ནང་དོན་གནད་བསྡུས། དཔྱད་རྩོམ་འདིར《སྡོམ་པ་སྲུང་བ》ཡི་མི་སྣ་གཙོ་བོ་ཚེ་རིང་ལྷ་མོ་གླེང་བ་བརྒྱུད། དང་པོ་བུད་མེད་ཅིག་གི་ལུས་སེམས་བར་གྱི་ཁེར་རྐྱང་ལས་ཁོ་མོའི་སེམས་ཁམས་ཀྱི་རྒྱུ་ལ་དེང་རབས་སེམས་ཁམས་རིག་པའི་བློས་དཔྱད་པ་དང་། གཉིས་པ་ཁོར་ཡུག་ཞིབ་འབྲིའི་དགེ་མཚན་བྲིས་ནས་རྩོམ་དང་ཁོར་ཡུག་བར་གྱི་འབྲེལ་བའི་སྐོར་གླེང་རྒྱུ། གསུམ་པ་བརྩམས་ཆོས་ཀྱི་མཐའ་དཔྱོད་ཙམ་བྱས་སྟེ། བརྗོད་བྱ་བརྗོད་བྱེད(འབྲི་ཐབས་དང་བརྗོད་དོན)བར་གྱི་འགལ་བ་དང་། 《 སྡོམ་པ་སྲུང་བ》ཡི་བོད་ཀྱི་དེང་རབས་བརྩམས་སྒྲུང་ཁྲོད་ཀྱི་གོ་བབ་སོགས་ལ་གདེངས་འཇོག་ཙམ་བྱས་ཡོད།
བརྡ་ཆད་གཙོ་བོ། 《 སྡོམ་པ་སྲུང་བ།》 འབྲི་ཐབས། བརྗོད་བྱ། ཚེ་རིང་ལྷ་མོ།
དང་པོ། བུད་མེད་ཅིག་གི་ལུས་སེམས་བར་གྱི་ཁེར་རྐྱང་།
《 སྡོམ་པ་སྲུང་བ》ཞེས་པའི་ཁ་བྱང་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བར་གཞིགས་ན། རྩོམ་གྱི་བརྗོད་གཞི་གཙོ་བོ་ནི་གྲྭ་བ་ཞིག་ཡིན་པ་ཤེས་ཐུབ་མོད། རྩོམ་ཆོས་གཞིར་བཞག་ནས་བཀླགས་ན། བརྗོད་བྱ་ནི་གྲྭ་བ་ཞིག་གི་ནང་སེམས་ནས་བྱུང་བའི་འགལ་འབྲེལ་དང་གནས་བབ་ཁོ་ན་ཙམ་མིན་པར། དོན་བརྗོད་ཀྱི་ཁྱབ་ཁུངས་སུ་གྲྭ་བ་སྐལ་བཟང་གྲགས་པ་ལས་གཞན་ད་དུང་སྲུ་མོ་ཚེ་རིང་ལྷ་མོ་ལའང་རྩོམ་གྱི་ནང་གོ་གནས་གལ་ཆེན་འདུག དེ་བས་རྩོམ་གྱི་དོན་སྙིང་ངོས་ནས་བསམ་བློ་བཏང་ན། རྩོམ་འདིས་གྲྭ་བཙུན་ཞིག་གི་ནང་སེམས་ཀྱི་གནས་བབ་མཚོན་བའི་མི་ཆོས་ཀུན་སྤྱོད་ལ་དོགས་དཔྱོད་བྱས་ཡོད་པའི་སྙིང་སྟོབས་ལས་གཞན། བོད་ཀྱི་བུད་མེད་ཚོའི་ལུས་སེམས་བར་གྱི་ཁེར་རྐྱང་དང་དཀའ་ངལ་ལའང་བསམ་གཞིགས་བྱས་པའི་དོན་སྙིང་དམིགས་བསལ་དུ་ཡོད།
《 སྡོམ་པ་སྲུང་བ》ཞེས་པའི་རྩོམ་འདིར་འཇུག་ན་ཐོག་མར་སེམས་ཁམས་འཚོལ་དཔྱོད་དམ། ནང་སེམས་ཀྱི་འདོད་པ་འབྲི་བའི་ཟུར་ནས་དཔྱད་པ་གཏོང་བ་ནི་རྩོམ་གྱི་འཇུག་སྒོ་གཙོ་བོ་གཅིག་ཡིན།
རྒྱ་ནག་ལ་མཚོན་ན། དུས་རབས་གོང་མའི་ལོ་རབས་ཉི་ཤུའི་ནང་དུ་ཧྥོ་རོའོ་ཡུས་ཏུའི་རིག་གཞུང་ལྟ་བ་ཐོག་མར་དར་རྗེས། རྩོམ་པ་པོ་མང་པོར་དེའི་བསམ་བློའི་ཤན་ཞུགས་པར་བཤད་ལ། ཁོང་གི་བསམ་བློའི་དགོངས་གཞི་གཙོ་བོ་ནི། དང་ཐོག་མིའི་ནང་སེམས་ཀྱི་སྒྲིག་གཞིའམ་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་ནས། ནང་སེམས་དེ་འདུ་ཤེས་དང་འདུ་ཤེས་སྔོན་མ། བག་ཉལ་གྱི་འདུ་ཤེས་གསུམ་ལ་དགར་བར་མ་ཟད། བག་ཉལ་གྱི་འདུ་ཤེས་ནི་དེ་དག་ཀུན་གྱི་གཏིང་ངམ་རྩ་བར་ངོས་བཟུང་ནས། དེ་ནི་མིའི་ལྷན་གཤིས་དང་འདོད་པས་གྲུབ་པས། མིའི་ལྷན་སྐྱེས་ཀྱི་ནུས་པ་ཡིན་པ་བརྗོད། ཁོང་གི་ལྟ་བ་འདིའི་རྨང་གཞིའི་སྟེང་ནས་མི་གཞིའི་སྒྲིག་གཞིའམ་གྲུབ་ཚུལ་ལ་དབྱེ་ཞིབ་བྱས་ནས་འགོངས་པའི་བདག་དང་ཉིད་ཀྱི་བདག གདོད་མའི་བདག་བཅས་རྣམ་པ་གསུལ་ལ་དགར་ཡོད། དེ་བས་གདོད་མའི་བདག་གི་རེ་སྙེག་བྱེད་ཡུལ་འདོད་པ་དང་ལྷན་གཤིས་སུ་གྲུབ་པའི་རང་གི་བདེ་བ་ཉག་ཅིག་ཡིན་ལ། ཉིད་ཀྱི་བདག་གི་ཆ་ཤས་རེ་འགའ་བག་ཉལ་གྱི་ངོ་བོར་གནས་པས་རང་གི་བདེ་བ་བློས་མི་བཏང་མོད། འགའ་ཤས་རིག་རྟོག་གི་ངོ་བོར་ཡོད་པས། དངོས་ཡོད་ཀྱི་འཇིག་རྟེན་ལ་འབྲེལ་ནས་བསམ་གཞིགས་གཏོང་ཞིང་། འགོངས་བའི་བདག་གིས་ཀུན་སྤྱོད་དང་མི་ཆོས་ཀྱི་མཐོ་ས་ནས་སྒེར་མིའི་འདོད་པ་ལ་བཀག་རྒྱ་དང་ཚོད་འཛིན་བྱེད་པ་རེད།
རྩོམ་གྱི་མི་སྣ་གཙོ་བོ་ཨ་མཆོག་སྐལ་བཟང་གྲགས་པ་ཕུད། ད་དུང་ཁྱོ་ཀ་ཡུན་རིང་བྲལ་བའི་སྲུ་མོ་ཚེ་རིང་ལྷ་མོའི་ནང་སེམས་ལའང་ཁེར་རྐྱང་དང་རེ་བ་ཞིག་གིས་ཁེངས་ནས་ཡོད། སྤྱིར་རྩོམ་གྱི་སྟོད་ཕྱོགས་ལ་མཚོན་ན་བརྗོད་བྱ་དེ་འདྲའི་ཁ་གསལ་གྱིས་བསྟན་མེད་མོད། བྱ་སྤྱོད་སོགས་ཀྱིས་མངོན་ཆུང་སྒོས་མོའི་སེམས་ངལ་མཚོན་ཡོད་དེ། དཔེར་ན་མོས་རང་གི་ཤ་ལས་ཆད་པའི་བུ་གདུགས་དཀར་བཀྲ་ཤིས་ལ་སྤྱིར་བཏང་བྱམས་ཤིང་བརྩེ་མོད། ཨ་ཁུ་གྲགས་པའི་མདུན་ནས་སྐབས་མང་པོར་རྒྱུ་མཚན་སོགས་ཆེན་པོ་མེད་པར་སྡིག་དམོད་བྱེད་པར་མ་ཟད། ཐ་ན་འགྲམ་ལྕག་གཞུ་བ་སོགས་རྩྭ་ཁུར་ནང་གི་རུས་སིག་གི་གཏམ་ལ་འགྲོ་སྟེ། རང་སེམས་ཀྱི་གནོང་དང་ངོ་ཚ་སོགས་རྣམ་པ་གཞན་ཞིག་གིས་མངོན་པ་རེད།
རྩོམ་གྱི་སྨད་ཕྱོགས་ནས་རིམ་བཞིན་བརྗོད་བྱ་དེའང་ཇེ་གསལ་ལ་སོང་སྟེ་རྩོམ་པ་པོས་རྩོམ་ཆོས་སུ་བྲིས་ཡོད། དཔེར་ན་མོ་དང་ཁྱིམ་མཚེས་མནའ་མ་གཉིས་ཀྱི་སྐད་ཆ་ལས་ལྷག་པར་མོས་སེམས་ངལ་མཐོང་ཐུབ་སྟེ། མི་ཆོས་ཀུན་སྤྱོད་དང་ཁྱད་པར་རང་གི་སྐྱེས་པར་བློ་གཅིག་སེམས་གཅིག་ཡིན་པའི་མངོན་རྟགས། ཡང་ན་དམ་པའི་ཆོས་ཀྱི་སྒོར་ཞུགས་པའི་གྲྭ་བཙུན་ཞིག་ལ“བསམ་ངན”འཆིང་མི་རུང་བའི་ཕྱི་ལུས་ཀྱིས་སྡོམ་པ་སྲུང་བ་དང་། ཡང་ཁྱོ་ཀ་རང་དང་ཡུན་རིང་བྲལ་བའམ། མོའི་སེམས་ངལ་ལ་ཁ་ཡ་མི་བྱེད་པར་ཚོང་སོགས་ལ་ཁ་གཡར་ནས་རང་གི་གམ་ལ་མི་བཅར་བའི་གདུང་བ། ལྷག་པར་ཨ་མཆོད་གྲགས་པ་ལྟ་བུའི་གྲྭ་བཙུན་སྐྱེ་འབྲས་མཚར་བོ་ཞིག་དང་སྦྲ་སྒོ་གཅིག་གི་འོག་ནས་བསྡད་དེ་བཙན་གྱིས་འགོག་མི་འདོད་པའི་ནང་སེམས་ཀྱི་འདུན་མ་གཉིས་བར་གྱི་འགལ་བ་མངོན་གསལ་མཐོང་ཐུབ།
རྩོམ་འདིའི་ལེགས་ཆ་ཡང་ཏག་ཏག་གནད་འདི་ནས་བཀྲམ་ཡོད་དེ། “བརྩམས་སྒྲུང་གི་བློ་བསྐྱེད་རིང་ལུགས་ཀྱི་ངོས་ནས་ཚེ་རིང་ལྷ་མོའི(གྲྭ་བའི)སྤྱོད་ཚུལ་ལ་སུན་འབྱིན་བྱ་བ་ལྷུར་མ་བླངས་ལ། མི་ཆོས་ཀུན་སྤྱོད་ཀྱི་ངོས་ནས་སྤྱོད་འཆལ་གྱི་ཆ་ལ་ཐེར་འདོན་བྱ་བའང་ལྷུར་མ་བླངས་པར། མིའི་གཉུག་གཤིས་སུ་གྲུབ་པའི་སྲེད་པའི་ཆ་ལ་བློ་རྣལ་མས་བཏང་སྙོམས་སུ་བལྟས་ནས། མི་གཤིས་དང་མི་སེམས་ཀྱི་ཁྱད་གཤིས་ཤིག་མཚོན་པར་བྱས་ཡོད།”[①] ཧྥོ་རོའོ་ཡུས་ཏུའི་ལྟ་བ་ལྟར་ན། འདི་ནི་མིའི་འཚོ་སྡོད་ཀྱི་ནུས་པའི་ཁྱབ་ཁོངས་སུ་ཡོད་པའི་གནད་དོན་ཞིག་ཡིན་ལ། བཤད་སྟངས་གཞན་ཞིག་བྱས་ན། གདོད་མའི་བདག་དང་འགོངས་བའི་བདག་གིས་འགལ་འབྲེལ་སྟོན་ཐུབ་ཡོད་པའི་རྩོམ་ལེགས་པོ་ཞིག་ཀྱང་རེད།
བོད་ལ་མཚོན་ན་བརྗོད་སྟངས་ཀྱི་ངོས་ནས་རྩོམ་འདི་བརྗོད་སྟངས་ཅུང་གསར་བ་ཞིག་ཡིན་པར་མ་ཟད། བརྗོད་གཞིའི་ཆ་ནས་བོད་སྔ་རབས་ཀྱི་རིན་ཐང་ལྟ་ཚུལ་དང་། ཁྱད་པར་ཀུན་སྤྱོད་མ་ལག་གི་རྣམ་གཞག་གཏོར་ནས་བྲིས་ཡོད་པར་ཁྱད་ཆོས་དང་དགེ་མཚན་བླ་ལྷག་ཡོད་དེ། མི་བུ་སྒེར་ལ་དོ་ཁུར་བྱེད་པའི་བསམ་བློའི་དགོངས་དོན་གཞིར་བྱས་ནས་བལྟས་ན། ཚེ་རིང་ལྷ་མོའི་ལུས་སེམས་བར་གྱི་ཁེར་རྐྱང་གི་གནས་སྟངས་ལས། བོད་རྩོམ་ལས་མོ་དབང་རིང་ལུགས་ཀྱི་བསམ་བློའི་རང་བཞིན་ཀྱང་ཅུང་ཙམ་མངོན་ཏེ། བོད་ལ་སྔར་ཡོད་ཀྱི་རིན་ཐང་ལྟ་ཚུལ་དེར་ཕྱིར་རྟོག་དང་དོ་བསྡོ་བའི་ཁྱད་ཆོས་ཤིག་ཀྱང་ཡོད། དེ་བས“འདི་ནི་བོད་ཀྱི་རིག་གནས་ལ་མཚོན་ན་མིའི་ཤེས་རྟོགས་ཀྱི་འཕེལ་རྒྱས་ཤིག་དང་། རྩོམ་རིག་གི་ལྟ་བའི་ངོས་ནས་བཤད་ན་མི་ཆོས་ཀུན་སྤྱོད་ཀྱི་མཐོང་སྣེ་བསྐྱུར་ཏེ་མི་གཤིས་ཀྱི་མཐོང་སྣེ་སྤྱད་པའི་འཕེལ་རྒྱས་ཤིག”[②] ལ་ངོས་བཟུང་ཡོད་པའང་གནད་ལ་ཁེལ་བའི་ལྟ་ཚུལ་ཞིག་ཡིན།
གཉིས་པ། ཁོར་ཡུག་ཞིབ་འབྲིའི་དགེ་མཚན།
བརྩམས་སྒྲུང་གང་ལ་མཚོན་ན་སྤྱིར་བཏང་ཁོར་ཡུག་ཞིབ་འབྲི་བྱས་པའི་ཆ་ཡོད། ཁྱད་པར་གཏམ་རྒྱུད་ཀྱི་བརྒྱུད་རིམ་མམ་གོ་རིམ་གཏན་འཇགས་ཡིན་པའི་རྩོམ་གྱི་འབྲི་སྟངས་དེའི་རིགས་ལ་ལྷག་པར་ཁོར་ཡུག་ཞིབ་འབྲིའི་ཁྱད་ཆོས་ཡོད། དེ་ལྟར་ཀྱང་ཁོར་ཡུག་ཞིབ་འབྲི་བྱས་ཚད་གནད་ལ་འཁེལ་ཞིང་། ཡིད་འཕྲོག་པ་ཞིག་ཡིན་མིན་ཏེ་རྩོམ་པ་པོའི་རྩལ་ལ་ཐུག་ཡོད། ཅུང་བྱེ་བྲག་གིས་བཤད་ན་རྩོམ་པ་པོའི་བརྗོད་བྱའི་དོན་དང་ཞིབ་འབྲིའི་ཁོར་ཡུག་གི་ཡུལ་གཉིས་ཕན་ཚུན་ཁ་འཕྲོད་དགོས་པ་ནི་ཁོར་ཡུག་ཞིབ་འབྲིའི་དགོས་དོན་དམིགས་བསལ་བ་གཅིག་ཡིན། ཁོར་ཡུག་གིས་རྩོམ་ཧྲིལ་བོར་ཁམས་ཤིག་བསྐྲུན་ཐུབ་དགོས། དེ་ལྟར་མིན་ན་ཁོར་ཡུག་ཞིབ་འབྲི་རྩོམ་པ་པོའི་བསམ་བློ་སྟོན་བྱེད་ཁོ་ན་ཙམ་ལ་ཟད་དེ། རྒྱན་ཐོག་རྒྱན་བཞག་པས་རྩོམ་གྱི་དགེ་མཚན་ལ་འགྱུར་བའི་ངེས་པ་གཏན་ནས་མེད། 《 སྡོམ་པ་སྲུང་བའི》 ཁོར་ཡུག་ཞིབ་འབྲི་དང་བརྗོད་བྱའི་བར་ཁ་འཕྲོད་ཡོད་མེད་དེ་མཐར་གཏུགས་ན་ཁོར་ཡུག་ཞིབ་འབྲིའི་དགེ་མཚན་མངོན་ཐུབ་ཡོད་མེད་ལ་འབྲེལ་ཡོད།
གཅིག རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་འབྲེལ་བ།
《 སྡོམ་པ་སྲུང་བའི》 ཐོག་མར་རྩོམ་གྱི་གླེང་སློང་དུས་བོད་ཀྱི་འབྲོག་ཁྱིམ་ཞིག་བྲིས་ཡོད་ལ། ལྷག་པར་ཁོད་ཡངས་རྒྱ་ཆེ་བའི་གནམ་སའི་བར་གྱི་ཡུལ་ལྗོངས་ཤིག་བྲིས་ཡོད། ནམ་མཁའ་དང་སྤྲིན་དཀར། རྒོད་པོ་དང་ནོར་ལུག རིམ་བཞིན“རི་འབུར་ཞིག་གི་རྩ་ན་ནག་ལེབ་བེར་བརྒྱངས་ཏེ་ཡོད་པའི་སྦྲ་གུར་གྱི་ཆོད་ཐག་བར་ན་དར་ལྕོག་ཁམ་སེར་རིང་མོ་ཞིག་བསླངས་འདུག་པ་དེ་དྲི་བཞོན་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་སྐྱོད་བཞིན་གདའ། སྦྲ་ཡི་འགྲམ་ན་བལ་ནག་གིས་བཏགས་པའི་ཕྱར་བ་གྲུ་བཞི་མ་ཞིག་གི་སྟེང་དུ་ཀ་ར་བྱེ་མ་ལྟར་ཞིབ་པའི་ཆུར་བ་ཉི་མར་ལྡེས”[③]པའི་ཕྱི་བཀོད་པ་ལས། ང་ཚོས་ཟུར་ངོས་གཉིས་ནས་གོ་བ་ལེན་ཆོག་སྟེ། ཟུར་གཅིག་ནི་ཀློག་པ་པོར་དྭངས་གཙང་ལྷད་མེད་ཀྱི་ཡུལ་གྲུ་ཞིག་གི་སྣང་བ་གཟུགས་སུ་བཀོད་ལ། ཟུར་གཞན་ཞིག་ནི་འུར་ཟིང་འདུ་འཛི་བྲལ་བའི་རི་ལུང་ཞིག་གི་ལྷིང་འཇགས་དེས། ཡུལ་གྲུ་གཞན་དང་གཞན་ལ་ཕན་ཚུན་འགྲོ་འོང་ཉུང་བའི་ཁེར་རྐྱང་གི་གནས་ཤིག་ཤུགས་ལ་བཀོད་ཡོད། དེ་འདྲའི་གནས་ཤིག་གིས་ད་གཟོད་འོག་གི་བརྗོད་བྱར་གྱུར་བའི་སྲུ་མོ་ཚེ་རིང་ལྷ་མོའི་ལུས་སེམས་བར་གྱི་ཁེར་རྐྱང་ལ་བྱུང་རིམ་གྱི་གཏན་ཚིག་དང་སྤྱི་ཚོགས་ཀྱི་གནས་བབ་ཞིག་བསྟན་ཡོད།
སྲུ་མོ་ཚེ་རིང་ལྷ་མོར་མཚོན་ན་གཟུགས་སྐྱེ་འབྲས་བཟང་ལ་སྡེ་བའི་སྟོད་སྨད་བར་གསུམ་ཀུན་ཏུ་གྲགས་པ་ཞིག་ཡིན་པར་མ་ཟད། མི་ཆོས་ཀུན་སྤྱོད་ཀྱི་ངོས་ནས་བཤད་ན་མོ་ཡ་རབས་ཚུལ་མཐུན། ངོ་ཚ་ཁྲེལ་དང་ལྡན་པའི་གཞིས་བདག་མ་ཞིག་ཡིན། དེ་ལྟ་བུའི་རང་ཚུགས་བརྟན་པོས་སྡོད་ཐུབ་པར་ཐོག་མར་སྤྱི་ཚོགས་ཁོར་ཡུག་གི་ཆ་རྐྱེན་དགོས། མིའི་ངང་ཚུལ་བཟང་མིན། རང་ཚུགས་བརྟན་མིན་དེ་སྤྱི་ཚོགས་གང་དེའི་གཙོ་རྒྱུགས་ལ་འགྱུར་བའི་འདུ་ཤེས་འཛིན་སྟངས། རིག་གནས་ཀྱི་ངོ་བོ་སོགས་ལ་ཐད་ཀར་འབྲེལ་བ་ཡོད་ཅིང་། དེའང་རྩ་བའི་ཆ་ནས་སྤྱི་ཚོགས་ཁོར་ཡུག(འབྲེལ་བ)གི་གནད་དོན་ཡིན། དེ་བས་མར་ཁེ་སིའི“མི་ནི་སྤྱི་ཚོགས་འབྲེལ་བའི་ཐོན་འབྲས་ཤིག་ལ་ངོས་བཟུང་ཡོད།”
སྤྱི་ཚོགས་ཀྱི་འབྲེལ་བ་ནི་སྟབས་བདེའི་མི་དང་མིའི་འབྲེལ་བ་ཙམ་མིན་པར། སྤྱི་ཚོགས་ཁོར་ཡུག་ཧྲིལ་བོ་ཞིག་གི་ངོས་ནས་གོ་བ་ལེན་དགོས། དེ་བས་ཐོན་སྐྱེད་ནུས་ཤུགས་ཞན་པའི་གནས་བབ་ཀྱིས་ཐོན་སྐྱེད་འབྲེལ་བའང་སྟབས་བདེ་ཞིག་ཡིན་ལ། དངོས་པོའི་རྨང་གཞིའི་འཕེལ་རྒྱས་ཀྱང་ཧ་ཅང་ཚད་དམའ། ཅི་ལྟར་མ་རྩ་ཅན་དང་སྤྱི་ཚོགས་ཅན་ལ་མ་སོང་བའི་མིའི་བསམ་བློ་གཏོང་སྟངས་དང་འདུ་ཤེས་འཛིན་སྟངས་ཀྱང་དེ་ལྟར་སྟབས་བདེ་ཡིན་པས། ཆོས་ལུགས་དང་ཀུན་སྤྱོད་ཀྱི་སྒྲིག་གཞི་ལས་འདའ་འགོངས་བྱེད་དཀའ། ཚེ་རིང་ལྷ་མོ་དེ་འདྲའི་སྤྱི་ཚོགས་ཁོར་ཡུག་ཅིག་ཏུ་གནས་པས། ཐ་ན་ས་སྟོང་ལུང་སྟོང་དེ་ནས་ཕོ་རྐྱང་ཞིག་ལ་འཕྲད་ནས་དོན་དག་མང་པོ་ཞིག་འབྱུང་བའི་བསམ་བློ་མང་པོ་གཏོང་ཕོད་མེད། གལ་ཏེ་དེ་འདྲའི་བསམ་ཚུལ་ཙམ་བྱུང་ནའང་མྱུར་དུ་རང་གིས་རང་ལ་གསལ་བྱེད་བཞིན་ཀུན་སྤྱོད་དང་དད་པའི་སྟོབས་ཤུགས་ཀྱི་འོག་ལ་ཕྱིར་ལོག་འགྲོ།
དེ་ལྟར་ནའང་གཅིག་ནས་མིའི་ལྷན་གཤིས་ཀྱི་ཁྱད་ཆོས་དང་། གཉིས་ནས་ཏག་ཏག་ཁེར་རྐྱང་གི་ཁོར་ཡུག་གནས་བབ་ཀྱིས་ཁོ་མོའི་སེམས་ཀྱི་གཏིང་ངམ། བག་ཉལ་གྱི་འདུ་ཤེས་ཀྱི་ངོར་འདོད་འདུན་གཞན་ཞིག་བསྐྲུན་ཡོད།
གཉིས། ཁོར་ཡུག་ཞིབ་འབྲི་ལས་བསྐྲུན་པའི་ནང་སེམས་ཀྱི་འགལ་འདུ།
རྩོམ་ཆོས་ཁྲོད་དུ་ཞིབ་འབྲིའི་རྣམ་པ་ཕྱོགས་གཉིས་ཡིན་ཏེ། གཅིག་ནི་ཧ་ཅང་ལྷིང་འཇགས་འཇམ་ཐིང་ཐིང་གི་རྣམ་པ་དང་། གཉིས་ནི་རླུང་ནག་འཚུབ་ཅིང་གྲང་ལྷགས་རྒོད་པའི་མཚན་མོ་ཞིག་གི་རྣམ་པ་སྟེ་གཉིས་བྲིས་ཡོད། འདི་གཉིས་ལས་ལྷིང་འཇགས་འཇམ་ཐིང་ངེའི་རྣམ་པ་བྲིས་པ་མང་། ཞིབ་འབྲི་འདིས་རྩོམ་ཆོས་ཁྲོད་ཀྱི་མི་སྣའི་ནང་སེམས་ཀྱི་འགལ་བ་སོགས་ལྷག་པར་མངོན་པར་བྱས་ཡོད།
སྤྱིར་བཏང་ཚེ་རིང་ལྷ་མོ་དང་སྐལ་བཟང་གྲགས་པའི་བར་དུ་རང་རང་གི་ས་ན་སེམས་སུ་གནོང་ཞིག་ཡོད། གནོང་དེ་ཁུ་སིམ་སིམ་གྱི་ཁོར་ཡུག་ཅིག་ལ་བཞག་ན་ཕན་ཚུན“འཛེམ་ནས་ངོ་ཚ”བའི་རྣམ་པ་དེ་ལྷག་པར་མངོན་ཐུབ།
ཡང་ན་ཚན་པ་བཞི་བར་བྲིས་པའི་ལྷིང་འཇགས་པའི་མཚན་མོའི་དུས་སུ“ཉ་གང་བའི་ཟླ་བ་ནི་སྦྲ་ཡི་སྤྱི་གཙུག་ཏུ་འཕགས”[④] པའི་རྣམ་པས་མཚན་མོ་དེར་ལྷག་པར་འཇམ་ཐིང་ཐིང་གི་ཚད་ཅིག་ལ་བསྐྱལ་ཅིང་། དེ་འདྲའི་ཁོར་ཡུག་འོག་ནས་སྦྲ་གཅིག་གི་ནང་དུ་ཉལ་བའི་ཕོ་གཞོན་མོ་གཞོན་གཉིས་ཀྱིས་ཕན་ཚུན་འཁྲེང་བའི་འདོད་འདུན། བཙན་གྱིས་གཉིད་ཀྱང་གཉིད་མི་ཡོང་བར་ལྐོག་ཏུ་ཕན་ཚུན་ལ་ཉན་པ་དང་། ཡང་ན་རང་དབང་མེད་པར་མིག་གིས་འཚོས་པའི་ཡུལ་གང་དེ། གསལ་ལ་མི་གསལ་བར་མངོན་པ་སོགས་ནང་སེམས་ཀྱི་འགལ་བ་ཁོར་ཡུག་གི་ཞིབ་འབྲིས་ལྷག་པར་བདེན་སྣང་དང་ཡིད་ཀྱི་དང་བ་འདྲེན་པར་བྱེད་འགྲོ།
ཆེས་མཇུག་མཐའི་ཚན་པའི་རང་བྱུང་ཁོར་ཡུག་གི་འབྲི་སྟངས་དེ་གོང་གི་ཁོར་ཡུག་འབྲི་སྟངས་དང་ཅུང་མི་འདྲ་མོད། དེ་ལའང་བརྗོད་བྱའི་དོན་དང་འབྲེལ་ཏེ་བལྟས་ན་དགེ་མཚན་ངེས་ཅན་ལྡན། གཅིག་ནས་རྩོམ་གྱི་མཇུག་བསྡུ་བའམ་ཁོ་གཉིས་ཀའི་འདོད་འདུན་ཀྱིས་མནར་བའི་གཏམ་རྒྱུད་ལ་མཇུག་འབྲས་འབྱུང་བའི་དུས་སུ་སླེབས་པས། ཕྱིའི་ཁོར་ཡུག་ཀྱང་རིམ་བཞིན་ཛ་དྲག་ལ་གྱུར་བའི་སྣང་བ་འབྱུང་། རྩོམ་ལ་བྲིས་པའི་དང་ཐོག་རང་རང་སར་ཉལ་རུང་། རྨི་ལམ་དང་དངོས་ཡོད་གང་ཡིན་མི་གསལ་བའི་རྙོག་འཛིང་གི་བརྒྱུད་རིམ་ཞིག་གི་རྗེས་སུ་ཁོ་གཉིས་དངོས་སུ་མཉམ་དུ་ཉལ་བསྡད་ཡོད་པ་སོགས་ཆ་མི་འཚལ་བའི་འབྲས་བུ་ཞིག་འབྱུང་བར་ཁོར་ཡུག་ཞིབ་འབྲིས་རམ་འདེགས་ཐུབ་ཡོད། དེ་བས་གོང་འོག་དོ་ར(场面)མི་འདྲ་བའི་སྐབས་སུ་ཁོར་ཡུག་ལའང་འགྱུར་ལྡོག་བྱུང་ནས་སྤེལ་བར་མ་ཟད། ཡུལ་དངོས་ཀྱི་བརྗོད་དོན་དང་ཁ་དམ་པོར་གནས་ཡོད་པ་ནི་རྩོམ་འདིའི་ཁོར་ཡུག་ཞིབ་འབྲིའི་དགེ་མཚན་མིན་ནམ་སྙམ།
གསུམ་པ། བརྩམས་ཆོས་ཀྱི་དོགས་པ་འགའ།
རྩོམ་ཆོས་ལ་ལྟ་ན་ཕྱོགས་ཡོངས་ནས། ཟུར་མང་པོ་ནས་ལྟ་ཨེ་ཤེས་དང་དེའི་ནུས་པ་སྐྱེད་བསྲིང་བྱེད་པ་ནི་གལ་གནད་ཆེན་པོ་ཞིག་ཡིན། གོང་དུ་བརྗོད་པའི་དོན་ཚན་གཉིས་ལ་དགེ་མཚན་ངེས་ཅན་ལྡན་པར་མ་ཟད། ད་དུང་རྩོམ་གྱི་ངོས་ན་མ་འདང་སའང་ཧ་ཅང་མང་པོ་ཡོད།
“《 སྡོམ་པ་སྲུང་བ》ཡིས་མི་གཤིས་ཀྱི་གནད་དམ་གསང་བ་མཐོང་ནས་འདུ་ཤེས་ཡོད་པའི་སྒོ་ནས་མཚོན་པར་བྱས་ཡོད་ཀྱང་། མཚོན་ཚུལ་གྱི་ཐད་ནས་རིགས་རྟོག་གི་ཤེད་ཆེ་སྟེ་སེམས་ཁམས་ཀྱི་རྣམ་འགྱུར་ཞིབ་ཕྲ་མང་བོ་ཞིག་རྩོམ་ནང་འདྲེན་མ་ཐུབ”[⑤] པར་ལུས་ཡོད། བོད་ཀྱི་དེང་རབས་བརྩམས་སྒྲུང་ལ་མཚོན་ན་རྩོམ་བྱུང་ལོ་རྒྱུས་ལ་ལོ་ངོ་སུམ་ཅུ་ལྷག་ལས་མེད་པས། འཛམ་གླིང་གི་རྩོམ་རིག་དང་བསྡུར་ན་དོ་མི་མཉམ་མོད། འབྲི་ཐབས་སོགས་འཛམ་གླིང་རྩོམ་རིག་གི་རྗེས་སུ་སློབ་སྦྱོང་བྱས་ཡོད་པ་དོན་དངོས་རེད། མ་ཟད་དེའི་ཐད་ནས་གྲུབ་འབྲས་ཀྱང་མི་དམན་པ་ཡོད་ཅེས་ན་ཕལ་ཆེར་ཆོག་ཆོག་ཡིན། འོན་ཀྱང་སེམས་ཁམས་འབྲི་བའི་རྩོམ་འདི་ལྟ་བུས་བོད་རྩོམ་ལ་སྐྱ་རེངས་གསར་བ་ཞིག་ཤར་ཏུ་བཅུག་མོད། རང་སྟེང་ན་ད་དུང་ནར་མ་སོན་པའི་ཆ་ཡོད། 《 སྡོམ་པ་སྲུང་བ》ཡི་སྐྱོན་དེ་གཙོ་བོ་སེམས་ཁམས་གསལ་བོ་ཞིབ་འབྲི་མ་ཐུབ་པར། དེའི་ཚབ་ལ་སྐད་ཆ་དང་ཁ་བརྡས་རྩོམ་གྲུབ་སྟེ། རྩོམ་གྱི་སྒྲོམ་གཞིའང་རང་བཞིན་གྱིས་གཏམ་རྒྱུད་ཤུགས་ཆེ་བའི་ཕྱོགས་ལ་སོང་ཡོད། གཏམ་རྒྱུད་ཀྱི་ཁྱད་ཆོས་གཙོ་བོ་ནི་དུས་ཀྱི་སྔ་ཕྱི་གོ་རིམ་ཆ་ཚང་བ་དེ་རེད། བརྗོད་བྱའི་གཏམ་རྒྱུད་གང་དེའི་ཐོག་མའི་རྒྱུ། མཐའ་མའི་འབྲས་བུ་སོགས་ཚང་མ་གཅིག་གཅིག་གཉིས་གཉིས་ཀྱིས་ཁ་གསལ་བོར་ཡོད། འོན་ཀྱང་དེང་སྐབས་སེམས་ཁམས་འབྲི་བའི་རྩོམ་མང་ཤོས་དང་། ལྷག་པར་རྟོག་པ་འོག་འགྱུའི་རྩོམ་འབྲི་སྟངས་ཀྱིས་གཏམ་རྒྱུད་བཤད་པའི་གོ་རིམ་དང་སྒྲིག་གཞི་ཡོངས་སུ་དོར་བའམ། ཐ་ན་ཡུལ་དུས་ཀྱི་མཚམས་གཏོར་ནས་མིའི་རྟོག་པའི་ངོ་བོ་གཙོར་བཟུང་ནས་རྩོམ་ཆོས་གྲུབ་པར་བྱས་ཡོད། འབྲི་ཐབས་འདི་གྲུབ་མཐའ་གང་གི་ཁོངས་སུའང་མི་གཏོགས་པས། བརྗོད་བྱའི་བསམ་བློའི་དགོངས་དོན་ལ་གཅིག་གྱུར་གྱི་རང་བཞིན་མེད་མོད། འབྲི་ཐབས་ཤིག་ཡིན་པའི་ངོས་ནས་དེར་ཐུན་མིན་གྱི་ཁྱད་ཆོས་ཡོད། རྩོམ་འདིར་མཚོན་ན་དེ་དང་དེ་ལྟ་བུའི་འབྲི་ཐབས་སྤྱོད་མེད་ལ། དེང་རབས་རིང་ལུགས་ཀྱི་འབྲི་ཐབས་གཞན་ཀྱང་ཆེས་ཆེར་མ་སྤྱོད་པར་ཐད་ཀར་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་བེད་སྤྱད་ནས་སེམས་ཁམས་འབྲི་བར་གཞོལ་བ་དེ་བརྗོད་བྱ་དང་བརྗོད་བྱེད་བར་ལ་རང་བཞིན་གྱིས་འགལ་བ་ཞིག་གྲུབ་ཅིང་། དེའི་རྐྱེན་གྱིས་རྩོམ་འདིའི་འབྲས་བུ་ལའང་ཚད་བཀག་ཐེབས་པ་མིན་ནམ་སྙམ།
ད་དུང་ཕྱོགས་གཞན་ཞིག་ནི་རྩོམ་གྱི་ཁོར་ཡུག་ཞིབ་འབྲི་དེ་སྤྱི་དོན(客观)ལྷུར་བླངས་ནས་བྲིས་པ་དང་། སྤྱི་ཡུལ(客体)ལྷུར་བླངས་ནས་བྲིས་པ་སྟེ་རིགས་གཉིས་ལ་སོང་ཡོད་པས། སྤྱི་དོན་གྱི་དངོས་ཡོད་ཅི་བཞིན་ཞིབ་འབྲི་བྱས་པ་བརྒྱུད་རྩོམ་ལ་མཛེས་རྟོག་གི་རིན་ཐང་དང་རྩོམ་གྱི་སྤུས་ཇེ་ལེགས་ལ་བཏང་ཡོད་མོད། རྩོམ་པ་པོའི་བརྩེ་དུང་དང་རིག་ཤེས་ཀྱི་ཤེད་ཆེ་བའི་ཁོར་ཡུག་ཞིབ་འབྲི་ཁག་གིས་རྩོམ་ཆོས་ཀྱི་རྩོམ་རིག་གི་མཛེས་ཉམས་ཆེས་ཆེར་དམའ་རུ་ཕབ་ཡོད། ཡང་ན་རིག་རྟོག་གིས་བཟུང་བའི་རྩོམ་པ་པོའི་བསམ་བློ་གཙོར་སྟོན་པའི་རྒྱན་ལ་གྱུར་ཡོད། རྒྱན་སྤྲས་པ་ཐལ་ཆེ་བས་རྩོམ་པ་པོའི་བསམ་བློ་སྟོན་པར་གྱུར་བའམ། སྤྱི་མཚན་ཅན་ལ་གྱུར་ནས། བྱེ་བྲག་གི་ཚོར་བ་ཡི་གེ་འབྲུ་མ་རེ་རེས་འཛིན་མི་ཐུབ་པ་ནི་རྩོམ་འདིར་བྱུང་བའི་གནད་དོན་ཙམ་མིན་པར། སྤྱིར་བོད་རྩོམ་ཧྲིལ་བོའི་ཆ་ན་ཡོད་པའི་གནད་ཅིག་ཀྱང་ཡིན།
མདོར་ན། རྩོམ་འདིས་བོད་སྔར་ཡོད་ཀྱི་རྩོམ་འབྲིའི་ལམ་ཁ་ནས་རང་གི་ལམ་ནས་བསམ་ཚུལ་རྣལ་མ་ཞིག་བརྗོད་ཡོད་པ་ནི་སྔར་མེད་གྲུབ་འབྲས་ཤིག་ཡིན་ལ། བརྗོད་བྱའི་ཐབས་སམ་ལྷུག་བརྗོད་ཀྱི་རྣམ་པར་འགྱུར་བ་མ་བྱུང་བ་དང་། སེམས་ཁམས་ཀྱི་འགྱུར་བ་ཞིབ་བརྗོད་བྱེད་ཐུབ་མེད་པ་ནི་རྩོམ་འདིའི་མ་འདང་ས་ཡིན། ཡང་ཁོར་ཡུག་ཞིབ་འབྲི་ལས་ཕྱོགས་གཅིག་ནས་བརྗོད་བྱེད་ལ་ཁ་འཕྲོད་པར་མ་ཟད། བརྗོད་བྱ་ལ་སྔར་ལས་ལྷག་པའི་མཛེས་ཉམས་ཤིག་བསྐྲུན་མོད། ཞིབ་འབྲི་ལ་ཤས་རིག་ཤེས་ཀྱི་ཆ་ཐལ་ཆེ་བས་རྩོམ་རིག་གི་རང་བཞིན་ལ་རྨ་ཕབ་ཡོད་པའང་འདུག
སྤྱི་ཆ་ནས་རྩོམ་གྱི་བརྗོད་བྱའི་ངོས་ནས་སེམས་ཁམས་འཚོལ་དཔྱོད་ལ་ཕྱོགས་ཅིང་། རྩོམ་པ་པོའི་བསམ་བློ་ཁྱབ་སྒྲོག་མིན་པར་རྩོམ་ཆོས་ཀྱི་མི་སྣའི་སེམས་ཀྱི་རྣམ་འགྱུར་མཚོན་པ་ལྷུར་ལེན་པར་དོ་ཁུར་བྱས་ཡོད། སྤྱི་ཚོགས་བློ་འབྱེད་ཀྱི་ངོས་ནས་བཤད་ན་ལོ་རབས་བརྒྱད་ཅུའི་བར་གྱི་བློ་འབྱེད་སྟེ་སྤྱི་ཚོགས་བམ་བཤད་ནས། སྒེར་མིའི་བདེ་སྡུག་དང་མི་གཤིས་ལ་དོ་ཁུར་བྱེད་པའི་བློ་འབྱེད་གསར་བ་ཞིག་གི་ཁྱད་ཆོས་ལྡན་ཅིང་། ཡང་ན་མཐོང་སྣེ་གསར་པ་ཞིག་གིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་གདེང་འཇོག་བྱེད་པའི་ཁུར་དང་དུ་བླངས་ཡོད། ཡང་འབྲི་ཐབས་ཀྱི་ཕྱོགས་ནས་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པས། ཞིབ་འབྲིའི་གནད་འགའ་ཤས་ལས་གཞན། སྔར་ལས་ལྷག་པའི་གྲུབ་འབྲས་དང་དགེ་མཚན་ཆེན་པོ་བགྲང་དཀའ་བས། རྩོམ་འདི་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ལོ་རྒྱུས་ཁྲོད་དུ། དུས་རབས་ཉེར་གཅིག་གི་འགོའི་གནས་བབ་ཅུང་ཟད་དམ། ཡང་ན་བོད་རྩོམ་གྱིས་རིམ་བཞིན་འབྲི་ཐབས་གསར་བ་ཞིག་ལ་ཚོད་ལྟ་བྱེད་པའི་བར་བརྒལ་གྱི་དཔེ་མཚོན་རྩོམ་ཆོས་ཤིག་ལ་བགྲང་རུང་བར་སྙམ་མོ།། །།