འབོ་གངས་དཀར།
ལབ་ཚེ་རིང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
འཇིག་རྟེན་སྲིད་པ་ཆགས་པའི་བགོ་སྐལ་དུ།།
སྐྱེས་ལྷ་ཚོགས་ཀྱིས་བསྐོར་བའི་རི་ཞིག་འབུས།།
རྩེ་མོ་ལྷ་ཡུལ་ཟུག་པའི་རྟེན་འབྱུང་གིས།།
ཡུལ་འདིའི་སྐྱེ་རྒུར་གཡང་གི་འདོད་འཇོ་ཕབ།།
ཡར་བལྟས་རྔམ་འགྱིང་ལྡན་པའི་ཉམས་ཆེན་གྱིས།།
སྙིང་རྩ་བག་ལ་བྲེད་ཅིང་འདར་ཤུམ་སློང་།།
བྱེད་པོ་གང་གི་སྒྱུ་རྩལ་འཇོན་ཤེས་ཀྱིས།།
མི་ཡུལ་ཁམས་ལ་མཚར་སྡུག་སྐྱེས་སུ་གནང་།།
མི་ཉག་རྒྱལ་ཕྲན་ཚིགས་པའི་བྱུང་རབས་སུ།།
ལྕགས་ལ་མཁར་རྫོང་བརྩིགས་པའི་ལོ་རྒྱུས་ཡོད།།
ཉམས་ཆག་ཤུལ་རྙིང་རྡུལ་དང་འཚུབ་པ་ཡིས།།
གངས་དཀར་འདབས་རོལ་ཆར་གྱི་དངོས་གྲུབ་ཕབ།།
དཔའ་བོས་ཁོག་སྙིང་བཏོན་ཏེ་བླངས་པའི་ས།།
སྐྱེས་མཛངས་རིག་སྟོབས་བཏོན་ནས་སྲུང་བའི་གནས།།
ཕས་རྒོལ་འཚེ་བ་སྤྱུགས་པའི་ཟིལ་ཤུགས་ཀྱིས།།
གངས་རིའི་ཟོམ་ལ་འོད་ཀྱི་གུར་ཁྱིམ་བཞེངས།།
མི་ཕོ་རྟ་བཞོན་མེ་མདའ་རྒྱབ་འཁུར་གྱི།།
སྣང་བརྙན་གསོན་པོ་ཞིག་གི་འཚོ་བ་དྲན།།
དབུ་སྐྲ་ལིང་དམར་སླེས་པའི་ཕོ་རྒོད་ཀྱིས།།
གངས་ཁྱིམ་སྦྲ་རོག་བསླངས་ཏེ་ཕ་གཞིས་བསྐྱངས།།
མར་འབབ་བྲག་ལ་བརྡབ་པའི་ཆུ་བོའི་སྒྲ།།
མདོ་གྲོང་སྨུག་གི་སེང་རས་འབྱིད་མ་བྱུང་།།
ཉག་ཁིས་རླུང་ལྕེ་བརྡར་བའི་དར་ཚོན་གྱིས།།
གངས་ཀྱི་ཟུག་རྔུ་ཤུགས་ཀྱིས་གྱེར་བཞིན་མཆིས།།
དཀན་གཟར་གྲོག་མོ་འགག་གི་ལུང་མདོ་རུ།།
ཁལ་དྲེལ་ཚོང་ལམ་བྲག་སྲུབས་བཏོད་དེ་སོང་།།
ཇག་རྒྱག་འཐབ་ནས་རིང་དུ་བསྐྲད་པའི་མཐར།།
གངས་རིའི་རྔམ་དང་འདྲ་བའི་དཔའ་སྤོབས་རྒྱས།།
མི་ཉག་མཁས་མཛངས་སྐྱེས་ཆེན་སྔ་གཞུག་འཁྲུངས།།
རྣམ་དཔྱོད་ཤེས་རབ་རྩལ་གྱི་ཉི་གཞོན་གྱིས།།
རྨོངས་པའི་ཁམས་འདི་གཡའ་སེལ་དག་མཛད་ཀྱང་།།
གངས་ཁྲོད་རྡུལ་གྱི་དྲི་མས་ནོག་པར་བཟོས།།
ལོ་རྒྱུས་དར་རྒུད་ཁེ་ཉེན་ཅི་མཆིས་ཀྱང་།།
དུས་ཀྱི་འགྱུ་བག་རྒོད་པོས་བསུབས་ནས་ཡོད།།
རང་རིགས་འདུན་མར་བཅོལ་བའི་ངར་བསྐྱེད་ཀྱི།།
ཤ་རུས་བརྩེ་བ་ཁྲག་དམར་གངས་ལ་མཆོངས།།
དབྱངས་རྟ་རྙིང་བ་དཀྲོལ་ཏེ་གཞས་ཤིག་བཏང་།།
ཆགས་སྡང་ཚོར་བ་དེ་ཡི་རྒྱུན་ལ་བཏགས།།
མེས་པོས་མགུར་ལ་བཞེངས་པའི་མགྲིན་གླུ་འདིས།།
སེམས་ཀྱི་གཏིང་ལ་མྱོང་བ་ཐེངས་ཤིག་འཕེལ།།