ཧམ་སེམས་ཀྱིས་བསྐྱེད་པའི་སྡུག་བསྔལ།
སྙིང་མོ་སྐྱིད། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཨ་ནེ་ཀླུ་མོས་ཡིག་དྲུག་མ་ཎི་བགྲང་བཞིན་ལྕི་བ་སྐམ་པོ་སླེ་བོ་གང་ཁུར་ཡོང་ནས་ཁྱམས་འོག་ཏུ་བླུགས་རྗེས། རས་ལྭ་རྙིང་ཧྲུལ་དེའི་སྟེང་དུ་བསྒོས་པའི་ས་རྡུལ་རྣམས་སྤྲུགས་སྤྲུགས་ཤིག་བཏང་བ་ན། གང་སར་འཕུར་བའི་ས་རྡུལ་འགའ་ཤས་གཉེར་མའི་གཅོང་རོང་གཅིག་ལས་གཅིག་ཟབ་པའི་ཁོ་མོའི་ངོ་གདོང་དུ་བབས་བྱུང་། ཡིན་ནའང་ཤུགས་ལས་ལ་གོམས་པའི་ཁོ་མོས་དེ་ལ་སྣང་དོགས་སྤུ་ཙམ་མི་བྱེད་པར། ཐབ་ཚང་དུ་སོང་ནས་མར་ཙོག་ཏེ་ནངས་ཇ་བཏུང་རྩིས་བྱེད་དུས། སོག་རུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེས་རྒྱ་སྒོ་ཁྲོག་གེར་ཕྱེ་སྟེ་དབུགས་ཧལ་ཧལ་ངང་ནང་དུ་བརྒྱུགས་ནས་ཡོང་བ་མཐོང་། ཧྲུའུ་ཅི་རྒན་པ་རྡོ་རྗེས་བཤད་པའི་སྐད་ཆ་དེས་ཨ་ནེ་ཀླུ་མོའི་ལག་གི་དཀར་ཡོལ་ས་ལ་ལྷུང་དུ་བཅུག་སོང་།
“ཀླུ་མོ། འབྲུག་བྱམས་གྲོངས་འདུག ”
“ཨ་་་་་ཁྱོད་ཀྱིས་བཤད་པ་བདེན་པ་ཡིན་ནམ”ཨ་ནེ་ཀླུ་མོ་འཁྱར་མ་འཁྱོར་ངང་ཡར་ལངས་ནས་ངག་འདར་བཞིན་བཤད།
“ངོ་མ་ཡིན། ཁྱོད་མར་ཙོག་དང་། ངས་ཁྱོད་ལ་གནས་ཚུལ་གསལ་བོར་བཤད་ཆོག” སྐྱིད་སྡུག་གང་བྱུང་ཡང་བྱ་བའི་སྔ་གཞུག་ཏུ་བསམ་ཚུགས་པའི་ཧྲུའུ་ཅི་རྒན་པ་རྡོ་རྗེ་ཡིས་ལག་པ་གཅིག་གིས་ཁོ་མོ་མར་སྡོད་ཟེར་བའི་ལག་བརྡ་བསྟན་པ་དང་། ལག་པ་གཅིག་གིས་ལོ་མང་འགོར་བའི་རྐུབ་སྟེགས་རྙིང་བ་ཆུང་ཆུང་ཞིག་རང་གི་རྐུབ་འོག་ཏུ་འཇོག་ཞོར་ན་རེ།
“ཁ་སང་ཞོགས་པར་ངས་བསང་ཕུད་བཞིན་པའི་སྐབས་དེར་ཁྱིམ་མཚེས་འབུམ་པ་ཚང་ནས་ངུ་སྐད་སྙིང་ལ་གཟན་པ་ཞིག་ཐོས་བྱུང་། ང་རང་རྣམ་རྟོག་ལངས་བཞིན་མྱུར་བ་མྱུར་དུ་ཁོ་ཚང་ལ་སོང་། སྒོ་ཕྱེ་མ་ཐག་མཚོ་མོའི་ངུ་སྐད་གོ་བྱུང་ལ། ནང་སྒོའི་འགྲམ་ན་བྱིས་པ་གཉིས་ཀྱང་ངུ་བཞིན་འདུག འབུམ་པ་ཡང་སེམས་འཚིགས་ནས་ལྷས་ར་གོར་མོ་དེ་ན་ཡར་འགྲོ་མར་འགྲོ་བྱེད། ང་རང་མྱུར་མོར་ཡར་སོང་ཏེ་ཐབ་ཚང་གི་སྒོ་ཡོལ་ཡར་བཀྱགས་ནས་ནང་དུ་བལྟ་དུས། འབྲུག་བྱམས་ཚ་ཐབ་སྟེང་དུ་ཉལ་འདུག་པ་མཐོང་བས་སེམས་འཚབ་བཞིན་ཅི་བྱུང་སོང་ཞེས་དྲིས་ཀྱང་མཚོ་མོས་འབྲུག་བྱམས་ལ་འཐམས་ནས་ཆོ་ངེ་འདེབས་པ་ལས་ལན་བཏབ་མ་བྱུང་། གནས་ཚུལ་མི་ལེགས་པ་ཤེས་རྗེས་ངས་ལམ་སེང་མི་འགའ་བོས་ཏེ་འབྲུག་བྱམས་སྨན་ཁང་དུ་བསྐྱལ་ཡང་སྐྱོབ་མ་ཐུབ་པ་རེད”ཟེར།
“ཉིན་འགའི་སྔོན་ལ། ངས་རྫོང་ཐོག་ནས་ཁོ་མཐོང་དུས་ལུས་ཟུངས་བརྟས་ཤིང་ངོ་མདངས་ཡང་ཧ་ཅང་ལེགས། ད་ནི་གློ་བུར་དུ་གྲོངས་སོང་ཟེར་བ་འདི་ཅི་རེད། ཨ་ཧོ། ཨ་མའི་གཅེས་ཕྲུག ཁྱོད་འདི་ལྟར་འགྲོ་སྲོལ་ཡོད་དམ། ཨ། གནམ་རྒན་མ། བུའི་ཚབ་ཏུ་རྐང་བ་ཡ་གཅིག་ཕྱི་མར་སྤོས་པའི་རྒན་མོ་ངའི་སྲོག་ཁྱེར་ན་མི་ཆོག་གམ། ང་འདི་ཇི་འདྲའི་མི་ལས་ངན་ཞིག་རེད་ཨང་། ”ཞེས་ཨ་ནེ་ཀླུ་མོས་སྡུག་ཡུས་ཀྱི་མིག་མཆི་འདོན་བཞིན་ལག་པས་བྲང་ཁ་ཡང་ཡང་རྡུང་བར་བྱེད།
“ཀླུ་མོ། སེམས་སྡུག་མ་བྱེད། ཤི་བ་ལངས་ཤོག་ཟེར་ས་མེད་པས། མཆི་མ་ག་ཚོད་བཏོན་ཡང་རྔོ་མི་ཐོགས། དེ་ལས་རང་གི་གཟུགས་པོར་བདག་སྐྱོང་བྱེད་རྒྱུ་གལ་ཆེ། ཁ་དཔེར་ཡང་སྐྱེ་བ་ལ་སྔ་ཕྱི་ཡོད་རུང་འཆི་བ་ལ་སྔ་ཕྱི་མེད་ཟེར་བ་མིན་ནམ། འདི་ནི་ཕལ་ཆེར་ལས་ལ་བསྐོས་པ་ཡིན་རྒྱུ་རེད།”ཧྲུའུ་ཅི་རྒན་པ་རྡོ་རྗེས་རང་ནུས་ཅི་ལྕོགས་ཀྱིས་ཁོ་མོར་སེམས་གསོ་བྱེད།
གློ་བུར་དུ་ཨ་ནེ་ཀླུ་མོས་ངུ་མཚམས་བཞག་ནས་སྣ་གཉེར་གཉེར་དང་ཁ་ཤ་འདར་འདར་བྱེད་བཞིན་“མ་རེད། ངའི་བུ་གདོན་མོ་དེས་བསད་པ་ཁོ་ཐག་རེད། གལ་ཏེ་འབྲུག་བྱམས་འཁོར་བགེགས་བྱུང་ནས་གྲོངས་པ་ཡིན་ན། དེ་ནི་སྐྱེ་བ་འདིའི་ལན་ཆགས་ཡིན་པས་ཐབས་ཤེས་ཡོད་པ་མ་རེད། ཡིན་ཡང་སྐྱེས་པ་ཤ་དར་ཁྲག་དར་ཞིག་འདི་ལྟར་གྲོངས་སོང་ཟེར་ན་སུས་ཡིད་ཆེས་བྱེད་ཀྱི་རེད། དོན་དག་འདི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན” ཟེར།
སྐབས་དེར་ཨ་ནེ་ཀླུ་མོའི་ངོ་གདོང་དུ་དགྲ་ཡི་ཕྱོགས་ལ་མེ་ལྟར་འབར་བའི་ཞེ་སྡང་གི་ཉམས་ཤིག་ཤར་འདུག
“ཀླུ་མོ། རྩམ་པ་ལྡད་རྗེས་མིད་དགོས། སྐད་ཆ་བསམ་ནས་བཤད་དགོས་ཟེར་བ་མིན་ནམ། བདེན་དཔང་མེད་པར་སྐད་ཆ་གང་བྱུང་དུ་བཤད་ག་ལ་རུང་། འབྲུག་བྱམས་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པས་སྐྱོབ་མི་ཐུབ་ཟེར་བས་ང་ཚོས་ལམ་སེང་རླངས་འཁོར་ནང་བཞག་ནས་རྫོང་སྨན་ཁང་དུ་སླེབས་དུས་དབུགས་ཆད་འདུག་ཟེར་ལ། མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པ་རེད། ཁོ་ཚང་གིས་ཀྱང་འབྲུག་བྱམས་རང་དགར་འཆི་རུ་འཇུག་ག་ལ་སྲིད། ང་ཚོས་ཀྱང་ཁོའི་སྲོག་སྐྱོབ་ཆེད་བརྩོན་ལེན་བྱེད་དགོས་པ་ཚང་མ་བྱས་པ་ཡིན ” ཧྲུའུ་ཅི་རྒན་པ་རྡོ་རྗེས་རང་གི་བསམ་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཤད།
“དེས་ན་ཁ་སང་ང་ལ་ཤི་བརྡ་རྒྱག་ཏུ་མི་འོངས་བ་ཅི་རེད། ངས་བལྟས་ན་མཚོ་མོས་འབྲུག་བྱམས་ལ་གནོད་བསྐྱལ་བ་འདྲ།”ཨ་ནེ་ཀླུ་མོའི་གངས་དཀར་སེམས་ན་འགྲོལ་དཀའ་བའི་མདུད་པ་ཞིག་འདུག
“ཀླུ་མོ། ད་མི་དཀར་དཀར་ལ་ཞྭ་ནག་ནག་མ་གཡོགས། ང་ཚོ་ཁ་སང་སྨན་ཁང་ནང་ནས་ཉིན་ཕྱེད་ཙམ་འགོར་སོང་། ཕྱིར་ལོག་དུས་ས་རུབ་འདུག་པས་ཤི་བརྡ་རྒྱག་ཏུ་མ་འོངས། དེ་རིང་ཞོགས་པར་ནམ་ལངས་མ་ཐག ང་ཡིས་ཇ་ཁམ་གང་ཡང་མ་འཐུང་བར་མྱུར་བ་མྱུར་དུ་ཁྱོད་ལ་བརྡ་རྒྱག་ཏུ་ཡོང་བ་མིན་ནམ། ཤུ་་་་་འཆི་བ་ནམ་ཡོང་ཆ་མེད་ཡིན་པས་སུས་ཀྱང་ལྡོག་ཐབས་མེད། གང་ལྟར་འབྲུག་བྱམས་ནི་གྲོངས་ཚར་བས་ད་སེམས་སྡུག་མ་བྱེད། དེ་ལས་ཤི་བོའི་ར་བདའ་ཆོས་ཡིན་ཟེར་བས་བཟང་སྤྱོད་རེ་བཏོན་ན་མི་བཟང་ངམ། འདང་སྐོར་ལོག་བརྒྱབ་ནས་སྡིག་པ་མ་བསགས། ནངས་ཇ་འཐུང་རྗེས་ཁྱོད་ཚང་གི་ཤ་ཉེ་རྣམས་ལ་སྐད་བརྒྱབ་ནས་འདས་མཆོད་ཀྱི་ཕྱོགས་སུ་གྲོས་ཞིག་བྱས་ན་གང་འདྲ་འདུག ”ཧྲུའུ་ཅི་རྒན་པ་རྡོ་རྗེས་ཁོ་མོར་བློ་འདོན་རོགས་བྱེད་ཞོར་དུ་སེམས་གསོ་ཞིག་བྱས་རྗེས་ལོག་སོང་།
ལྷས་ར་ཕྱགས་བཞིན་པའི་ལྷ་མོས་ཁོ་གཉིས་ཀྱི་ཁ་བརྡའི་ནང་དོན་ཐོས་མ་ཐག་སྡུད་མ་རང་སར་གཡུགས་པ་དང་རྒྱུགས་ཡོང་ནས་ངུ་ངག་དང་བཅས་“ཕུ་བོ་ཡ་ཕུ་བོ། ཁྱོད་རང་སྙིང་མ་རྗེ། ”ཞེས་ཨ་ནེ་ཀླུ་མོ་སྟེ་ཁོ་མོའི་ཨ་མར་འཐམས་ནས་ངུ་འབོད་བྱས་བྱུང་།
ཆུ་ཚོད་གཅིག་ལས་མ་འགོར་བར་ཤ་ཉེ་སྤུན་ཟླ་ཕོ་མོ་ཉི་ཤུ་ལྷག་ཨ་ནེ་ཀླུ་མོ་ཚང་ལ་བསླེབས་བྱུང་། དེར་ཡོང་མཁན་ལས་རྒྱབ་ལག་བཅས་པའི་སྐྱེས་པ་རྣམས་ནི་ཁྱམས་རར་དཀྱིལ་ཀྲུང་དུ་གྲལ་ཤར་གཉིས་སུ་བསྡད་ནས་གྲོས་བྱེད་ཀྱིན་འདུག་ལ།བུས་ལག་བཅས་པའི་མ་སྲུ་རྣམས་ཀྱིས་ཨ་མ་ཀླུ་མོར་བསྐོར་ནས་ངུ་འབོད་བྱེད་པས་སྒོ་རའི་ནང་དུ་ཟང་ཟིང་ལང་ལོང་བྱེད།
ཐེ་བུ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཀླུ་རྒྱལ་ཡང་དེར་བསླེབས་འདུག ཁོས་ཟང་ཟིང་ལང་ལོང་བྱེད་པའི་མི་རྣམས་ལ་ཕྱོགས་ནས་“ཚང་མས་ཚུར་གསོན་དང་། ད་སྐབས་ཨ་ནེ་ཀླུ་མོ་ཚང་གི་མགོར་སྡུག་ཡོང་ཡོད། གྲོང་པ་ཁྱིམ་མཚེས་དང་ཉེ་འབྲེལ་ཚང་མས་རང་ནུས་ཅི་ལྕོགས་ཀྱིས་རོགས་པ་བྱས་ནས་ཨ་ནེ་ཀླུ་མོ་ཚང་གི་སྟོན་ལས་ཡང་དུས་ལྟར་ལེགས་འགྲུབ་བྱེད་དགོས། ཨ་ཁུ་ཚེ་རིང་གཙོ་བྱས་པའི་རྒན་པ་རྣམས་ཀྱིས་དོན་དག་འདིར་གྲོས་འགོ་རེ་བཏོན་ན་ཇི་འདྲ་རེད”ཅེས་བཀོད་སྒྲིག་བྱས་པ་ན་མི་རྣམས་ཁག་གཉིས་སུ་བགོས་སོང་། བུད་མེད་རྣམས་ཀྱིས་མགོ་རས་ཀྱི་སྣེ་མོས་མིག་ཆུ་ཕྱི་བཞིན་ཆུ་ལེན་ཇ་སྐོལ་སོགས་ནང་ལས་བྱེད་འགོ་ཚུགས་ལ། སྐྱེས་པ་རྣམས་ཀྱིས་ཁ་མང་གཏམ་མང་གིས་གྲོས་བྱས་པའི་མཐའ་མར་ཨ་ནེ་ཀླུ་མོའི་མིང་པོ་ཚེ་རིང་གིས་གྲོས་ཐག་བཅད་བྱུང་།
“གང་ལྟར་མི་ནི་ཚར་སོང་བ་རེད། ཤི་ཚར་བས་གཡུ་ཐོག་ཡོན་ཏན་མགོན་པོ་སྐུ་དངོས་སུ་ཕེབས་རུང་ཕྱིར་གསོན་མི་ཐུབ། ཡིན་ཡང་གསར་བུ་སྟག་འདྲ་བ་ཞིག་དེ་ལྟར་དོན་མེད་དུ་ཤི་སོང་ཟེར་ན་ང་རང་ཡིད་ཆེས་མ་སོང་། ཤི་རྐྱེན་དེ་གསལ་གསལ་ཐིང་ཐིང་ཞིག་མ་ཡོང་བར་ངས་ཁོ་ཚང་རང་དགར་མི་སྐྱུར་ཁོ་ཐག་ཡིན། ད་སྐབས་ཚང་མ་སྟོན་ལས་ལ་བྲེལ་གྱིན་ཡོད་པས་ད་རང་རང་གི་ལས་ཀ་བསྒྲུབ་ཏུ་སོང་། དོན་འགྲུབ་ཁྱོད་འབྲུག་བྱམས་བླ་གསང་བོ་ཚང་ལ་སོང་ནས་ང་ཚོ་མ་ཡོང་བར་སྐར་མ་ཕུད་མི་ཆོག་ཅེས་ལབ་ཤོག སང་ཉིན་ང་ཚོ་སོག་རུ་གྲོང་ཚོར་སོང་ནས་གནས་ཚུལ་རྒྱུས་ལོན་ཅིག་བྱེད་”ཅེས་རང་གི་བུ་དོན་འགྲུབ་ཨ་ཁུ་འབུམ་པ་ཚང་ལ་བརྡ་རྒྱག་ཏུ་མངགས།
ཉིན་གཉིས་པར། ཨ་ནེ་ཀླུ་མོ་དང་མིང་པོ་ཚེ་རིང་། ཧྲུའུ་ཅི་ཀླུ་རྒྱལ་སོགས་ཐེ་བུ་གྲོང་ཚོའི་མི་བཅུ་གྲངས་ཅིག་འབྲུག་བྱམས་མག་པར་སོང་སའི་སོག་རུ་གྲོང་ཚོའི་ཨ་ཁུ་འབུམ་པ་ཚང་ལ་སོང་།
སོག་རུ་གྲོང་ཚོ་ནི་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཆགས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ལ། ལོ་འདི་གཉིས་ལ་གྲོང་ཁྱེར་གྱི་འཛུགས་སྐྲུན་རྒྱ་བསྐྱེད་པའི་དབང་གིས་སོག་རུ་གྲོང་ཚོའི་ས་ཞིང་ཡོངས་རྫོགས་གཞུང་ལ་བསྡུས་ནས། ས་ཞིང་མུའུ་རེར་སྒོར་ཁྲི་བཅོ་ལྔའི་གསབ་དངུལ་སྤྲད་པས་ཁྱིམ་ཚང་ཐམས་ཅད་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཕྱུག་པོར་གྱུར་སོང་། ད་ལྟ་སོག་རུ་གྲོང་ཚོའི་ཁང་པ་གསར་བ་རྣམས་ནི་ཕན་ཚུན་འགྲན་སྡུར་བྱེད་པ་བཞིན་གཅིག་ལས་གཅིག་བརྗིད་ཉམས་ཆེ་ཞིང་། བུད་མེད་རྣམས་ཀྱིས་བཏགས་པའི་གསེར་གྱི་རྣ་ཏོག་དང་བྱུ་རུའི་སྐེ་རྒྱན་ཡང་གཅིག་ལས་གཅིག་ཆེ།
ཁོ་ཚོ་ཨ་ཁུ་འབུམ་པ་ཚང་ལ་སླེབས་དུས་སོག་རུ་གྲོང་ཚོའི་རྒན་གཞོན་ཐམས་ཅད་དེར་འདུས་ཤིང་། ཁྱིམ་དུ་འཛུལ་མ་ཐག་གྲྭ་བ་རྣམས་ཀྱིས་ཆོས་འདོན་པའི་སྒྲ་ལྷང་ལྷང་དུ་ཐོས་བྱུང་ལ། བརྗིད་ཉམས་ཆེ་བའི་ཤིང་ཁང་དེའི་ནང་དུ་ཚ་བསུར་ཕུད་པའི་དྲི་མ་ཞིག་གིས་ཡོངས་སུ་ཁེངས་འདུག
ཨ་ནེ་ཀླུ་མོ་ངུ་ཞོར་ལ་ཤིང་སྒོ་ཆེན་པོ་དེའི་དྲང་ཐད་དུ་ཡོད་པའི་ཁང་ཆུང་ནང་བརྒྱུགས་ནས་“ངའི་བུ་སྟག་འདྲ་བོ། ཁྱོད་གང་ན་ཡོད། ཨ་མ་སླེབས་ཡོད། ཁྱོད་ནི་ཇི་འདྲའི་མི་ལས་ངན་ཞིག་རེད་ཨང་། ཁྱོད་ཀྱིས་ཁྱིམ་ཚང་གི་ཆེད་དུ་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་དཀའ་ལས་མང་པོ་བརྒྱབ་མཐར་སྐྱིད་ཉི་མ་གཅིག་ལའང་རྒྱག་མ་ཐུབ། ཁོ་ཚང་གིས་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་བྱེད་སྲོལ་འདི་འདྲ་ཞིག་འཇིག་རྟེན་ན་ཡོད་དམ། ཨ་མས་ཁྱོད་རང་དགར་འཆི་རུ་མི་འཇུག་ཁོ་ཐག་ཡིན།”ཞེས་བཤད་པའི་སྐད་ཆ་དེ་དག་ལ་ཉན་དུས་ཁོག་ན་ཞེ་སྡང་གིས་བཀང་ཡོད་པ་ཤེས་ཐུབ།
དྲན་འཕྲུལ་བྱ་བྱེད་མང་བའི་མིང་པོ་ཚེ་རིང་གིས་ཡར་མར་ཅིག་བལྟས་རྗེས་མྱུར་དུ་བེམ་པོ་འཇོག་སའི་ཁང་ཆུང་དུ་འཛུལ་ནས་འབྲུག་བྱམས་ཀྱི་མགོ་ནས་རྐང་བར་ཞིབ་ཏུ་བལྟ་དུས་སྣ་ཁུང་གི་འགྲམ་དུ་ཁྲག་གི་བཞུར་ཤུལ་གསལ་ལ་མི་གསལ་བ་ཞིག་ཡོད་པ་དེ་མཐོང་། ཁོས་དེ་ནི་ཅི་ཞིག་གི་རྐྱེན་ཡིན་ནམ་ཞེས་སེམས་ལ་དོགས་པ་སྐྱེས་བཞིན་མགོ་བོ་ཡར་བཀྱགས་པ་ན། ཨ་ཁུ་འབུམ་པ་ཁོའི་མདུན་དུ་ལངས་འདུག
“ངེད་ཚང་གི་མག་པ་དགའ་བོ་འབྲུག་བྱམས་འདི་ལྟར་གློ་རྡེག་ལ་བུད་འགྲོ་བ་འདི་ངོ་མ་བློ་ཡུལ་ལས་འགོངས་བ་ཞིག་རེད། ཁ་སང་ཞོགས་པར་ཁོའི་བྲང་ཁར་ན་ཟུག་ལངས་དུས་ང་ཚོས་ལམ་སེང་སྨན་ཁང་དུ་བསྐྱལ་ཡང་སྐྱོབ་མ་ཐུབ་པ་རེད། ངོ་མ་ཆག་སྒོ་གནམ་ནས་ལྷུང་ཟེར་བ་རེད་ཡ། ”ཞེས་གཞོན་སོ་དཀར་གྱི་ལང་ཚོ་ཡལ་ནས་རྒས་མགོ་དཀར་གྱི་ནམ་ཙམ་ལ་ཐུག་པའི་རྒད་པོ་འབུམ་པས་གདོང་ལ་སྐྱོ་གདུང་གིས་ཁེངས་བཞིན་བཤད།
“འབྲུག་བྱམས་ཀྱི་སྣ་ཁུང་གི་འགྲམ་དུ་ཁྲག་གི་བཞུར་ཤུལ་ཡོད་པ་དེ་ཅི་རེད།”
མིང་པོ་ཚེ་རིང་གིས་དོགས་པ་སྐྱེས་པའི་མིག་གཉིས་ཕུར་ཚུགས་སུ་ཨ་ཁུ་འབུམ་པའི་གདོང་ལ་བལྟས་ནས་དྲིས།
“ཨ་ཙི། ཁྲག་བཞུར་བ་ཨེ་རེད། ངས་མཐོང་མ་བྱུང་། ཕལ་ཆེར་ན་ཟུག་ལངས་དུས་བཞུར་བ་ཡིན་རྒྱུ་རེད། ”ཨ་ཁུ་འབུམ་པས་སྣང་མེད་དུ་བཤད།
ཁོ་གཉིས་ཁང་ཆུང་ལས་ཕྱིར་བུད་མ་ཐག ཨ་ནེ་ཀླུ་མོས་ཨ་ཁུ་འབུམ་པར་སྡང་མིག་བགྲད་བཞིན་ཤོར་ཡོང་ནས་“འདྲེ་མོ་དེ་གང་ན་ཡོད། ངའི་བུ་གསོད་མཁན་གྱི་གདོན་མོ་དེ་སྤོབས་པ་ཆེ་བ་ལ། ངས་དེ་རིང་འདྲེ་མོ་དེའི་ལྤགས་པ་དམར་བཤུ་བྱས་ནས་སྙིང་མགོར་སོ་འབྲད་ཅིག་མ་བྱས་ན་ངའི་སྙིང་ནད་སངས་མི་ཐུབ”ཅེས་མིག་ལས་ཞེ་སྡང་གི་མེ་ལྕེ་མཆེད་བཞིན་མི་མང་གི་དཀྱིལ་ནས་མཚོ་མོ་བཙལ།
མིང་པོ་ཚེ་རིང་གིས་ཨ་ནེ་ཀླུ་མོའི་ཚུགས་ཀ་དེ་མཐོང་རྗེས། སེམས་སུ་གལ་ཏེ་འདི་ནས་འདུག་ཡུན་རིང་ན་དོན་དག་བྱུང་རྒྱུ་ཡིན་པར་མ་ཟད། གྲོང་ཚོ་གཞན་གྱི་མིའི་མདུན་ནས་མིག་རྫོད་བྱེད་རྒྱུ་རེད་སྙམ་ནས་མྱུར་དུ་ཨ་ཅེ་ཁྲིད་ནས་འགྲོ་རྩིས་བྱེད་དུས། ཨ་ཁུ་འབུམ་པ་རྒྱུགས་ཡོང་ནས་“ཉེ་བོ་རྣམས་ནང་དུ་སོང་ནས་ཇ་ཞིག་ཐུངས་ཡ་”ཟེར་ཡང་མིང་པོ་ཚེ་རིང་གིས་ཨ་ཁུ་འབུམ་པར་ཕུད་རྒྱག་ཅིག་བྱས་ནས་ཤར་སེ་སོང་།
ཐེ་བུ་གྲོང་ཚོའི་ལམ་འགྲམ་གྱི་མཐོང་སའི་ཁྱོན་ཀུན་ཏུ་བརྒྱན་པའི་གྲོ་ཞིང་ནི་ས་ལེ་སྦྲམ་གྱི་ཁུ་བའི་མཚོ་མོ་འཁྱིལ་བ་བཞིན་དྲི་བཞོན་ལྡང་བ་དང་བསྟུན་ནས་རླབས་ཕྲེང་ཆེ་ཆུང་བར་མེད་དུ་གཡོ་བཞིན་འདུག་ཅིང་། གསེར་མདོག་གི་ཞིང་ཐང་ཆེན་མོ་དེས་སྟོན་གསུམ་གྱི་མཛེས་སྡུག་མ་ལུས་ངོམ་བཞིན་ཡོད་ཀྱང་། ཁོག་ན་སྡུག་དང་ཞེ་སྡང་གིས་ཁེངས་བའི་ཨ་ནེ་ཀླུ་མོའི་མིག་ནང་དེ་དག་ལ་མཛེས་ཆོས་ཅི་ཡང་མི་འདུག
ཁྱིམ་དུ་ལོག་དུས་ཨ་ནེ་ཀླུ་མོའི་མདངས་ཉམས་པའི་མིག་ཀོང་ལས་མཆི་མའི་ཕྲེང་ཐག་ད་དུང་ཡང་ཆད་མི་འདུག མིང་པོ་ཚེ་རིང་གིས་དུ་བ་ཞིག་འཐེན་ཞོར་དུ་“ངས་བལྟས་ན་འབྲུག་བྱམས་སྙིང་ནད་འཕར་ནས་ཤི་བ་ཞིག་མིན་པ་འདྲ། ཨ་ཁུ་འབུམ་པ་དང་མཚོ་མོ་གཉིས་ཀྱིས་རྒྱུའི་ཆེད་དུ་འབྲུག་བྱམས་ལྐོག་གསོད་བྱས་པ་འདྲ། གལ་ཏེ་ནད་འཕར་ནས་ཤི་བ་ཡིན་ན་ལམ་སེང་ཤི་བརྡ་རྒྱག་ཏུ་མི་ཡོང་བ་ཅི་རེད། ”ཅེས་ཟེར་བ་ལ་བལྟས་ན་འོ་མའི་རྒྱ་མཚོའི་ནང་ལ་ཁྲག་གི་ཐིགས་པ་འཕེན་འདོད་པའི་ཕྲག་དོག་ཅན་གྱི་མིང་པོ་ཚེ་རིང་ལ་དམིགས་ཡུལ་གཞན་ཞིག་ཡོད་པ་འདྲ།
“འོ་ལེ། ངས་བལྟས་ནའང་འདིའི་ནང་ན་ང་ཚོས་མི་ཤེས་པའི་དོན་དག་ཅིག་ཡོད་པ་གཏན་ཁེལ་རེད།”ཨ་ནེ་ཀླུ་མོ་མ་བུ་གཉིས་ཀྱིས་མ་བགྲོས་གཅིག་མཐུན་དུ་བཤད།
“འབྲུག་བྱམས་ཤི་དུས་སྣ་ཁུང་ནས་ཁྲག་བཞུར་བ་འདྲ། ངས་གསལ་བོར་མ་མཐོང་ཡང་ཁྲག་བཞུར་བའི་རྗེས་ཤུལ་ཞིག་འདུག ཕལ་ཆེར་དུག་བླུད་རྗེས་སྣ་ཁུང་ནས་ཁྲག་བཞུར་བ་ཡིན་རྒྱུ་རེད”མིང་པོ་ཚེ་རིང་གིས་དུ་བ་རྔམ་འཐེན་བྱེད་བཞིན་བརྟག་དཔྱད་སྔོན་དུ་མ་སོང་བའི་འོལ་ཚོད་ཀྱི་སྐད་ཆ་ཞིག་བྱུང་རྒྱལ་དུ་སྨྲས་བྱུང་།
སྐད་ཆ་དེ་གོ་བ་དང་ལྷ་མོས་ངུ་ངག་དང་བཅས་བཤད་རྒྱུར“ངས་བལྟས་ན་ཕུ་བོ་ཁོ་ཚང་གིས་བསད་པ་ཁོ་ཐག་རེད། ཉིན་འགའི་སྔོན་ལ་ང་རང་ཁོ་ཚང་ལ་ཕྱིན་པ་ན། སྲུ་མོ་དང་ཕུ་བོ་གཉིས་ཀྱིས་སྒོར་མོ་རྩད་ནས་བཟའ་འཁོན་བྱེད་བཞིན་འདུགསྲུ་མོས་ཕུ་བོར་ཁྱོད་ལག་སྟོང་མཆན་ལ་བཙིར་ནས་ཡོང་མཁན་ཞིག་ལ་ཞིང་རིན་གྱི་སྒོར་མོའི་དབང་ཆ་ཞིག་གང་ན་ཡོད། གལ་ཏེ་འདུག་མི་འདོད་ན་སོང་དང་ཆོག་ཅེས་ངོ་འཚང་འདྲུ་བཞིན་འདུག ཡང་གཅིག་བཤད་ན་འདྲེ་མོ་དེས་བསམ་གཟས་ནས་ཕུ་བོ་སྙིང་འཕར་དུ་བཅུག་སྟེ་ཤི་རུ་བཅུག་པ་ཡིན་ཡང་སྲིད་”ཟེར།
“ཁྱོད་ཀྱིས་ངོ་མ་མཐོང་བྱུང་ངམ།”
“མཐོང་བྱུང་། ཉིན་དེར་སྲུ་མོས་ཁོང་ཁྲོ་ཡོད་ཚད་ཕུ་བོའི་སྟེང་དུ་འཕྱོ་བཞིན་རྣར་གཟན་པའི་ཚིག་རྩུབ་སྨྲ་ཞོར་ལ་ལག་ཏུ་དབྱུག་པ་ཞིག་ཐོགས་པ་དེས་ཕུ་བོར་གཞུ་རྐྱང་བྱེད། ངས་ལམ་སེང་ཁོ་གཉིས་ཀྱི་བར་བཤོལ་ནས་རང་རང་སར་བསྡད་དུ་བཅུག་རྗེས། ཕུ་བོས་ང་ལ་ཁྱོད་ཀྱིས་ལྟོས་དང་། ད་ངོ་མ་འཚོ་བ་སྐྱེལ་ཐབས་མི་འདུག ང་རང་ཁྱིམ་ཚང་འདིར་ཡོང་བ་ནས་བཟུང་དཀའ་ལས་མ་བརྒྱབ་པའི་བསམ་པ་མེད། ཡིན་ཡང་ཁྱོད་ཀྱི་སྲུ་མོས་ང་ལ་བསམ་ཤེས་བྱེད་རྒྱུ་ཕར་བཞག ད་སྐབས་སྒོར་རྡོག་འགའ་ཡོད་དུས་ལས་རྒྱུ་འབྲས་རྡོག་རྫིས་སུ་བཏང་སྟེ་ང་རང་ཁྱིམ་ནས་ཕུད་རྩིས་བྱེད་གིན་འདུག རྒྱུ་དག་མེད་པའི་མི་དེ་ཞེས་འུ་ཐུག་པའི་རྣམ་འགྱུར་བསྟན་བྱུང་། ངས་ཕུ་བོ་རང་ཁྱིམ་ལ་ལོག་འགྲོ། འདིར་མིའི་བརྙས་བཅོས་གཟེད་དགོས་མ་རེད་ཅེས་ཁྱིམ་ལ་ཁྲིད་རྩིས་བྱེད་དུས། ཕུ་བོས་ང་ཕྱིན་ན་འདྲེ་མོ་དེའི་འདོད་ཐོག་ཏུ་རྟ་རྒྱུག་པ་རེད། ང་འདུག་རྒྱུ་ཡིན་ལ་ཁྱིམ་ཚང་འདི་ནས་རང་ལ་ཐོབ་འོས་པའི་སྐལ་དེ་མ་རག་བར་དུ་ཁོ་ཚོས་ང་སྒོ་ཕྱིར་དྲུད་རུང་ཨུ་ཚུགས་བརྒྱབ་ནས་འདུག་ཁོ་ཐག་ཡིན་ཞེས་བཤད་དེ་ཡོང་རྩིས་མི་བྱེད། མ་གཞི་ནས་ཞིང་རིན་གྱི་སྒོར་དག་ལག་ཏུ་བབས་པ་ནས་བཟུང་སྲུ་མོ་ནི་སྔོན་ཆད་ཀྱི་མི་དེ་རེད་ཟེར་ན་རྣར་མི་འགྲོ་བ་ཞིག་ཏུ་འགྱུར་འདུག ཁོ་མོས་ཕུ་བོའི་ཁ་ངོར་བལྟས་ནས་རྒྱུ་མེད་མི་མེད་ཀྱི་གཉོམ་ཆུང་འུ་ཚང་ལ་སྐར་མ་གང་གི་རོགས་བྱེད་རྒྱུར་ཕར་བཞག ད་དུང་ཨ་མ་དང་ངེད་གཉིས་མིག་ནང་ལ་མི་འཇོག་པར་མཐོང་ཆུང་བྱེད། ད་ནི་སྒོར་མོ་ཚང་མ་རང་གཅིག་པུས་ལོངས་སྤྱོད་བྱེད་འདོད་སྐྱེས་ནས་ཕུ་བོ་མིག་ནང་གི་ཚེར་མར་བརྩིས་ཏེ་བསད་པ་རེད། འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་དེ། དགྲ་ཤ་དེ་ལེན་མ་ཐུབ་ན་ང་ལྷ་མོ་མགོ་མཇུག་ཐུར་དུ་འགྲོ་རྒྱུ་ཡིན། ”ཞེས་ཕྱི་མཛེས་ནང་སྟོང་ཅན་གྱི་ལྷ་མོས་དོན་དངོས་དང་འགལ་བའི་སྐད་ཆ་གང་མང་ཞིག་ལ་སྒྲོ་འདོགས་ལུང་པ་གང་བྱས་ནས་བཤད་བྱུང་།
“གྱོད་གཏུག་བྱས་ནས་རྒྱལ་ས་པེ་ཅིན་ལ་འགྲོ་དགོས་རུང་ང་ཚོས་འདྲེ་མོ་དེ་རང་དགར་མི་བསྐྱུར་ཁོ་ཐག་ཡིན་ལ། ཞིང་རིན་ནས་འབྲུག་བྱམས་ཀྱི་སྐལ་དེ་ལེན་མ་ཐུབ་ན་ང་ཚེ་རིང་ཨ་མའི་བུ་མིན་པའི་རྟགས། ངས་ལམ་སེང་གྱོད་འབུལ་རྒྱུ་ཆ་བྲི་ཆོག སྔོན་ལ་འདྲེ་མོ་དེ་མངགས་གཏོང་ཁང་དུ་སྤྲད་རྗེས་ག་ལེར་གྱོད་གཞི་དེ་ཞུ་གཏུག་བྱེད་ཆོག ”ལྷ་མོའི་སྐད་ཆར་མཉན་རྗེས་མིང་པོ་ཚེ་རིང་གིས་ཁོ་ཚོའི་དམིགས་ཡུལ་དེ་དམར་རྗེན་དུ་བཤད་བྱུང་།
“ཁྱོད་ཀྱིས་ལམ་སེང་ཕྲིས་དང་དེ་རིང་ཕྱི་དྲོ་ང་ཚོ་ཉེན་རྟོག་པ་བཙལ་དུ་འགྲོ།”ཨ་ནེ་ཀླུ་མོས་སྐད་ཆ་དེ་ཐོས་པ་དང་གློ་བུར་དུ་ངུ་མཚམས་བཞག་ནས་བཤད།
ཇ་ཡུན་ཙམ་ལ་མིང་པོ་ཚེ་རིང་གིས་བོད་ཡིག་གི་ལམ་ནས་ཤོག་ལྷེབ་ལྔ་ཙམ་ཡོད་པའི་རྒྱུ་ཆ་ཞིག་བྲིས་འདུག་ཅིང་། ཁ་བྱང་ལ་“སྤྱི་བདེ་ལས་ཁུངས་ཀྱིས་རང་གི་ཁྱོ་ག་གསོད་མཁན་གྱི་ལག་དམར་མཚོ་མོ་ལ་ཉེས་ཆད་ནན་མོ་བཅད་ནས་སྤྱི་ཚོགས་བདེ་འཇགས་སུ་བཀོད་དེ་དམངས་སེམས་བདེ་ལ་འབབ་ཏུ་འཇུག་དགོས”་ཞེས་བཀོད་ཅིང་རྒྱུ་ཆའི་ནང་མཚོ་མོས་རང་གི་ཁྱོ་ག་གཅར་རྡུང་བྱས་པར་མ་ཟད་མཇུག་མཐར་དུག་བླུད་ནས་བསད་པ་སོགས་ཁུངས་ལུངས་མེད་པའི་གནས་ཚུལ་གང་མང་ཞིག་རང་སྣང་གང་ཤར་དུ་བྲིས་འདུག་ལ། གལ་ཏེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་མ་བྱས་ན་ཁོ་ཚོ་རྒྱལ་ས་པེ་ཅིན་དུ་གོང་གཏུག་བྱེད་དུ་འགྲོ་རྒྱུ་ཡིན་པ་ཡང་བྲིས་འདུག
ཉིན་དེའི་ཕྱི་དྲོར་ཨ་ནེ་ཀླུ་མོ་མིང་སྲིང་གཉིས་ཀྱིས་གྱོད་འབུལ་རྒྱུ་ཆ་མངག་གཏོང་ཁང་དུ་སྤྲད། དེ་ནི་ཚབས་ཆེ་བའི་མི་གསོད་ཀྱི་གྱོད་གཞི་ཞིག་ཡིན་པས་མངགས་གཏོང་ཁང་གི་སོའོ་ཀྲང་མགོན་པོས་ཉེན་རྟོག་པ་འགའ་ཁྲིད་ནས་མྱུར་དུ་སོག་རུ་གྲོང་ཚོའི་ཨ་ཁུ་འབུམ་པ་ཚང་ལ་གྱོད་གཞི་འདི་བརྟག་དཔྱད་བྱེད་དུ་སོང་།
ཁོ་ཚོ་ཨ་ཁུ་འབུམ་པ་ཚང་ལ་བསླེབས་དུས། མི་ཚང་མ་ནི་རང་རང་ས་ན་ལས་ལ་བྲེལ་གྱིན་འདུག་སྟེ། མ་སྲུ་རྣམས་ཀྱིས་ཚལ་བཀྲུ་བ་དང་གཏུབ་པ། ད་དུང་ཤ་མོག་བཏུམ་པ་སོགས་ལ་བྲེལ་ཞིང་། སྐྱེས་པ་རྣམས་ཀྱིས་མཆོད་མར་བཞུ་བ་དང་མཆོད་མེ་ལྡུག་པ་སོགས་བྱེད། ད་དུང་མི་སྐོར་ཞིག་གིས་ལྷས་དཀྱིལ་ན་སླ་ང་ཆེན་པོ་གཉིས་བཙུགས་ཡོད་པ་དེའི་ཐབ་མགོ་ན་ལྕགས་ཀྱི་ཐོམ་བུ་ཆེན་པོ་རེ་ལག་ཏུ་བཟུང་ནས་འབྲས་ཐུག་དཀྲུགས་བཞིན་འདུག མི་རྣམས་ཀྱིས་ཉེན་རྟོག་པ་ཁ་ཤས་ཤིག་སྒོ་ཆེན་ནས་འཛུལ་ཡོང་བ་མཐོང་མ་ཐག་ལས་མཚམས་བཞག་ནས་ཁོ་ཚོའི་མཐའ་རུ་རུབ་བྱུང་།
སོའོ་ཀྲང་མགོན་པོས་“མཚོ་མོ་སུ་ཡིན། ངས་ཁོ་མོ་བཙལ་ནས་གནས་ཚུལ་ཞིག་རྒྱུས་ལོན་བྱེད་དགོས། གཞན་པ་ཚང་མས་རང་རང་ལག་གི་ལས་ཀ་ལས་དང་ཆོག”ཞེས་དལ་བ་དལ་བུར་དཔོན་ཚུགས་ཞིག་བཏོན་ནས་འགྱིང་ཉམས་དང་བཅས་བཤད།
“ཁོ་མོས་ནང་ན་མ་ཎི་འཁོར་ལོ་སྐོར་གྱིན་འདུག ང་སོང་ནས་འབོད་ཆོག སྔོན་ལ་ཁྱེད་འགོ་ཁྲིད་རྣམ་པ་མར་བསྡད་ནས་ཇ་ཞིག་ཐུངས་དང་”གདོང་ལ་འཛུམ་གྱིས་ཕྱུག་པའིསྐྱེས་པ་ཞིག་གིས་འགྲུལ་བ་སྣེ་ལེན་གྱི་ཚུལ་དུ་བརྗོད།
“མངགས་གཏོང་ཁང་གི་མི་སུ་སླེབས་བྱུང་། ”སོག་རུ་གྲོང་ཚོའི་ཧྲུའུ་ཅི་རྒན་པ་རྡོ་རྗེ་ཚབ་བེ་ཚུབ་བེ་ངང་བརྒྱུགས་ནས་སླེབས་བྱུང་ལ། ཁོའི་རྗེས་སུ་སྐྲ་ལོ་འཛིངས་ཤིང་དམར་ནག་གི་གདོང་ལ་གཉེར་རིས་བབས་པའི་བུད་མེད་ཅིག་འབྲངས་ཡོད་པ་དེ་ནི་མཚོ་མོ་རེད།
“འོ། སོའོ་ཀྲང་མགོན་པོ་ཡིན་ནམ། ཁྱོད་ནང་དུ་སོང་ནས་ཇ་མི་འཐུང་བར་འདིར་ལངས་བསྡད་ནས་ཅི་བྱེད། དོན་དག་གལ་ཆེན་ཅི་ཞིག་ཡིན་རུང་ཇ་འཐུང་ཞོར་ལ་བཤད་ཆོག འགྲོ ”ཞེས་ཧྲུའུ་ཅི་རྡོ་རྗེས་ཉེན་རྟོག་པ་གསུམ་པོ་ནང་དུ་ཁྲིད་རྩིས་བྱས་ཀྱང་ཁོ་ཚོས་མི་དགོས་ཞེས་མགོ་བོ་ཐད་དུ་གཡུག་པ་ལས་གནས་དེ་ནས་འགུལ་ཙམ་ཡང་མི་བྱེད།
སོའོ་ཀྲང་མགོན་པོས་གློ་ལུ་ཞིག་བྱས་རྗེས་“ངས་མཚོ་མོ་བཙལ་ནས་དོན་དག་ཞིག་རྒྱུས་ལོན་བྱེད་དགོས་པ་མ་གཏོགས་ང་ཚོ་ཡང་གཤིན་ཆོས་བྱེད་ས་འདི་རུ་ཡོང་འདོད་མེད”ཟེར།
“འོ། ད་ངས་ཤེས་སོང་། ཐེ་བུ་གྲོང་ཚོའི་ཨ་ནེ་ཀླུ་མོ་ཚང་གིས་མཚོ་མོ་གྱོད་གཏུག་བྱས་པ་ཨེ་རེད། ངས་ཁ་སང་འདིར་ཤོར་ཡོང་བའི་ཀླུ་མོའི་གདོང་གི་ཞེ་སྡང་དང་བཤད་པའི་སྐད་ཆ་དག་ལ་ཉན་པ་ཙམ་གྱིས་ཤེས་ཐུབ”ཧྲུའུ་ཅི་རྒན་པ་རྡོ་རྗེས་མདུན་གྱི་མཚོ་མོར་མཛུ་གུ་བཙུགས་ཞོར་དུ་དྲིས།
“ཧྲུའུ་ཅི་རྡོ་རྗེ་ཁྱོད་ཀྱིས་ཅི་ཡང་མ་འདྲི་བར་རང་གི་འགན་འཁྲི་དེ་ཁྱེར་ནས་ང་ཚོའི་ལས་ཀར་གཞོགས་འདེགས་བྱེད་རོགས། མཚོ་མོ་ང་ཚོ་དང་མཉམ་དུ་མངགས་གཏོང་ཁང་དུ་ཐེངས་གཅིག་འགྲོ་དགོས”ཞེས་ཁོ་ཚོས་མཚོ་མོ་ཁྲིད་ནས་རླངས་འཁོར་དུ་བསྡད་རྗེས་རྡུལ་འཚུབ་བེར་ཕྱིན་སོང་།
རླངས་འཁོར་སོང་ཤུལ་གྱི་ཉེན་དུང་གི་སྒྲ་དེས་ཨ་ཁུ་འབུམ་པ་ཚང་ན་ཡོད་པའི་མི་རྣམས་ཀྱི་སེམས་པ་ཟང་ཟིང་ལང་ལོང་དུ་བཏང་།
ཉེན་རྟོག་པའི་རླངས་འཁོར་ལས་མར་འབབ་དུས་མཚོ་མོའི་གདོང་མདོག་སྐྱ་བོར་གྱུར་འདུག ཁོ་མོ་ཉེན་རྟོག་པ་གཉིས་ཀྱི་རྗེས་སུ་འབྲངས་ཏེ་མངགས་གཏོང་གི་གཞུང་ལས་ཁང་ཞིག་ཏུ་ཕྱིན་པ་ན། ཉེན་རྟོག་པ་གཞན་གཉིས་ཀྱིས་འདྲི་རྩད་ཟིན་ཐོ་འགོད་རྒྱུར་གྲ་སྒྲིག་བྱེད་ཀྱིན་འདུག མཚོ་མོ་རྐུབ་སྟེགས་ཤིག་ཏུ་བསྡད་རྗེས། མིག་ཤེལ་བསྐྱོན་པའི་ཉེན་རྟོག་པ་ཞིག་གིས་“ཁྱོད་ཀྱི་མིང་དང་ལོ། རིག་གནས་ཆུ་ཚད། སྡོད་གནས་སོགས་རེ་རེ་བཞིན་ཤོད་དང་”ཞེས་འདྲི་རྩད་ཀྱི་འགོ་བརྩམས།
མཚོ་མོས་ཁ་ཤ་ལྷབ་ལྷུབ་ཏུ་འདར་བཞིན་“ངའི་མིང་ལ་མཚོ་མོ་ཟེར། ད་ལོ་ལོ་༤༥ཡིན། སློབ་གྲྭར་འགྲོ་མྱོང་མེད་པས་ཡིག་རྨོངས་པ་ཡིན། སྡོད་གནས་ནི་སོག་རུ་གྲོང་ཚོ་ཡིན་”ཞེས་ལན་བཏབ།
ལག་ཏུ་སྨྱུ་གུ་ཐོགས་པའི་ཉེན་རྟོག་པ་ཞིག་གིས་མཚོ་མོའི་སྐད་ཆ་རྣམས་ཟིན་ཐོར་འགོད་བཞིན་འདུག
ཡང་མིག་ཤེལ་བསྐྱོན་པའི་ཉེན་རྟོག་པ་དེས་“འབྲུག་བྱམས་ནི་ཇི་ལྟར་ཤི་བའི་གོ་རིམ་ཆ་ཚང་མ་གསང་མ་སྦས་པར་དྲང་མོར་ཤོད”ཅེས་བཤད་པ་ན།
མཚོ་མོས་མཆི་མ་འདོན་བཞིན་གདུང་བའི་ཤུགས་ཀྱིས་དེད་པའི་གཏམ་གྱི་སྒོ་མོ་ལྷུག་པོར་ཕྱེ་བྱུང་།
“ངའི་ཁྱོ་ག་འབྲུག་བྱམས་ནི་ཐེ་བུ་གྲོང་ཚོའི་མི་ཡིན་ཞིང་།
ང་རང་ལོ་ཉི་ཤུའི་སྟེང་ངེད་ཚང་ལ་མག་པར་ཡོང་། ད་བར་དུ་ངེད་གཉིས་བཟའ་སྒྲིག་བྱས་ནས་ལོ་ཉེར་ལྔ་འགོར། སྔོན་ཆད་ངེད་གཉིས་ནི་ངོ་མ་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་བའི་བཟའ་ཚང་འདང་ཅན་གཉིས་ཡིན་མོད། ཁ་དཔེར་ལམ་བཟང་བོ་འདམ་གྱིས་བརླག་དང་མི་བཟང་བོ་དངུལ་གྱིས་བརླགས་ཟེར་བ་དེ་ཅི་མ་བདེན། ན་ནིང་རྒྱལ་ཁབ་ཀྱིས་ངེད་ཚང་ལ་ས་ཞིང་གི་གསབ་དངུལ་སྒོར་ཁྲི་བརྒྱ་ལྷག་ཙམ་སྤྲད་པ་ནས་བཟུང་ཁོ་ནི་བལྟས་བལྟས་རིག་རིག་ལ་མི་ངན་ཞིག་ཏུ་གྱུར་སོང་། འབྲུག་བྱམས་ཀྱིས་སྒོར་མོ་ཡོད་ཚད་བདག་བཟུང་བྱས་རྗེས་ཉིན་རྒྱུན་རྫོང་ཐོག་ཏུ་སོང་ནས་ཆང་ཁང་དང་ཤོ་ཁང་སོགས་སུ་འཁྱམས་ཏེ། སྒོར་མོ་གང་འདོད་དུ་གཏོར་ནས་མཚན་མོའི་ནམ་གུང་མ་ལོན་པར་ཁྱིམ་དུ་མི་འོངས་ལ། དེ་ལྟར་ལོ་གཅིག་ལས་མ་འགོར་བར་ཞིང་རིན་གྱི་སྒོར་མོ་རྣམས་ཆང་དང་ཤོ་རུ་འཐིམས་ནས་ཁྱིམ་ཚང་ལ་གོ་ཅི་ཡང་མ་ཆོད་པར་ཚར་སོང་། ཁོ་ཆང་གིས་བཟི་ཐེངས་རེར་སྨྱོན་པ་ཞིག་དང་འདྲ་ལ། དབྱུག་པ་བཟུང་ནས་ང་ལ་གཅར་རྡུང་བྱས་ཏེ་ཨ་ཕ་དང་བྱིས་པའི་སེམས་སུ་སྡུག་མང་པོ་བཞག་སོང་། ནམ་རྒྱུན་ཨ་ཕ་དང་ངེད་གཉིས་ཀྱིས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་སློབ་གསོ་གཏོང་དུས། ཁོས་རྔམ་རྔམ་རྫིག་རྫིག་ངང་སྒོར་མོའི་ཕྱོགས་ནས་ཁྱོད་ཕ་བུ་གཉིས་ལ་སྐད་ཆ་བཤད་པའི་དབང་ཆ་མེད་ཅེས་ཁ་ལ་ཉན་རྒྱུ་ཕར་བཞག ད་དུང་ཚུར་གཤེ་གཤེ་རྫོགས་རྒྱུ་མེད་པ་ཞིག་བཏང་བས་ངེད་གཉིས་ཀྱང་ཡིད་ཆད་སོང་། དེ་ལྟར་འབྲུག་བྱམས་ཀྱིས་རང་གིས་སྐྱིད་པོ་བྱེད་པ་ལས་ཁྱིམ་ཚང་གི་དོན་དག་གཅིག་ལའང་ཁ་ཡ་མི་བྱེད་པས། ལག་ན་དངུལ་སྐར་གང་ཡང་མེད་པའི་ང་རང་ཞོར་ལས་སུ་མི་འགྲོ་ཀ་མེད་བྱུང་། དེ་ཡང་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ཏེ། ང་ཚོའི་གྲོང་ཚོའི་དྲུག་པའི་ཀླུ་རོལ་གྱི་དུས་སྟོན་མཇུག་རྫོགས་རྗེས་ཀྱི་ཉིན་དང་པོའི་ཞོགས་པའི་ཆུ་ཚོད་དགུ་ཡས་མས་སུ་ངས་ནམ་རྒྱུན་ལྟར་བྲོ་ཁ་ཉུང་ཙམ་ཁྱེར་ནས་ཞོར་ལས་སུ་ཕྱིན་པ་ཡིན། ཞོར་ལས་ཚར་ནས་ཁྱིམ་དུ་ལོག་དུས་མཚན་མོའི་ཆུ་ཚོད་བརྒྱད་པར་ཟིན་འདུག་ཀྱང་འབྲུག་བྱམས་ད་དུང་ཁྱིམ་ལ་ལོག་མི་འདུག ཕལ་ཆེར་ཆུ་ཚོད་བཅུ་གཉིས་ཡས་མས་སུ་ཁོས་སྒོ་ལ་རྡོག་ཐོས་གཞུས་ཏེ་སླེབས་བྱུང་། ཆང་འཐུང་བ་མང་དྲག་པ་འདྲ་སྟེ་ར་བཟི་ནས་གོམ་པ་འཁྱར་འཁྱོར་ངང་ནང་དུ་སླེབས་མ་ཐག་ས་ལ་འགྱེལ་སོང་བས་ངས་ཁོ་སྐྱོར་ཏེ་མལ་སར་ཉལ་དུ་བཅུག་པ་ཡིན། ཕལ་ཆེར་ནམ་གུང་དུས་ཚོད་གསུམ་པ་ཙམ་ལ་ཁོ་མལ་སའི་ནང་ཙོག་སྟེ་བྲང་ཁར་ཟུག་གཟེར་ལངས་ཀྱིན་འདུག་ཅེས་མ་ཁར་སོ་འདེབས་བཞིན་གློག་བཀར་བྱུང་། ང་རང་གཉིད་མ་སད་ངང་ལམ་སེང་ཡར་ལངས་ནས་སྨན་བཙལ་ཏེ་ཁོར་འཐུང་དུ་བཅུག་པ་ཡིན།སྨན་བཏུང་རྗེས་ན་ཟུག་ཡང་རིམ་གྱིས་ཇེ་ཆུང་དུ་སོང་བ་འདྲ་སྟེ་ཁོས་སྔུར་བ་ཡང་མོ་ཞིག་འཐེན་བཞིན་གཉིད་སོང་། ཕལ་ཆེར་ཞོགས་པའི་ཆུ་ཚོད་བདུན་པ་ཡས་མས་སུ་ཁོས་སླར་ཡང་ན་ཟུག་མ་བཟོད་པར་མལ་སའི་ནང་ནས་འགྲེ་ལྡོག་རྒྱག་བཞིན་འདུག བལྟས་ཚོད་དུ་ན་ཟུག་བཟོད་གླགས་མེད་པ་ཞིག་ལངས་བྱུང་བ་འདྲ། སྐབས་དེར་ང་ཡང་སྔངས་འཚབས་སྐྱེས་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར། ངའི་ངུ་སྐད་གོ་བ་དང་ཨ་ཕ་སླེབས་བྱུང་། ཨ་ཕ་དང་ངེད་གཉིས་ཀྱིས་ཁོ་ཡར་བསྐྱོར་ནས་ཙོག་ཏུ་བཅུག་པ་ཡིན་མོད། སྐར་མ་འགའ་ཡང་མ་འགོར་བར་ཁོ་རང་དྲན་པ་འཐོར་སོང་། ཨ་ཕས་ལམ་སེང་ཁ་པར་བརྒྱབ་ནས་མི་འགའ་བོས། ངས་ཁོ་བསྒུལ་ནས་ངུ་བཞིན་པའི་སྐབས་དེར་ཁྱིམ་མཚེས་ཚང་གི་ཧྲུའུ་ཅི་རྒན་པ་རྡོ་རྗེ་ཡོང་ནས་ང་ལ་འབྲུག་བྱམས་ལ་ཅི་བྱུང་སོང་ཞེས་དྲིས་བྱུང་ཡང་ངའི་མིད་པ་ནི་གཡེར་མས་བརྣངས་བ་བཞིན་ཁ་ནས་ཚིག་གཅིག་ཀྱང་ཐོན་མ་ཐུབ། སྐབས་དེར་ཧྲུའུ་ཅི་རྒན་པ་རྡོ་རྗེས་གནས་ཚུལ་མི་ལེགས་པ་ཤེས་ནས་མྱུར་དུ་ཚ་ཐབ་སྟེང་འགོས་ཏེ་འབྲུག་བྱམས་ཡར་སྐྱོར་དང་། ངས་ཁུར་ནས་མྱུར་དུ་སྨན་ཁང་ལ་འགྲོ་ཟེར་དུས་ཏག་ཏག་ཨ་ཕས་བོས་པའི་མི་རྣམས་སླེབས་བྱུང་། དེ་ལྟར་ང་ཚོས་དུས་ཚོད་སྐར་མ་གང་ཡང་དལ་འགོར་མ་བྱས་པར་འབྲུག་བྱམས་རླངས་འཁོར་དུ་བཞག་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ཕྱིན་དུས་སྨན་པ་དགྲ་འདུལ་གྱིས་སྐྱོབ་ཐབས་མི་འདུག་ཟེར་བས་སླར་ཡང་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་བ་ཡིན། མྱུར་སྐྱོབ་ལྟེ་གནས་སུ་བསྐྱལ་ནས་ཅང་མ་འགོར་བར་སྨན་པ་སྒོར་ཡོང་ནས་སྙིང་གི་ལྡིང་མཚམས་སྔ་མོ་ནས་བཞག་འདུག སྐྱོབ་ཐུབ་མ་སོང་། ད་སེམས་སྡུག་མ་བྱེད་ཟེར། དེ་ནས་ང་ཚོས་བེམ་པོ་ཁྱེར་ནས་ཁྱིམ་ལ་ལོག་པ་ཡིན། ཝུའུ་་་་་་་ཝུའུ་་་་་་་ ཁོས་ནམ་རྒྱུན་ང་ལ་གཅར་རྡུང་ག་ཚད་བྱས་རུང་ངས་འཁོན་སེམས་ཞིག་གཏན་ནས་བཅངས་མེད། ཇི་ལྟར་བཤད་ཀྱང་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡོང་བའི་ཚེ་གཅིག་གི་སྐྱ་ཡ་ཡིན་པས་ངས་ཁོ་ལ་ངན་སེམས་ཞིག་བཅངས་མི་སྲིད། ཁོ་འདི་ལྟར་གློ་བུར་དུ་མེད་འགྲོ་དུས་ང་ལ་མཚོན་ནས་བཤད་ན་ཆག་སྒོ་གནམ་ནས་ལྷུང་བ་མ་ཡིན་ནམ། ཁོ་ཚང་གིས་ང་རང་སྤྱི་བདེ་ཅུས་ལ་གཏུག་པ་ངས་ཀྱང་ཤེས་ཡོད། དེར་ངས་བསམ་ཤེས་བྱེད་ཐུབ། འཇིག་རྟེན་གྱི་ཨ་མ་སུ་ཞིག་ཡིན་རུང་རང་གི་བུ་ཕྲུག་གློ་བུར་མེད་སོང་བའི་གཏམ་ངན་དེ་གོ་དུས་སྙིང་མི་ན་བ་ཞིག་སུ་ཡོད། ཡིན་ནའང་ཁོ་ཚང་གིས་འདི་ལྟར་ང་མི་དཀར་དཀར་ཞིག་ལ་ཞྭ་ནག་པོ་ཞིག་གཡོགས་དགོས་དོན་ཅི་ཡིན་ནམ། བཟང་ན་ངན་ན་ང་ཡང་མོའི་མནའ་མ་དང་ཚ་བོ་གཉིས་ཀྱི་ཨ་མ་རེད། སྐར་མ་མ་ཕུད་གོང་ནས་ང་རང་གྱོད་གཏུག་བྱས་ཏེ་དོན་ངོ་མ་ཅི་ཞིག་བྱེད་འདོད་པ་ཡིན་ནམ། བྱིས་པ་གཉིས་ཀར་ཡང་འདང་ཞིག་མི་རྒྱག་པའི་བྱེད་ཚུལ་འདི་ཇི་འདྲའི་བཙོག་ཨང་། ” བཤད་ཚར་དུས་མཚོ་མོས་སྡུག་བསྔལ་མ་བཟོད་པར་ངུ་སྔངས་བྱས་བྱུང་།
“ང་ཚོ་ཡང་ཁྱོད་ལ་གདུང་སེམས་སྐྱེས། ཡིན་ཡང་དོན་ངོ་མར་ཁྱོ་གའི་འདས་རྐྱེན་དེ་ཁྱོད་དང་འབྲེལ་བ་ཡོད་དམ།”
“མེད། ཁོ་ལ་ལོ་ལྔའི་སྔོན་ནས་བཟུང་སྙིང་ན་བའི་ནད་ཅིག་བྱུང་སོང་། རྒྱུན་དུ་ན་ཟུག་འཇོམས་བྱེད་ཀྱི་སྨན་ཞིག་འཐུང་མ་ཐག་ན་ཟུག་བབས་འགྲོ་བ་ཡིན་མོད། མཚན་མོ་དེར་ན་ཟུག་བབས་རུང་ཞོགས་པར་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་སོང་། ངས་ཀྱང་ཡང་སྙིང་ཅི་ཞིག་གིས་ཁོའི་སྲོག་འཕྲོག་པ་ཡིན་ནམ་སྙམ་ནས་དོགས་པ་སྐྱེས་བཞིན་ཡོད།”
“སྙིང་ན་བའི་ནད་དེ་སྨན་ཁང་དུ་བསྟེན་ཨེ་མྱོང་།”
“མ་མྱོང་། ངས་ཁོར་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་ཞེས་ཐེངས་མང་པོར་བཤད་ཀྱང་ཁོས་སྣང་མེད་དུ་བཞག་ནས་ཕྱིན་མ་སོང་།”
“ཁྱིམ་རྒྱུད་ལ་སྙིང་ནད་བྱུང་ནས་ཤི་བའི་མི་ཡོད་དམ།”
“དེ་འདྲ་ཡོད་པ་གོ་མ་མྱོང་།”
“ཁྱོ་གའི་བེམ་པོ་ད་དུང་ཁྱོད་ཚང་ན་ཡོད་དམ།”
“ཡོད། སྐར་མ་གནམ་གང་ཉིན་ཡིན་པས། བེམ་པོ་ད་དུང་སྦྱིན་སྲེག་བྱས་མེད།”
“ཁྱོད་ཀྱི་སྒྱུག་མོས་ཁྱོད་རང་ཁྱོ་ག་གསོད་པའི་ལག་དམར་རེད་ཅེས་གཏུག་བཤེར་བྱས་འདུག དེ་རིང་ཁྱོད་རང་འབོད་འགུག་བྱས་ནས་གནས་ཚུལ་རྒྱུས་ལོན་བྱེད་པ་ཙམ་ཡིན། ཁྱོད་ཕྱིར་རང་ཁྱིམ་དུ་ལོག་རྗེས་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་མེད་པར་གྲོང་ཚོ་དང་ཁ་བྲལ་མི་ཆོག ག་དུས་བོས་ཀྱང་ངེས་པར་དུ་དུས་ལྟར་ཐོན་དགོས། ཧ་གོ་སོང་ངམ། སྐར་མ་ད་དུང་ཕུད་མི་རུང་། ཁྲིམས་དཔྱད་སྨན་པས་བརྟག་དཔྱད་བྱས་རྗེས་ད་གཟོད་སྦྱིན་སྲེག་བྱེད་ཆོག”
མཚོ་མོས་འདྲི་རྩད་ཟིན་བྲིས་སྟེང་མིང་རྟགས་བཀོད་པ་དང་མཛུབ་ཐེལ་མནན་རྗེས་སྡུག་བསྔལ་གྱི་མཆི་མ་འདོན་བཞིན་ཁྱིམ་དུ་ལོག་སོང་།
དེའི་ཕྱི་ཉིན། སྨན་པའི་ལྭ་རིང་དཀར་པོ་གྱོན་པའི་ཁྲིམས་དཔྱད་སྨན་པ་ཞིག་ཨ་ཁུ་འབུམ་པ་ཚང་ལ་འོངས་ནས་འབྲུག་བྱམས་ཀྱི་བེམ་པོ་བརྟག་དཔྱད་བྱེད་པར་བརྩམས་དུས། ཨ་ནེ་ཀླུ་མོ་ནི་རྫུ་འཕྲུལ་ཡོད་པའི་མི་ཞིག་དང་འདྲ་བར་གློ་བུར་དུ་མི་རྣམས་ཀྱི་མིག་མདུན་དུ་མངོན་བྱུང་། ཁོ་མོས་ཕུ་ཐུང་བརྫི་ཞོར་རྒྱུག་འོངས་ཏེ། སྨན་པ་དེར་འགྲམ་ལྕག་ཅིག་གཞུས་རྗེས་“དེ་རིང་ངའི་བུ་ཡི་ཁོག་པ་གཤགས་འདོད་ན་སྔོན་ལ་རྒན་མོ་ང་སོད་ཅིག འདྲེ་མོ་དེས་གསོན་ཐོག་ནས་ངའི་བུ་ལ་མནར་གཅོད་བཏང་བར་མ་ཟད་ཤི་བའི་རྗེས་སུ་ཡང་བདེ་རུ་མི་འཇུག ཤི་བོའི་ཁོག་སྟོང་གི་ཁ་ཕྱེ་ནས་ཅི་ཞིག་བྱེད་འདོད་པ་ཡིན་ནམ། དེ་རིང་སུས་ངའི་བུའི་ལུས་ལ་ཁབ་གཙགས་ཅིག་བྱེད་རྒྱུ་ཡོད་དུས། ང་དེའི་ལག་ནས་འཆི་རྒྱུ་ཡིན”ཞེས་སྨན་པ་དེར་མགོ་རྡུང་གིས་བརྒྱབ་པས་སྨན་པ་ཡང་འུ་ཐུག་ནས་སོའོ་ཀྲང་ཚུར་བོས་ཏེ་སྐད་ཆ་ཤབ་ཤུབ་འགའ་བཤད་རྗེས་ལོག་སོང་།
“འདྲེ་མོ་ཁྱོད་གདུག་རྩུབ་ཆེ་བ་ལ། ངའི་བུ་གསོན་དུས་སྨན་ཁབ་ཅིག་ཀྱང་འཛེར་མ་མྱོང་བ་ཞིག་ལ་ཤི་དུས་ཁོག་པ་གཤག་རྒྱུ་ཟེར་བ་འདི་ཅི་རེད། ངོ་མ་བརྙས་བཅོས་བྱས་ནི་རེད་ཡ”ཞེས་ཨ་ནེ་ཀླུ་མོས་མི་མང་གི་དཀྱིལ་ནས་ཆོ་ངེ་འདེབས་འགོ་ཚུགས།
བེམ་པོ་བརྟག་དཔྱད་བྱེད་མ་ཐུབ་རུང་མངགས་གཏོང་ཁང་གི་ཉེན་རྟོག་པ་གསུམ་དང་ཉེས་དོན་རུ་ཁག་གི་ཉེན་རྟོག་པ་གཉིས་ཀྱིས་གྲུབ་པའི་གྱོད་སྒྲུབ་ཚོགས་ཆུང་གིས་ཉིན་མཚན་མེད་པར་འབྲེལ་ཡོད་ཀྱི་མི་མང་པོ་ཞིག་ལ་སྐད་ཆ་དྲིས་པ་དང་།གྱོད་གཞི་བྱུང་སའི་གནས་སུ་སོང་ནས་བརྟག་དཔྱད་བྱས་ཏེ་དཔང་རྟགས་བཙལ། དེའི་ནང་ནས་ཀྱང་དམིགས་སུ་ལྷ་མོ་བོས་ནས་འདྲི་རྩད་བྱས། ཡིད་ཕངས་པ་ཞིག་ལ་གཡོ་དང་སྒྱུ་ཡིས་ཁེངས་བའི་ཁོ་མོས་རང་ཉིད་ཀྱིས་མཐོང་བའི་དོན་དག་གི་བརྒྱུད་རིམ་དེ་ཡང་གསལ་བོ་ཞིག་བཤད་ཐུབ་མ་སོང་། ཁོ་མོས་སྔོན་རྗེས་ཐེངས་གཉིས་སུ་བཤད་པའི་སྐད་ཆ་ཡང་ཏག་ཏག་མི་འདུག་སྟེ། མཚམས་རེར་ཕུ་བོ་དང་སྲུ་མོ་གཉིས་ཀས་ཕན་ཚུན་གྱི་སྐྲ་ནས་བཟུང་སྟེ་འཛིང་རེས་བྱེད་པ་མཐོང་བྱུང་ཟེར་ལ། ལན་རེར་སྲུ་མོས་སོ་ཕག་བཟུང་ནས་ཕུ་བོའི་མགོ་ལ་བརྒྱབ་པ་མཐོང་བྱུང་ཟེར། ཡང་མཚམས་རེར་སྲུ་མོས་དབྱུག་པ་བཟུང་ནས་ཕུ་བོའི་མགོ་བོར་རྒྱག་པ་མཐོང་བྱུང་ཟེར་བས་ཁོ་མོའི་ཁ་ནས་བདེན་དཔང་བྱེད་ཐུབ་པའི་དཔང་རྟགས་ཅི་ཡང་མ་རྙེད།
ཉེན་རྟོག་པ་རྣམས་ཀྱིས་སོག་རུ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་དགྲ་འདུལ་དང་། འབྲུག་བྱམས་སྨན་ཁང་ནང་སྐྱེལ་མཁན་གྱི་མི་སོགས་རེ་རེ་བཞིན་བཙལ་ནས་འདྲི་རྩད་བྱས། འཕྲོད་བསྟེན་ཁང་གི་སྨན་པ་དགྲ་འདུལ་གྱིས་འབྲུག་བྱམས་སྨན་ཁང་དུ་ཁྲིད་འོངས་དུས་སྙིང་གི་ལྡིང་མཚམས་བཞག་འདུག་ཟེར་ལ། སྨན་ཁང་དུ་སྐྱེལ་མཁན་རྣམས་ཀྱིས་ཀྱང་སྐབས་དེར་ཕལ་ཆེར་དབུགས་ཀྱི་རྒྱུ་བ་ཆད་འདུག་ཟེར་བ་ལས་གཞན་ཅི་ཡང་མི་ཤེས་ཟེར།
ཉེན་རྟོག་པ་རྣམས་རྫོང་མི་དམངས་སྨན་ཁང་དུ་སོང་ནས་ཉིན་དེར་སྨན་བཅོས་བྱེད་མཁན་གྱི་སྨན་པར་སྐད་ཆ་འདྲི་དུས། ཁོས་ཀྱང་སྨན་བཅོས་ཀྱི་སྒྲིག་སྲོལ་ལྟར་མྱུར་སྐྱོབ་བྱས་པ་ལས་སྐར་ཆ་གང་ལའང་དལ་འགོར་བྱས་མེད་ཟེར། ཉེན་རྟོག་པས་སྨན་ཡིག་ཐོག་གི་ཨང་གྲངས་ལ་དག་བཅོས་བྱས་འདུག་པའི་རྒྱུ་མཚན་འདྲི་དུས། སྨན་པས་ཉིན་དེར་བྲེལ་བ་ཆེ་བས་སྔོན་ལ་མི་སྐྱོབ་པ་དང་འགྲོ་ལུགས་རྗེས་སུ་སྒྲུབ་དུས་བྲིས་ནོར་ཐེབས་པ་རེད་ཟེར། གང་ལྟར་ཉེན་རྟོག་པ་རྣམས་ཀྱིས་འདྲི་རྩད་བྱེད་དགོས་པའི་མི་ཐམས་ཅད་བཙལ་ནས་སྐད་ཆ་དྲིས་ཏེ་ཟིན་ཐོར་བཀོད་ཅིང་། གྱོད་གཞི་འདིའི་འགོ་ནས་མཇུག་བར་བརྟག་དཔྱད་གང་མང་བྱས་ཀྱང་མཚོ་མོར་ཉེས་པ་ཡོད་པའི་དཔང་རྟགས་ཅི་ཡང་མ་རྙེད། དེ་དག་ལས་ཀྱང་ཆེས་གལ་ཆེ་བའི་དོན་ཚན་ཞིག་སྟེ། ཁྲིམས་དཔྱད་སྨན་པས་བེམ་པོ་བརྟག་དཔྱད་བྱེད་མ་ཐུབ་པས་ཤི་རྐྱེན་གྱི་གསལ་འབྱེད་ཡི་གེ་འདོན་རྒྱུ་མེད་པར་བརྟེན་ཉེན་རྟོག་པ་རྣམས་ཀྱིས་གྱོད་གཞི་འདི་ཐོ་འགོད་བྱེད་མ་ཐུབ།
སྤྱི་བདེ་ལས་ཁུངས་ཀྱིས་དཔང་རྟགས་བཙལ་བར་བྲེལ་བའི་ཟླ་གཅིག་གི་རིང་ལ་ཨ་ནེ་ཀླུ་མོ་ཡང་བྲེལ་བ་ཧ་ཅང་ཆེ་སྟེ། ཁོ་མོ་ཉིན་ལྟར་མངགས་གཏོང་ཁང་དུ་ཡོང་ནས་ཉེན་རྟོག་པ་རིག་རིག་ཐམས་ཅད་ལ་འཇུས་ཏེ། ངུ་ཞོར་དུ་ཞུ་བ་འཐེན་ནས་མི་གསོད་ལག་དམར་མཚོ་མོ་མྱུར་དུ་འཛིན་བཟུང་བྱེད་དགོས་པའི་སྐོར་གྱི་སྐད་ཆ་ལུང་པ་གང་བཤད་ནས་མཚམས་མི་འཇོག་པས། ག་ལེར་ཉེན་རྟོག་པ་རྣམས་ཡང་ཁོ་མོ་མཐོང་ན་གཡོལ་ནས་མི་འགྲོ་ཀ་མེད་བྱུང་། མཚམས་རེར་སྟབས་མ་ལེགས་པར་ཁོ་མོ་དང་གདོང་ཐུག་བརྒྱབ་དུས། ཉེན་རྟོག་པས་ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པས་ས་ཟད་ན་རྡོ་ལྷང་ལ་འབུད་ངེས་ཡིན་ཞེས་སེམས་གསོ་རེ་བྱས་རྗེས་ཁྱིམ་དུ་ལོག་པར་སྐུལ།
རྒྱུ་ལ་རྔམ་པའི་ཨ་ནེ་ཀླུ་མོས་ད་ནི་མི་མེད་སོང་རུང་མཚོ་མོའི་ལག་ནས་འབྲུག་བྱམས་ཀྱི་སྐལ་དུ་བབས་པའི་སྒོར་མོ་ཁྲི་འགའ་དེ་ངེས་པར་དུ་ལོན་ཐུབ་བྱེད་དགོས་སྙམ་སྟེ། མཚན་མོ་གཉིད་ཉལ་དུས་མ་གཏོགས་དེའི་ཕྱོགས་སུ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་ཉི་མ་འཁྱོལ་ཐབས་བྱེད་ལ། གྲོང་ཚོའི་ལས་བྱེད་པ་དང་ཤ་ཉེ་རྣམས་ཀྱིས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་ཁ་ཏ་སློབ་གསོ་ཇི་ལྟར་བཏང་རུང་དེ་ནི་སྤྱང་ཀིའི་རྣ་བར་ཆོས་བཤད་བྱས་པ་བཞིན་ཁོ་མོའི་བློ་ཁ་ཅུང་ཙམ་ཡང་བསྒྱུར་མ་ཐུབ།
སྟོན་ལས་བྱས་ཚར་བ་དང་སྟོན་རླུང་གྲང་མོ་ཞིག་གཡུགས་བཞིན་འདུག ཨ་ནེ་ཀླུ་མོས་ད་ལོའི་སྟོན་ཁའི་འབྲུའི་ཡོང་འབབ་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་ལ། སྟོན་མཇུག་གི་ཞོ་ཁོག་བསློགས་ནས་བཙོང་རྒྱུ་དེ་ཡང་རྦད་དེ་བརྗེད་འདུག ཁོ་མོས་ལུས་སེམས་ཧྲིལ་བོ་རང་གི་བུ་གཞན་གྱིས་བསད་པ་དཀར་འདོན་བྱེད་དགོས་པའི་ཁ་གཡར་ནས་འདས་ཟིན་པའི་བུའི་སྐལ་དུ་བབས་པའི་ས་ཞིང་གི་གསབ་དངུལ་དེ་འཐོབ་ཆེད་དུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་འདུག
རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་དབང་གིས་གྱོད་སྒྲུབ་ཚོགས་ཆུང་གི་མི་ཚང་མ་བོས་ནས་འཚོགས་འདུ་ཞིག་བསྡུས་ཏེ་ཆེད་དུ་འབྲུག་བྱམས་ཀྱི་གྱོད་གཞི་དེ་གྲོས་བསྡུར་བྱས། གྱོད་སྒྲུབ་མི་སྣས་གྱོད་གཞི་དེ་སྙན་སེང་ཞུས་པ་མ་ཟད་འཚོལ་སྡུད་བྱས་པའི་དཔྱད་གཞི་རྣམས་རེ་རེ་བཞིན་བཏོན་ནས་འབྲུག་བྱམས་ནི་གློ་བུར་དུ་རྐྱེན་ལམ་དུ་སོང་བ་སྟེ། དེ་ནི་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་ཡིན་པས་ཉེས་དོན་གྱི་གྱོད་ཁོངས་སུ་མི་གཏོགས་པ་དང་མཚོ་མོར་ཉེས་འགན་བདའ་འདེད་བྱེད་མི་རུང་ཞེས་ཁོ་ཚོའི་བསམ་འཆར་བཏོན་པ་ན། ཚོགས་ཞུགས་མི་སྣ་ལ་ལས་དུ་བ་འཐེན་བཞིན་གྱོད་གཞི་འདི་ཐོ་འགོད་བྱེད་མིན་ལ་བསམ་བློ་གཏོང་བཞིན་འདུག་ལ། ལ་ལས་ཡིག་ཁུག་ནང་གི་འབྲེལ་ཡོད་རྒྱུ་ཆ་ཕར་སློག་ཚུར་སློག་བྱེད་པ་སོགས་ཚང་མས་རང་རང་ས་ན་གྱོད་གཞི་འདིར་དབྱེ་ཞིབ་བྱེད་བཞིན་འདུག སྤྱིར་མཚོ་མོ་ནི་ལས་ལ་བརྩོན་ཤིང་ཡ་རབས་གཞུང་དྲང་གི་བུད་མེད་གཉོམ་ཆུང་ཞིག་ཡིན་པས་ལག་ཆ་བཀོལ་ནས་རང་གི་ཁྱོ་བོ་གསོད་མི་སྲིད་ལ། ཁོ་གཉིས་འཛིང་རེས་བྱེད་དུས་ཀྱང་གསོད་མི་ཐུབ་པ་གཏན་ཁེལ་ཡིན་པས་མཚོ་མོས་འབྲུག་བྱམས་གྱི་མགོ་བོར་གཞུས་ནས་བསད་པའི་དོགས་པ་དེ་སེལ་ཆོག ཡང་གཅིག་བཤད་ན་འབྲུག་བྱམས་ཀྱི་ལུས་སུ་རྨ་ཁ་ཅི་ཡང་མེད་ཅིང་། གྲོང་པ་ཁྱིམ་མཚེས་ཀྱིས་ཀྱང་མཚོ་མོ་ནི་ཡ་རབས་ཤིག་ཡིན་པ་དང་འབྲུག་བྱམས་ཀྱི་སྤྱོད་པ་མི་ལེགས་པ་་རྐྱང་རྐྱང་བཤད་པས་ཁོ་མོར་ཉེས་པ་བསགས་འདོད་ཀྱི་ཀུན་སློང་ངན་པ་དེ་མི་འདུག གལ་ཏེ་སྒོར་མོའི་ཆེད་དུ་རེད་ཟེར་ཡང་ཁོ་མོར་འཚོ་བའི་འགྲོ་གྲོན་ཙམ་ལས་དངུལ་མང་པོ་ཞིག་གི་དགོས་མཁོ་མེད་པས་ཁོ་མོས་བསད་པ་ཡིན་མི་སྲིད། དུག་བླུད་ནས་བསད་པ་རེད་ཟེར་བའི་སྐད་ཆ་དེར་བདེན་དཔང་ཅི་ཡང་མེད་པ་མ་ཟད་བེམ་པོ་ཡང་བརྟག་དཔྱད་བྱེད་མ་ཐུབ་པས་གཟུགས་མེད་གྲིབ་བཟོ་བྱས་པ་རང་རེད། དེ་ལྟར་ཆུ་ཚོད་གཉིས་ལྷག་ལ་གྲོས་བསྡུར་བྱས་མཐར་ཚང་མས་གྱོད་སྒྲུབ་མི་སྣའི་དགོངས་པར་འཐད་པ་ཡིན་ཞེས་གྲོས་ཁ་གཅིག་ཏུ་བབས། ཡིན་ནའང་དུས་མཚུངས་སུ་ཚང་མས་སེམས་ཁུར་བྱེད་ས་ནི་ཨ་ནེ་ཀླུ་མོས་མཇུག་འབྲས་འདི་དང་ལེན་མི་བྱེད་པར་རྙོག་དྲ་བཟོས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བ་དེ་རེད།
ཅུས་ཀྲང་གཞོན་པ་ཚེ་དབང་གིས“ང་ཚོས་འགྲོ་ལུགས་ལྟར་བསྒྲུབ་དགོས་པས་སྔོན་ལ་ཐག་གཅོད་མཇུག་འབྲས་དོགས་ཡོད་ཉེས་ཅན་པ་དང་གནོད་འཚེ་ཕོག་མཁན་གཉིས་ལ་གསལ་བསྒྲགས་བྱོས”་ཟེར།
ཚོགས་འདུ་གྲོལ་རྗེས་ཉེན་རྟོག་པ་ཞིག་གིས་ཐག་གཅོད་མཇུག་འབྲས་སྒྲོག་འདོན་བྱས་པ་ན། སྤྱི་བདེ་ཅུས་སུ་སྔ་མོ་ནས་སྒུག་བསྡད་ཡོད་པའི་ཨ་ནེ་ཀླུ་མོས་ཆོ་ངེ་འདེབས་བཞིན་“ངས་ཁས་མི་ལེན”་ཟེར།
“ཁས་མི་ལེན་ཡང་ཐབས་ཤེས་ཡོད་པ་མ་རེད། འདི་ནི་དོན་དངོས་རེད”ཉེན་རྟོག་པ་དེས་མགོ་བོ་གཡུག་བཞིན་བཤད།
“ཁྱོད་ཚོས་ཁ་ཡ་མི་བྱེད་ན་ང་རང་པེ་ཅིན་ལ་གཏུག་བཤེར་བྱེད་དུ་འགྲོ་རྒྱུ་ཡིན།”
ཨ་ནེ་ཀླུ་མོའི་སྐད་ཆ་དེ་ཐོས་པ་དང་སྒྲོག་འདོན་བྱེད་མཁན་གྱི་ཉེན་རྟོག་པ་དེས་གདོང་ལ་སྐྱོ་འཛུམ་ཞིག་ལངས་ཏེ་མཚོ་མོར་ཁ་པར་བཏང་།
ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་མཚོ་མོ་མངགས་གཏོང་ཁང་དུ་སླེབས་བྱུང་། གྱོད་སྒྲུབ་ཉེན་རྟོག་པས་ཁོ་མོར་ཐག་གཅོད་མཇུག་འབྲས་གསལ་བཤད་བྱས་རྗེས་འགྲོ་ལུགས་བསྒྲུབ་ཏུ་བཅུག་པ་ན། མཚོ་མོ་ནི་ཕྲག་སྟེང་གི་ཁུར་བོ་ཆེན་པོ་ཞིག་ཕོག་པ་ལྟར་དབུགས་རིང་ཞིག་ཕྱུང་སོང་། ཁྱིམ་དུ་ལོག་མ་ཐག་ཁོག་གི་སྡུག་བསྔལ་ཐམས་ཅད་ཕྱིར་ཕུད་འདོད་པ་ཇི་བཞིན་སྐད་ཆེན་པོས་ངུས། སྐབས་དེར་ཁོ་མོའི་སེམས་སུ་ད་ནི་མགོ་ན་བའི་དོན་དག་འདི་ཚར་སོང་བས་རང་གིས་ཀྱང་སྨྱུང་གནས་རེ་སྲུང་ནས་ཁྱོ་གའི་འདས་མཆོད་ཡག་པོ་སྒྲུབ་ཆོག་སྙམ་མོད། ཡིན་ནའང་ལོ་བཅུའི་རྗེས་སུ་ཁོ་མོ་སླར་ཡང་དོན་དག་འདིའི་ཆེད་དུ་རྫོང་མི་དམངས་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ཁྲིམས་རར་འགྲོ་དགོས་པ་ཞིག་བློ་ངོར་འཆར་མི་སྲིད།
བུ་འབྲུག་བྱམས་འདས་རྗེས་ཀྱི་ལོ་བཅུའི་ནང་ཨ་ནེ་ཀླུ་མོའི་དམིགས་ཡུལ་གཅིག་པུ་ནི་བུའི་དགྲ་ཤ་ལེན་པའི་མིང་གཡར་ནས་སྒོར་མོ་ལག་ལ་རག་རྒྱུ་དེ་རེད། ཁོ་མོས་དམིགས་ཡུལ་དེ་མངོན་འགྱུར་མ་བྱས་ན་གོམ་པ་མཚམས་མི་འཇོག་པའི་ཆོད་སེམས་ཞིག་སྙིང་ལ་དམ་པོར་བཅངས་ནས་ལོ་བཅུ་ལ་གོང་གཏུག་བྱས་པ་རེད།
ལོ་འདི་དག་གི་རིང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་འཆམ་མཐུན་གྱི་སྲིད་ཇུས་ཡང་ཡང་བསྒྲགས་ཀྱང་། སྐྱིད་སྡུག་ཞུ་ས་དཔོན་པོ་དང་གྲང་ལྟོགས་ཤོད་ས་ཕ་མ་ཞེས་པ་ལྟར་རིམ་པ་སོ་སོའི་ཡིག་སྐུར་ངོ་གཏུག་སྡེ་ཁག་གི་སྒོ་ཁ་ན་གོང་རིམ་ལ་བདེ་སྡུག་ཞུ་རུ་ཡོང་མཁན་གྱི་མི་ནི་ཇེ་མང་ནས་ཇེ་མང་རེད། ཞུ་གཏུག་བྱེད་མཁན་གྱིས་ཀྱང་སྲིད་གཞུང་གི་ཉམས་ཚོད་ལོན་ནས་གལ་ཏེ་ཞུ་གཏུག་གི་གོམ་པ་མཚམས་མ་བཞག་པ་ཡིན་ན། རང་གི་རེ་བ་དེ་ནམ་ཉི་མ་ཞིག་ལ་ཐག་གཅོད་བྱེད་ངེས་རེད་སྙམ་བཞིན་ཡོད།
སྤྱིར་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་དུས་བཟང་འདིར་སྤྱི་དམངས་སུ་ཡིན་རུང་མགོ་ན་བའི་གནད་དོན་རེ་འཕྲད་ཚེ་ཁྲིམས་ལུགས་ལ་སྐྱབས་བཅོལ་ཆོག་པ་དང་། ཁྲིམས་ཁང་དུ་སོང་ནས་ཁྲིམས་ལྟར་གནད་དོན་དེ་ཐག་གཅོད་བྱས་ཏེ། རང་གི་ཁེ་ཕན་བརྩོན་ལེན་བྱེད་ཆོག་པའི་སྲིད་ཇུས་བཟང་པོ་ཡོད་མོད། ཡིན་ནའང་ཀླད་རྙིང་མགོ་མཁྲེགས་ཀྱི་མི་ཁ་ཤས་ཀྱིས་རང་ཉིད་ཡིག་རྨོངས་བ་ཡིན་པས་ཁྲིམས་ལུགས་མི་ཤེས་པར་ཁ་གཡར་ནས་རྫོང་ནས་གྲོང་ཁྱེར་དང་དེ་ནས་ཞིང་ཆེན། ད་དུང་པེ་ཅིན་སོགས་ལ་གོང་གཏུག་ཞུ་རུ་འགྲོ་བཞིན་ཡོད།
ཨ་ནེ་ཀླུ་མོ་ཡང་གོང་གཏུག་ཞུ་མཁན་རྙིང་པ་ཞིག་ཡིན་ཏེ། ཁོ་མོས་ཀྱང་བོད་ལྭ་རྙིང་པ་ཞིག་གྱོན་ཞིང་ཡིག་ཚགས་ཀྱིས་གང་བའི་རྒྱབ་ཁུག་ཅིག་འཁུར་འདུག ཡིག་ཚགས་དེ་དག་ལས་ལ་ལ་ནི་ལག་བྲིས་ཡིན་ཅིང་ལ་ལ་ནི་གློག་ཀླད་ནང་བཏགས་རྗེས་དཔར་བ་ཡིན།
ཨ་ནེ་ཀླུ་མོ་ལས་ཁུངས་ཞིག་དུ་ཐོན་མ་ཐག་ཐད་ཀར་འགོ་ཁྲིད་བཙལ་དུ་འགྲོ་བ་དང་། རིམ་པ་སོ་སོའི་ཡིག་བསྐུར་ངོ་གཏུག་ཅུས་སུ་སླེབས་མ་ཐག་རང་ཁྱིམ་ལ་སླེབས་པ་ལྟར་རྐུབ་སྟེགས་སྟེང་བསྡད་རྗེས་ཇ་འཐུང་ཞོར་དུ་རང་གི་བུ་གཞན་གྱིས་བསད་ཀྱང་ཁ་ཡ་མི་བྱེད་ཅེས་སྡུག་སྨྲེ་བཏོན་ནས་མཚམས་མི་འཇོག་པ་སོགས་ལ་བལྟས་ན་ཁོ་མོ་གོང་གཏུག་གི་ལས་ཀ་དེར་ཧ་ཅང་བྱང་ཆ་ལྡན་པ་ཤེས་ཐུབ།
དེ་ལྟར་ལོ་བཅུ་ལ་གོང་གཏུག་བྱས་ཀྱང་འབྲས་བུ་ཅི་ཡང་མ་བྱུང་བས། སེམས་ཤི་རྒྱུ་མེད་པའི་ཨ་ནེ་ཀླུ་མོས་རང་གི་ལུས་པོ་བློས་བཏང་ནས་མཚོ་མོ་ཁྲིམས་ཁང་དུ་གཏུག
སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིས་སྤྱི་བདེ་ཅུས་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་གསུམ་ཀའི་འགོ་ཁྲིད་རྣམས་བོས་ཏེ་ཆེད་དུ་ཚོགས་འདུ་ཚོགས་ནས་ལོ་བཅུའི་སྔོན་གྱི་གྱོད་གཞི་འདི་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས། ཚོགས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཀྱི་གྱོད་སྒྲུབ་ཉེན་རྟོག་པས་གྱོད་གཞི་དེ་ངོ་སྤྲོད་བྱས་རྗེས་གྱོད་གཞི་ཐོ་འགོད་མ་བྱས་པའི་རྒྱུ་མཚན་བཤད་པ་ན། ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་དཔྱོད་ཀྲང་གིས་ཀྱང་འཐད་པའི་ལན་བྱིན། ཁྲིམས་ཁང་གི་ཡོན་ཀྲང་གིས་ཀྱང་“གྱོད་དོན་ཐོ་འགོད་མ་བྱས་ན་རབ་རེད”ཟེར། ཡུད་ཙམ་འགོར་རྗེས་ཡོན་ཀྲང་གིས་མུ་མཐུད་དུ་བཤད་རྒྱུར་“གལ་སྲིད་གྱོད་གཞི་ཐོ་འགོད་བྱས་ནས་ཁྲིམས་འཛིན་བསྒྲིགས་རིམ་བརྒྱུད་པ་ཡིན་ན། མཚོ་མོ་སྔོན་ལ་བཀག་ཉར་བྱེད་དགོས་པ་དང་། དེ་ནས་འཛིན་བཟུང་། ཁྲིམས་སྦྱོར། ཁྲིམས་བཅད་སོགས་གོ་རིམ་ཚང་མ་བརྒྱུད་དགོས་པ་མ་ཟད། ཉེས་མེད་དུ་ཁྲིམས་གཅོད་བྱས་ཚེ་རྒྱལ་ཁབ་ཀྱིས་གྱོང་དངུལ་ཚབ་སྤྲོད་བྱེད་དགོས་པ་གཅིག་པུ་མ་ཡིན་པར་ཁྲིམས་འཛིན་ཐོན་ཁུངས་ཡང་འཕྲོ་བརླག་ཏུ་བཏང་བ་རེད།གལ་ཏེ་ཉེས་པ་མེད་པར་ཁྲིམས་ཐག་བཅད་ཚེ་དོ་བདག་གིས་དོན་མེད་དུ་ཉེས་པ་ཁུར་མི་སྲིད་པས་ཁྲིམས་ཁང་དང་ཁ་གཏད་དུ་ལངས་སྲིད་ལ། དེ་དག་ལས་ཀྱང་གལ་ཆེ་བ་ཞིག་ནི་ང་ཚོས་དྲང་བདེན་དང་འདྲ་མཉམ་སྲོག་ཤིང་དུ་འཛིན་པའི་ཁྲིམས་ལུགས་རྡོག་རོལ་ཏུ་བཏང་བས་རྗེས་ཕྱོགས་ལས་ཀ་ཇི་ལྟར་བསྒྲུབ”་ཟེར། ཡོན་ཀྲང་གི་སྐད་ཆ་དེས་ཚང་མ་བསམ་གཞིགས་ཀྱི་ཀློང་དུ་དྲངས་བས་ཁང་བའི་ནང་དར་ཅིག་ལ་ཁུ་སིམ་མེར་གྱུར། སྲིད་ཁྲིམས་རྒྱུན་ཨུའི་ཧྲུའུ་ཅིས་ཚང་མར་ལྟ་ཙམ་བྱས་རྗེས་“ཨ་ནེ་ཀླུ་མོ་ནི་ལོ་བཅུ་ལ་གོང་གཏུག་བྱེད་མཁན་ཞིག་ཡིན་པ་ཚང་མས་མ་བརྗེད་པར་གྱིས། གལ་ཏེ་ང་ཚོས་ད་དུང་གྱོད་གཞི་ཐོ་འགོད་མ་བྱས་ཚེ། ཁོ་མོས་ཐེངས་སྔོན་མ་ལྟར་སྲིད་གཞུང་གི་ཐོག་ཁང་ནས་མཆོངས་ཏེ་རང་ཤི་རྒྱག་རྩིས་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཟང་ཟིང་དུ་བཏང་ན་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་ཐབས་བྲལ་བས་ཐབས་ཤེས་ཤིག་ངེས་པར་དུ་འདོན་དགོས་”ཟེར། ཁོས་ཡུད་ཙམ་ལ་བསམ་བློ་བཏང་རྗེས་འུ་ཐུག་པའི་རྣམ་འགྱུར་ཞིག་བཏོན་ནས་“ད་འདི་ལྟར་བྱ། སྔོན་ལ་གྱོད་གཞི་ཐོ་འགོད་བྱས་ནས་འཛིན་བཟུང་དང་ཁྲིམས་སྦྱོར་གྱི་གོ་རིམ་བསྒྲུབ་རྒྱུ་བྱོས”་ཟེར་བ་ན། ཚང་མས་ཧ་ལས་པའི་རྣམ་འགྱུར་གྱིས་ཕན་ཚུན་ལ་ལྟ་བཞིན་“ལེགས་སོ”་ཟེར།
སྟབས་ལེགས་པ་ཞིག་ལ་ལོ་བཅུའི་སྔོན་གྱི་གྱོད་གཞི་འདིའི་རྒྱུ་ཆ་རྣམས་ཡིག་ཚགས་སུ་བཅུག་ནས་ཉར་ཚགས་བྱས་ཡོད་པས་ལས་ཀ་བསྐྱར་ལས་བྱེད་དགོས་མ་སོང་། ད་དུང་རྒྱུ་ཆ་གཙོ་བོ་གཅིག་མི་ཚང་བ་ནི་དེ་དུས་ཁྲིམས་དཔྱད་སྨན་པས་བེམ་པོར་གཤག་བཅོས་བྱེད་མ་ཐུབ་པས་ཁུངས་བཙན་པའི་གསལ་འབྱེད་ཡི་གེ་མེད་པ་དེ་རེད། ད་ལྟར་བེམ་པོ་ནི་སྦྱིན་སྲེག་བྱས་ཚར་བས་གསལ་འབྱེད་དེ་བས་བྱེད་ཐབས་བྲལ་སོང་། ཉེན་རྟོག་པ་རྣམས་ཀྱིས་འགོ་ཁྲིད་ཀྱི་བཀའ་ལྡོག་མ་ཐུབ་པ་དང་ཨ་ནེ་ཀླུ་མོ་གཅུན་ཐུབ་པའི་ཐབས་ཤེས་བཟང་བོ་ཞིག་མ་རྙེད་པར་བརྟེན། མཇུག་མཐར་མཚོ་མོ་དང་ཁྱོ་ག་གཉིས་བཟའ་འཁོན་བྱེད་དུས་མཚོ་མོས་འབྲུག་བྱམས་ཀྱི་མགོ་ས་ལ་བརྡབས་ནས་རྨས་པ་རེད་ཅེས་མི་དཀར་དཀར་ལ་ཞྭ་ནག་པོ་གཡོགས་ནས་མཚོ་མོར་དོན་མེད་དུ་རྐང་བཙུགས་ནས་མི་གཞན་ལ་གནོད་སྐྱེལ་བའི་ཉེས་མིང་ཞིག་བཏགས་ནས་གྱོད་གཞི་ཐོ་འགོད་བྱས། ངོ་མ་གྱོད་གཞི་དེ་ནི་གད་མོ་ཤོར་ཞིང་གནས་ལུགས་དང་མི་མཐུན་པ་ཞིག་ཡིན་ཡང་འུ་ཐུག་པའི་རྒྱུ་རྐྱེན་གང་མང་ཞིག་གིས་ཐོ་འགོད་མི་བྱེད་ཀ་མེད་བྱུང་། སྟབས་ལེགས་པ་ཞིག་ལ་སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཡོད་ཉེས་ཅན་པས་ཁག་ཁྱེར་བཀའ་སྒུག་བྱེད་པར་མཆོག་མཆན་བཀོད་འདུག་པས་མཚོ་མོ་ལྟ་སྲུང་ཁང་ནང་བཀག་ཉར་བྱེད་མ་དགོས།
ཨ་ནེ་ཀླུ་མོས་གྱོད་གཞི་དེ་ཐོ་འགོད་བྱས་པའི་གཏམ་བཟང་ཐོས་མ་ཐག ཁོ་མོའི་ཞེ་སྡང་གི་དུ་སྤྲིན་གྱིས་གཡོགས་པའི་སེམས་ངོ་དྭངས་ཤལ་ལེར་སོང་།
གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་ནས་ཞིབ་དཔྱོད་ལས་ཁུངས་སུ་སྐྱེལ་བ་དང་མཇུག་མཐར་ཁྲིམས་ཁང་དུ་སླེབས། ཁྲིམས་ཁང་དུ་སླེབས་དུས་མཚོ་མོ་གྱོད་ཡར་གྱུར། ཁྲིམས་ས་མ་འཚོགས་གོང་གི་འདྲི་ཞིབ་བྱེད་དུས་ཁོ་མོ་ཁྲིམས་དཔོན་གྱི་ཁ་གཏད་དུ་ཡོད་པའི་ལྕགས་ཀྱི་དྲ་བའི་འདུག་སྟེགས་སུ་ཙོག་ནས་མགོ་བོ་སྒུར་ཏེ་མིག་ལ་སྐྲག་སྣང་གིས་ཁེངས་བཞིན་མདུན་གྱི་འདྲི་གཅོད་སྟེགས་བུ་དེར་བལྟས་འདུག གཞུང་གཏུག་པའི་འགྲམ་དུ་གྱོད་པ་ཨ་ནེ་ཀླུ་མོ་བསྡད་འདུག ལོ་ན་དྲུག་ཅུ་ལས་བརྒལ་མེད་རུང་ཨ་ནེ་ཀླུ་མོའི་སྐྲ་ཐམས་ཅད་དཀར་པོར་གྱུར་འདུག་ལ། ཁོ་མོས་ཞེ་སྡང་དང་བཅས་མཚོ་མོར་བལྟས་འདུག
ཁྲིམས་ས་གོ་རིམ་ལྟར་འགོ་ཚུགས་སོང་། མཚོ་མོའི་ཁྲིམས་རྩོད་པས་དག་འབུད་བྱེད་དུས་ཨ་ནེ་ཀླུ་མོ་ནི་ཁོང་ཁྲོས་རང་གི་འདུག་སྟེགས་ལས་ཀྱང་མཆོང་གྲབས་བྱེད་ཀྱིན་འདུག
ཁྲིམས་རྩོད་པས་ཁྲིམས་དཔོན་དང་གཞུང་གཏུག་པ། གནོད་འཚེ་ཕོག་མཁན་གྱི་ཁྱིམ་མི་བཅས་ལ་བཤད་རྒྱུར། “གུས་པར་འོས་པའི་འདྲི་གཅོད་དཔོན་དང་འདྲི་གཅོད་ལས་རོགས་པ་རྣམ་པ། ང་ནི་གྱོད་ཡས་མངག་བཅོལ་བྱས་པ་ལྟར་ཁོ་མོའི་དག་འབུད་མི་སྣ་ཡིན་པའི་ཆ་ནས་གྱོད་གཞི་འདིའི་རྒྱུ་ཆ་ཐམས་ཅད་ཞིབ་ཏུ་བཀླགས་པར་མ་ཟད། གྱོད་ཡའི་གསལ་འདེབས་ལའང་གསལ་བོར་ཉན་པ་ཡིན། ད་དུང་ཁྲིམས་སའི་བརྟག་དཔྱད་ལའང་ཞུགས་པ་བཅས་ཀྱི་རྨང་གཞིའི་ཐོག གྱོད་གཞི་འདིའི་ཕྱོགས་ནས་བསམ་འཆར་འགའ་བཤད་རྒྱུ་ཡིན་པས་ཁྲིམས་སས་མཐོང་ཆེན་དང་དང་ལེན་བྱེད་པར་རེ་བ་ཞུ། དག་འབུད་མི་སྣ་ངས་བལྟས་ན་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་ཡར་རྐང་བཙུགས་ནས་གཞན་ལ་གནོད་འཚེ་བཏང་བའི་ནག་ཉེས་བཟོས་པར་སྐྱོན་འདོན་ཞུ་གཏུག་བྱས་པ་དེའི་ངོ་བོ་གཏན་ཁེལ་བྱས་པ་ཡང་དག་མིན་པར་མ་ཟད། དོན་དངོས་མི་གསལ་ཞིང་དཔང་རྟགས་ཀྱང་མི་འདང་བས་ཁྲིམས་སས་གྱོད་ཡ་ནག་ཉེས་མེད་པར་ཁྱབ་བསྒྲགས་བྱས་ན་འོས་”ཞེས་བཤད་ཚར་མ་ཐག ཨ་ནེ་ཀླུ་མོ་ཡར་ལངས་ནས་ཁྲིམས་རྩོད་པར་ཁ་ཆུ་འདེབས་བཞིན་སྡིགས་མོ་བྱེད།
“མར་སྡོད། མོས་མཐུན་མེད་པར་སུས་ཀྱང་སྐད་ཆ་བཤད་མི་ཆོག ཁྲིམས་སའི་སྒྲིག་སྲོལ་ལ་བརྩི་སྲུང་བྱོས། ད་ཐེངས་ངག་ཐོག་ནས་ཁྱོད་ལ་ཉེན་བརྡ་བཏང་བ་ཡིན་”ཞེས་ཁྲིམས་དཔོན་གྱིས་ཨ་ནེ་ཀླུ་མོ་བཀག ཁྲིམས་སའི་ཉེན་རྟོག་པས་ཀྱང་མར་སྡོད་ཅེས་ལག་བརྡ་བསྟན་བྱུང་། གཞུང་གཏུག་པས་ཨ་ནེ་ཀླུ་མོ་མར་འཐེན་བཞིན་སྐད་དམའ་མོས་“ཁྱོད་ཀྱིས་རང་སྣང་གང་ཤར་བྱས་ན་ཁྲིམས་ས་ཇི་ལྟར་འཚོགས། ཁྲིམས་ས་འཚོགས་མ་ཐུབ་ན་ཁྲིམས་ཐག་གཅོད་མི་ཐུབ་”ཅེས་ཁོ་མོ་མར་ཙོག་ཏུ་བཅུག ཟུར་ཉན་གྲལ་གནས་སུ་བསྡད་པའི་ཤ་ཉེ་རྣམས་ཀྱིས་ཤབ་ཤུབ་ངང་ཅི་ཞིག་བཤད་ཀྱིན་འདུག་ལ། མིང་པོ་ཚེ་རིང་གིས་ཨ་ནེ་ཀླུ་མོར་སྡང་མིག་ཅིག་བགྲད་བྱུང་།
དག་འབུད་མི་སྣས་མུ་མཐུད་དུ་དག་འབུད་བྱོས།
ཁྲིམས་རྩོད་པས་གློ་ལུ་ཞིག་བྱས་རྗེས་བཤད་རྒྱུར་“ནག་ཉེས་མེད་པའི་རྒྱུ་མཚན་དང་དོན་དངོས་ནི་གཤམ་གསལ་ལྟར། དང་པོ། གྱོད་ཡ་མཚོ་མོར་རང་གི་ཁྱོ་ག་འབྲུག་བྱམས་གནོད་སྐྱེལ་འདོད་ཀྱི་སེམས་པ་གཏན་ནས་མེད། གྱོད་ཡ་ནི་ཞིང་བ་དཀྱུས་མ་ཞིག་ཡིན་ལ། རང་གི་ཁྱོ་ག་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་ནས་ལོ་ཉེར་ལྔ་འགོར་ཡོད། བྱིས་པའང་གཉིས་ཡོད་པས་མཚམས་ལ་རེར་བཟའ་འཁོན་བྱེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཡིན་པས་ཁོ་མོས་རྐང་བཙུགས་ནས་ཁྱོ་གར་གནོད་སྐྱེལ་དགོས་དོན་མེད། གཉིས་པ། གྱོད་ཡས་འབྲུག་བྱམས་ལ་གཅར་རྡུང་བྱས་མེད་པ་གཏན་ཁེལ་ཡིན་ཏེ། འདིའི་སྐོར་ནས་སྤྱི་བདེ་ལས་ཁུངས་ཀྱིས་དཔང་རྟགས་འགའ་རེ་བཙལ་ཡོད་མོད། དེ་དག་གིས་གྱོད་ཡས་ཕར་གཅར་རྡུང་བྱས་པ་བདེན་དཔང་བྱེད་མི་ཐུབ། བརྒྱ་ལ་བུད་མེད་ཅིག་གིས་སྐྱེས་པ་ཞིག་ལ་གཅར་རྡུང་བྱེད་མི་ཐུབ་སྟེ་སྐྱེས་པའི་སྟོབས་ཤུགས་ནི་བུད་མེད་ལས་ཆེ་བས་སོ།། གསུམ་པ། གནོད་འཚེ་ཕོག་མཁན་འབྲུག་བྱམས་ནི་སྙིང་ནད་འཕར་ནས་གློ་བུར་དུ་རྐྱེན་ལམ་དུ་སོང་བ་ཡིན་པས་གྱོད་ཡ་དང་འབྲེལ་བ་སྤུ་ཙམ་ཡང་མེད།
དེ་བས་དག་འབུད་མི་སྣ་ངས་བལྟས་ན་གྱོད་ཡར་ཉེས་མེད་ཉེས་འདོགས་བྱས་འདུག་སྟེ། ཁོ་མོས་ནག་ཉེས་ཅི་ཡང་བསགས་མེད། ཁོ་མོར་རྐང་བཙུགས་ནས་མི་གཞན་ལ་གནོད་སྐྱེལ་བའི་ཀུན་སློང་མེད་པར་མ་ཟད། གནོད་སྐྱེལ་བའི་ལས་ཀ་ཅི་ཡང་བྱས་མེད་པས་གནོད་སྐྱེལ་བའི་མཇུག་འབྲས་ནི་དེ་བས་ཀྱང་ཡོད་མི་སྲིད། དེའི་ཕྱིར་ཁྲིམས་སས་ཁྲིམས་ལྟར་གྱོད་ཡ་ནག་ཉེས་ཅི་ཡང་མེད་པར་ཁྱབ་བསྒྲགས་བྱས་ན་ལེགས། ད་ངས་བཤད་ཚར་སོང་”ཞེས་མར་བསྡད།
ཁྲིམས་རྩོད་པས་དག་འབུད་བྱེད་དུས་ཚང་མས་ཁུ་སིམ་མེར་ཉན་འདུག་ཅིང་། ཁྲིམས་དཔོན་རྣམས་ཀྱིས་སྨྱུ་གུ་བཟུང་ནས་ཟིན་བྲིས་རེ་འདེབས་བཞིན་མཆིས། ཨ་ནེ་ཀླུ་མོས་མ་ཁར་སོ་བཏབ་ནས་ཞེ་སྡང་གིས་ཁྲིམས་རྩོད་པར་ལྟ་བ་ལས་སྐད་ཆ་ཅི་ཡང་བཤད་མ་ཕོད།
ཁྲིམས་སའི་འདྲི་གཅོད་ཀྱི་ལས་ཀ་དེ་གོ་རིམ་ལྟར་ཚོགས་བཞིན་ཡོད་མོད། མཇུག་མཐའི་ཁྲིམས་ཐག་གཅོད་རྒྱུ་དེ་གནད་དོན་ཞིག་ཏུ་གྱུར་སོང་།
འདྲི་གཅོད་དཔོན་དང་འདྲི་གཅོད་པ་གཉིས། ད་དུང་མི་དམངས་འདྲི་གཅོད་ལས་རོགས་པ་གཉིས་བཅས་ཁྱོན་བསྡོམས་མི་ལྔ་ཡིས་གྲུབ་པའི་མཉམ་གྲོས་ཁྲིམས་སས་གྲོས་བསྡུར་བྱས་མཐར་ཚང་མ་གྲོས་ཁ་གཅིག་ཏུ་མ་མཐུན། མི་དམངས་འདྲི་གཅོད་ལས་རོགས་པ་གཉིས་ཀྱིས་གྱོད་ཡ་ནག་ཉེས་མེད་པར་ཁྱབ་བསྒྲགས་བྱེད་དགོས་འདོད་མོད། འདྲི་གཅོད་པ་གཅིག་སྟེ་ཉེས་དོན་ཁྲིམས་སའི་ཁྲིམས་དཔོན་གྱིས་དེ་ལྟར་བྱེད་མི་འོས་ཟེར། འདྲི་གཅོད་པ་ཅིག་ཤོས་ཏེ་ཉེས་དོན་ཁྲིམས་ས་ལས་བགོས་འགན་གཉེར་བྱེད་མཁན་གྱི་ཡོན་ཀྲང་གཞོན་པས་འདྲི་གཅོད་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱས་ན་བཟང་ཟེར་བས་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཚོགས་རྒྱུ་བྱས།
འདྲི་གཅོད་ཨུ་ཡོན་ལྷན་ཁང་ནི་ཡོན་ཀྲང་གིས་འགོ་འཛིན་བྱེད་པའི་སྒྲིག་འཛུགས་ཅིག་ཡིན་ལ། ལས་ཁུངས་ཀྱི་འདྲི་གཅོད་པ་བཅུ་ཡོད་པ་ཚང་མ་དེའི་ཨུ་ཡོན་ཡིན། གཟའ་འཁོར་རེར་ཐེངས་རེར་འཚོགས་ནས་དོགས་གནད་ཆེ་བའི་གྱོད་གཞི་རྣམས་ཁྲིམས་ཐག་ཇི་ལྟར་གཅོད་པར་ཁྲུན་གཅོད་བྱེད་པ་ཡིན། གྱོད་གཞི་འདི་སྒྲུབ་མཁན་གྱི་འདྲི་གཅོད་པས་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་གྱོད་གཞི་འདི་གླེང་མ་ཐག ཚང་མ་ཁ་རོག་གེར་བསྡད་སོང་། གལ་ཏེ་ནག་ཉེས་མེད་པར་ཁྲིམས་ཐག་བཅད་ན་ང་ཚོས་རང་གི་ངོ་གདོང་རང་གིས་ཆུ་ལ་བསྐྱུར་བ་དང་གཅིག་པ་རེད་ལ། ཞིབ་དཔྱོད་ཁང་གིས་གྱོད་གཞི་འདི་བསྒྲུབས་པ་ནོར་སོང་བ་ཡང་ར་སྤྲོད་བྱས་པས་ཞིབ་དཔྱོད་ཁང་གིས་ཁས་ལེན་མི་སྲིད། ཡང་གཅིག་བཤད་ན་ཨ་ནེ་ཀླུ་མོ་ནི་ཉིན་ནས་བཞག་ན་མི་ཞུ་ཞིང་སྲིབ་ནས་བཞག་ན་མི་འཁྱག་པའི་གྱོད་པ་ཞིག་ཡིན་པས་གལ་ཏེ་ཁྲིམས་ཁང་ནས་རང་སྲོག་བཅད་པ་ལྟ་བུའི་གནས་ཚུལ་བྱུང་ན་སུས་འགན་ཁུར་ཐུབ། གལ་ཏེ་ནག་ཉེས་མེད་པར་གང་འདོད་དུ་ཁྲིམས་ཐག་ནན་མོ་བཅད་ན་དོན་དངོས་དང་རྒྱབ་འགལ་བྱས་ལ། མ་གཞི་ནས་ང་ཚོ་མི་དམངས་ཁྲིམས་ཁང་ནི་དྲང་བདེན་སྐྱོང་མཁན་གྱི་ལས་ཁུངས་ཡིན་པས་དེ་ལྟར་བྱེད་ག་ལ་རུང་།
ཡོན་ཀྲང་གིས་“ཚང་མས་རང་གི་བསམ་འཆར་ཅིག་ཤོད་དང”་ཞེས་བཤད་མ་ཐག
ཁྲིམས་དཔོན་ལ་ལས་གྱོད་སྒྲུབ་མི་སྣའི་བསམ་འཆར་ལ་འཐད་པ་ཡིན་ཟེར་ཡང་། ལ་ལས་མི་འཐད་ཟེར། ད་དུང་འགའ་ཤས་ཀྱིས་དོན་དག་འདི་རྙོག་དྲ་ཆེ་བས་གཟབ་གཟབ་བྱེད་དགོས་ཟེར།
གཞུང་ལས་ཁང་གི་ཅོག་ཙེ་ནར་མོ་དེའི་དཀྱིལ་དུ་བཞུགས་པའི་ཡོན་ཀྲང་ནི་སྲིད་ཁྲིམས་སློབ་གླིང་ནས་མཐར་ཕྱིན་པར་མ་ཟད་ཁྲིམས་ཁང་ནས་ལོ་བཅུ་ལྷག་ལ་གྱོད་དོན་བསྒྲུབས་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་“ང་ཡང་གྱོད་སྒྲུབ་མི་སྣའི་བསམ་འཆར་ལ་འཐད་པ་ཡིན། ཡིན་ནའང་ཁྲིམས་ཐག་མ་གཅོད་གོང་ལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ལ་བརྡ་ཞིག་རྒྱག་དགོས། ད་དུང་གནོད་འཚེ་ཕོག་མཁན་གྱི་ཨ་ནེ་ཀླུ་མོར་སེམས་གསོ་དང་སློབ་གསོ་ཡག་པོ་བྱས་ནས་དོན་དག་བྱུང་དུ་འཇུག་མི་རུང་ལ་གོང་གཏུག་ཡང་བྱེད་དུ་འཇུག་མི་རུང་”ཟེར། མཇུག་མཐར་འདྲི་གཅོད་ཨུ་ཡོན་ལྷན་ཁང་གྱོད་སྒྲུབ་མི་སྣའི་བསམ་འཆར་ལ་འཐད་པ་བྱུང་བ་སྟེ་གྱོད་ཡ་ནག་ཉེས་མེད་པར་ཁྲིམས་ཐག་གཅོད་རྒྱུ་བྱས།
ཉིན་བཅུའི་རྗེས་སུ་ཁྲིམས་ཁང་གིས་མཚོ་མོར་ནག་ཉེས་མེད་པ་ཁྲིམས་ཐག་བཅད་སོང་། མཚོ་མོར་ཡང་བསྐྱར་མགོ་ནས་རི་ཞིག་བཤུས་སོང་བ་ལྟ་བུའི་སྣང་བ་ཞིག་སྐྱེས་ཡང་། ཨ་ནེ་ཀླུ་མོས་ཁྲིམས་བཅད་ཞུ་ཡིག་གཅིག་གིས་ཇེ་མང་དུ་སོང་བའི་ཡིག་ཆ་དག་ཁྱེར་ནས་སླར་ཡང་གོང་གཏུག་གི་ལམ་ལ་ཆས་སོང་།