན་གྱིས་ཁོ་ལ“རྒྱ་བླ”དང་“རྒྱ་བླ་ཕུན་ཚོགས།” “དོན་གྲུབ་ཚང་གི་རྒྱ་བླ”ཞེས་པ་སོགས་ཟུར་ཟ་བྱེད་པའི་མཚང་མིང་སྣ་ཚོགས་བཏགས། ཕུན་ཚོགས་ལ་མཚང་མིང་དེ་ཐོགས་པ་ནས་བཟུང་ཨ་ཁུ་ཚེ་རིང་ཚང་གི་བུ་ཟླ་བ་ནི་རེ་ཞིག་གཞན་གྱི་ཟུར་ཟ་དང་འཕྱ་དགོད་ཀྱི་ཁྲོད་ནས་གནས་མ་དགོས་པས། ཁོས་ནམ་ཡང་ཕུན་ཚོགས་ནི་རང་གི་སྲོག་སྐྱོབ་ཀྱི་དྲིན་ཅན་ཞིག་ཏུ་སྒོམ་གྱིན་ཡོད།

(སྒྲུང་གཏམ་བསྐུར་སའི་ཡིག་སྒྲོམ། 3334392847@qq.com)


རྩོམ་ཡིག་སྔོན་མ།
རྨི་ལམ་ནང་གི་མེས་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1