མཚོ་ལྷོ། རྡོ་རྗེ་འཇིགས་བྱེད།
པར་ལེན་མཁན། ཉི་མ་ཐར།
དུས་ཀྱི་ཟོ་ཆུན་འཁྱུད་མོ་ཆགས་མེད་དུ་འཁོར་བའི་འཁོར་འགྲོས་ཁྲོད་དུ། ཉིན་ལ་མཚན་བརྩེགས་ཤིང་ཟླ་ལ་ཟླ་སྦྲེལ་བའི་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ནི་སུ་ཡིས་རྩོལ་བའི་རྔུ་ཆུས་བརླན་པར་བྱས་ཏེ་གྲུབ་པ་མིན་ལ། གང་གིས་སེམས་ཀྱི་མེ་ལོང་དུ་འཆར་སྒོའི་ས་བོན་བཏབ་སྟེ་སྐྱེས་པའང་མིན་པར། རང་བྱུང་གི་རྟེན་ཅིང་འབྲེལ་བའི་ཆོས་ཉིད་ཀྱིས་གྲུབ་ཅིང་དེ་བཞིན་དུ་མི་རྣམས་ཀྱི་སྣང་ངོར་གོམས་གཤིས་སུ་གྱུར་པས། ཉིན་དཀར་གྱི་རྗེས་ལ་མཚན་མོའི་སྨག་རུམ་སྟུག་པོས་གནམ་སའི་མཐའ་བསྒྲིབ་དགོས་ལ། མཚན་སྨག་གི་གཞུག་ཏུ་ཉི་མའི་འོད་ཀྱིས་འཇིག་རྟེན་གྱི་ཁྱོན་གསལ་བར་བྱ་དགོས། དེ་ནི་ང་དང་ཁྱོད་ཉིད་དུས་ཚོད་ཀྱི་གཙང་པོའི་འགྲམ་དུ་འགྲན་རྒྱུག་གི་གོམ་ཁ་མ་ལྷོད་པའི་རྟགས་མཚན་ཀྱི་རི་མོ་ཚོན་མདངས་སྣ་ལྔ་གསལ་བ་དེ་ཡིན་ལ། བྱ་དངོས་ཀྱི་དེ་ཉིད་ལ་རྡོག་བརྫིས་མ་བཏང་བའི་ལྷན་སྐྱེས་ཀྱི་སེམས་བྱུང་ངོ་མཚར་ཡིད་དབང་འགུག་པ་དེའང་ཡིན། ཡིན་ནའང་ང་ཚོའི་སེམས་ཀྱི་ལྟེམས་མེར་འཁྱིལ་བའི་དྭངས་གསལ་གྱི་རྫིང་ཆུང་ངོས་སུ་རེ་སྒུག་དང་སྨོན་འདུན་གྱི་གསེར་མིག་ཉ་མོའི་རང་དབང་གི་རྐྱལ་རྩལ་ནམ་ཡང་ཆུ་མོའི་རླབས་རིས་སྐྱོམ་བཞིན་ཆགས་མེད་དུ་ངོམ་གྱིན་ཡོད་དེ། དེ་ནི་གང་ཞིག་ཐོབ་འདོད་ཀྱི་འདུན་པས་བརྟས་པའི་ཁེ་སྤོགས་ཀྱི་ཧམ་སེམས་དང་མ་འདྲེས་ལ། ཅི་ཞིག་ཤོར་དོགས་ཀྱིས་སེམས་རྒྱུད་རྨོངས་པའི་ཞེད་སྣང་གི་བདག་འཛིན་དང་ཡང་མ་འབྲེལ་བར། སེམས་དབུས་ཀྱི་ལྡུམ་རའི་ཚལ་དུ་རང་བྱུང་གིས་བཞད་པའི་མེ་ཏོག་པདྨ་དང་འདྲ་བར་ནག་ནོག་གི་དྲི་མས་མ་བསླད་པའི་དུས་ཆད་གཞན་དང་ཐུན་མོང་མ་ཡིན་པ་ཞིག་སྟེ་ལོ་གསར་ཡིན།
ལོ་གསར་ནི་ངེད་ཅག་ལ་མཚོན་ན་དོན་གྱི་སྙིང་པོའི་རིན་ཆེན་གྲངས་མེད་གཞི་གཅིག་ཏུ་བསགས་པའི་གསེར་གྱི་བུམ་པ་དང་མཚུངས་ལ། རྟགས་ཀྱི་མཚན་མའི་ཚོན་གྱི་ཉིང་ཁུ་ངོས་གཅིག་ཏུ་བྱུགས་པའི་གནམ་གྱི་ཀ་བ་དང་ཡང་མཚུངས་ཏེ། དེ་ནི་ལོ་འཁོར་གཅིག་གི་བུས་པ་མངལ་དུ་སྦྲུམ་ཞིང་རྣམ་ཤེས་ཞུགས་པའི་རྟེན་འབྲེལ་གྱི་དུས་ཚིགས་ཤིག་ཡིན་ལ། དུས་ཚིགས་བཞི་ཡི་ལང་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་བར་རྩོམ་པའི་བཀྲ་ཤིས་ཀྱི་དུས་བཟང་ཞིག་ཀྱང་ཡིན་པས། མི་རྣམས་ཀྱིས་རྟག་ཏུ་དེ་ལ་རེ་ཞིང་དེ་ལ་སྒུག་པའི་སེམས་པ་ནི་ཡུན་རིང་ཁ་ཁར་གྱེས་པའི་བྱིས་པའི་ཨ་མར་འཕྲད་འདོད་ཀྱི་སེམས་འགྱུ་དང་ཀུན་ནས་མཚུངས་ཤིང་། ངང་སྒུག་གི་གོ་རིམ་ནི་དེ་བས་ཀྱང་འཁྱོལ་དཀའ་བ་ཞིག་རེད་ཨང་།
བཞུར་ཚད་མགྱོགས་པའི་དུས་ཚོད་ཀྱི་གཙང་པོ་ནི་བསམས་ཤིང་བསམས་ན་ཐག་ཐག་ཏུ་བསྐྱོད་པའི་སྐར་ཆ་རེ་རེ་ནས་མདུན་དུ་ཆས་པ་ཡིན་པས། སུས་ཀྱང་བང་ཁ་མྱུར་བའི་རྟ་ཕོ་ཇི་བཞིན་གོམ་ཁ་ལ་ཚད་འཛིན་གྱིས་སྲབ་མདའ་ཤུགས་ཀྱིས་འཐེན་མི་ནུས་ལ་གོམ་ལག་ཇེ་མྱུར་གྱིས་ལྕག་ཚན་ནག་པོས་ཤེད་ཀྱིས་ཀྱང་དབྲབ་མི་ནུས་པར་དེ་ཉིད་འགྲོས་སྙོམས་པའི་གོམ་འགྲོས་ལྷོད་མེད་ཀྱིས་བསྐྱོད་པར་བྱ་དགོས་པས། ལོ་སར་ཀྱི་དུས་ཆད་རྣ་བས་ཐོས་པ་ཙམ་གྱིས་སེམས་ཀྱི་སྐྱོ་བའི་རྡུལ་དང་བར་བྱ་ཞིང་སེམས་ལ་དྲན་པ་ཙམ་གྱིས་ཡིད་ལ་སྤྲོ་བའི་དཔལ་སྦྱིན་པར་བྱ་བ་དེ་ལ་སྒུག་པའི་མི་རྣམས་ཀྱིས་དུས་ཚོད་ཀྱི་འགྲོས་ནི་གོག་ནུར་བྱེད་པའི་སེམས་ཅན་འབུ་སྐྱོགས་དང་ཅི་འདྲའི་མཚུངས་པ་ལའང་སྙམ་གྱིན་ཡོད།
ལོ་གསར་ལ་ངང་སྒུག་བྱེད་མཁན་ནི་ལྡབ་ལྡིབ་ཀྱི་སྐད་ཆ་བཤད་ཤེས་ཤིང་ཙག་ཙིག་གི་ནང་དོན་གོ་བའི་བྱིས་པ་བསམ་མེད་ཡིན་ལ། དྭངས་གསལ་རིག་པའི་ལྡེམ་མྱུར་སྤྱི་བོའི་སྐྲ་རྩེ་ན་ཀྲིག་ཀྲིག་གཡོ་བའི་གཞོན་ནུ་ཕོ་མོའང་ཡིན། ལང་ཚོའི་བཀྲག་མདངས་རབ་ཏུ་རྒྱས་པའི་དར་མའི་སྡེ་ཡིན་ལ། དབུ་སྐྲའི་ཁ་དོག་གིས་དཀར་པོ་དུང་ལའང་ཅོ་འདྲི་བར་བྱེད་པའི་རྒན་པོ་ཚེ་རིང་རྣམས་ཀྱང་ཡིན། དེ་ལྟར་རྒན་དར་གཞོན་གསུམ་ཐམས་ཅད་ཀྱིས་ལོ་གཅིག་གི་མགོ་མའི་དུས་ཆེན་འདིས་ང་ཚོར་རྩོལ་མེད་དུ་སྤྲད་པའི་མི་ལོ་གཅིག་གི་ཁ་གསབ་དང་བསྡོངས་ནས་སླར་ཡང་ལོ་རྗེས་མའི་ལོ་གསར་བར་དུ་འདི་དང་གང་། ཅི་སོགས་ཀྱི་འཆར་གཞི་མི་ཆེ་མི་ཆུང་རང་གི་ཚད་དང་མཐུན་པ་རེ་གཏན་ལ་འབེབས་ཤིང་དེ་ལ་རྟག་གུས་ཀྱི་བརྩོན་པ་ངལ་བ་མེད་པ་རེ་བསྟེན་པར་བྱེད་ཅིང་། དེ་ནི་བཙན་དང་དབང་གང་གིས་ཀྱང་ཐེ་གཏོགས་རྒྱ་ཁབ་ཀྱི་རྩེ་མོ་ཙམ་ཡང་མེད་པར་རང་ཉིད་ཀྱི་འདོད་མོས་པདྨའི་ཚལ་ལ་རང་དབང་གི་གེ་སར་ངང་གིས་འཁོར་བ་ཡིན་པས། དུས་ཆད་དེ་མ་སླེབས་བར་དུ་རེ་སྒུག་གི་གང་བུ་རྟག་ཏུ་འཛུམ་ཞིང་། བསླེབ་ལ་ཉེ་དུས་སེམས་པའི་བྱང་ཐང་སྐྱ་མོར་འཚུབ་ཆའི་རླུང་འཚུབ་ཅིག་ཀྱང་ཡང་ཡང་ལྡང་།
ལོ་གསར་ནི་དེ་ལྟར་དུས་ཆད་ཅིག་ཏུ་གྲུབ་ཅིང་ང་ཚོས་ཀྱང་དུས་ཆད་ཅིག་ཏུ་རྩི་བཞིན་མཆིས་ཏེ། ཟླ་བ་བཅུ་གཅིག་གི་རིང་ལ་འབད་ཅིང་དེ་སྔའི་འཆར་གཞིའི་རི་མོ་ལེགས་པར་གྲུབ་པར་བྱེད་ཅིང་། ཟླ་བ་བཅུ་གཉིས་ཀྱི་ནང་དུ་དེ་ལས་ཀྱང་ཐ་མའི་གྲ་སྒྲིག་དུས་རིམ་ཞིག་ཏུ་བརྩིས་ཏེ། ཟས་དཀར་གསུམ་མངར་གསུམ་ལ་སོགས་པའི་སྡེར་ཁ་བསྒྲིགས་ཤིང་གོ་རེ་དམར་པོ་སྣུམ་ཤིག་གེར་འདུག་པ་དག་བསྲེགས་པའི་དུས་དེ་ཉིད་དུ། གྲོང་དང་གྲོང་ཚོའི་བར་སྣང་དུ་སྣུམ་གྱི་དྲི་ངད་འཐུལ་བའི་མཁའ་དབུགས་སྟུག་པོ་གང་སར་ཁྱབ་ཅིང་། བྱིས་པ་དག་གི་རྡུལ་གྱིས་ཟིན་པའི་ངོ་གདོང་སྐྱ་ཐང་ངེ་བ་ན་མཆུ་ཏོ་གཅིག་པུ་ཙམ་ནི་གོ་དམར་ཟོས་པའི་སྣུམ་གྱིས་གོར་མོར་ཟིན་ཞིང“རྒྱ་ལོ་རྒྱ་ལོ་ཚེས་ལ་ཁད། ཚོད་མ་འདུས་འདུས་བཟའ་ལེ་ཁད”ཅེས་རེ་སྒུག་གི་སེམས་འདུན་མཚོན་པའི་གླུ་སྐད་དེ་དག་གིས་དུས་ཆད་འདི་ལ་སྔར་མེད་ཀྱི་མཛེས་པ་བསྐྲུན་ཡོང་། ད་དུང་ལོ་མ་སར་བར་དུ་ཁང་པར་གཙང་དག་བྱ་དགོས། གོས་ལྭ་གསར་པ་ཉོ་དགོས། མགོ་སྐྲ་གཙང་མར་བཞར་དགོས་སོགས་ཀྱི་གྲ་སྒྲིག་ཕུན་སུམ་ཚོགས་པས་ལོ་སར་བསུ་དགོས་པའི་དུས་ཆད་འདེབས་པར་བྱེད།
ལོ་སར་ནི་ལྷན་འཛོམས་ཀྱི་དྲོད་ཁོལ་འཁྱིལ་བའི་དུས་ཤིག་ཡིན་ལ། སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་བའི་དུས་ཤིག་ཀྱང་ཡིན་དུ་སྲིད་དེ། ལོ་ལོན་རྒན་པ་ཚོའི་ངག་ཏུ། “ཁྱོད་རང་སྟོད་རྒྱ་གར་དུ་མཆིས་ཀྱང་རུང་། སྨད་རྒྱ་ནག་ཏུ་སོང་ཡང་ཆོག ལོ་གཞན་དུ་མི་སར་བར་རང་ཁྱིམ་གྲུ་བཞིར་ངེས་པར་བསླེབ་དགོས་ཞེས་པའི་དཔེ་ཡོད།”ཅེས་བརྗོད་པ་ཅི་བཞིན་ལོ་སར་ལ་ཉེ་དུས་གཞན་ཡུལ་དུ་སྡོད་པའི་མི་བུ་ཁྱིམ་དང་ལྡན་པ་དག་ནི་སེམས་ཀྱི་གཏིང་རུམ་ཞིག་ནས་སྡོད་མི་ཚུགས་པར་བྲེལ་བ་མྱུར་ཤ་དོད་པོ་རེ་ལངས་འོངས། དེ་ནི་རུས་རྐང་ལ་སིམ་པའི་བག་ཆགས་ཤིག་སྟེ་སུས་ཀྱང་གཡོལ་དུ་མེད་པའི་སེམས་ཀྱི་འགལ་འདུ་དྲག་པོ་ཞིག་ནི་ཅི་ལ་མིན། དེ་ལྟར་རང་ཡུལ་གད་པ་ཡིན་ཡང་སྐྱིད་པའི་སྣང་བ་བཅོས་མིན་སེམས་སུ་འཁྲུངས་པའི་གཞིས་ཁྱིམ་དྲོན་མོར་འཛོམས་ཏེ་ཟས་ཞིམ་པོ་ཡོད་ན་དུས་འདིར་ཟ་ཞིང་གླུ་ཡག་པ་ཡོད་ན་དུས་འདིར་ལེན་པ། གོས་ཡག་པ་ཡོད་ན་དུས་འདིར་གོན་དགོས་པའི་སྟ་གོན་བགྱི།
དེ་མིན་འཇིག་རྟེན་མཐུན་འཇུག་གི་ལས་ལ་ལས་སྐལ་གྱི་འཇའ་ཚོན་འཆར་བར་བྱེད་པའི་བག་མ་འབྲུག་མོ་འདྲ་བ་བསུ་དུས་དང་མག་པ་འཛམ་གླིང་ལྟ་བུ་ལེན་པའི་དུས་ཆད་ལོ་སར་ལ་བྱ་བར་མ་ཟད། བུ་ཆུང་བསམ་པའི་དོན་གྲུབ་ཀྱི་གཡང་གི་མནོལ་སྐྲ་བཞར་བའི་དུས་དང་སྨན་བུ་མོའི་ལང་ཚོ་དར་ལ་བབས་པའི་སྐྲ་སྟོན། རྒན་རྒོན་ཚེ་ཐག་རིང་ཞིང་ནད་མེད་ལོ་བརྒྱ་ཐུབ་པའི་གྱ་སྟོན། ཁྱིམ་ཁང་པ་ཀ་བཞི་གདུང་བརྒྱད་གསར་དུ་ཕུབ་པའི་ཁང་སྟོན། གཡང་ཁྱིམ་དྲོན་མོ་གསར་དུ་ཆགས་པའི་མཚེར་ཆུ་བསྐོལ་བ་སོགས་ཀྱི་བཀྲ་ཤིས་པའི་དགའ་སྟོན་གྱི་ཡོ་ལང་བཤམས་པའི་དུས་ཆད་ཀྱང་ལོ་གསར་གྱི་སྐབས་ལ་བྱ།
རྒན་པ་ཚེ་ཐག་རིང་ཞིང་གཞོན་པ་འདབ་ལག་རྒྱས་པའི་ཁ་གཡང་སྟོང་གི་འབོད་པ་གོ་རེ་ལོ་བརྒྱ་དང་ལྷན་དུ་ཕན་ཚུན་ལ་སྐྱེས་སུ་འདེགས་པའི་དུས་དེ་ཉིན་ནས་བཟུང་དུས་ཆད་ཅིག་གི་ལམ་ཐིག་གི་སྣེ་མོ་ཟིན་པ་ལྟ་བུའི་དགའ་སྤྲོའི་འཛུམས་མདངས་དེ་མི་རྣམས་ཀྱི་གདོང་ན་བཅོས་མིན་དུ་རྒྱས་ལ། སྐད་ཅིག་དེ་ཉིད་ལ་འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་གི་སེམས་བྱུང་སྣ་ཚོགས་པ་དག་ནི་དགའ་སྤྲོ་ཁོ་ནའི་ངོ་བོར་འགྱུར་ཞིང་། ཡུན་ཙམ་ནས་ཡང་བསྐྱར་རྗེས་མའི་ལོ་གསར་གྱི་དུས་ཆད་ལ་གྲོས་གདབ་པར་བྱའོ། །