བརྩེ་ཆེན་ཕ་མ་དང་ང་ཡི་སྐྱེ་འཆི།
ཕུན་བདེ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཁྱིམ་དང་རིང་དུ་གྱེས་ནས་སྡོད་སྐབས་དང་། རྐྱེན་དང་དོན་དག་གློ་བུར་བ་རེར་འཕྲད་ཚེ། ཕ་མ་ཁྱིམ་གྱི་དྲོད་ཁོལ་དང་སེམས་ཀྱི་འཁྲི་ས་ཡིན་པའི་ཚོར་སྣང་རེ་ཡོད་ནའང་།ཕ་མ་དང་ལྷན་དུ་ཁྱིམ་ན་སྡོད་སྐབས་ཁ་དགའ་ངོ་འཛུམ་གྱིས་ཁ་ལེན་ཚིག་བརྩི་མི་ཐུབ་པ་ནི་ཚེ་རབས་འདིའི་སྡིག་སྒྲིབ་ལྕི་ཤོས་ཤིག་ལོས་ཡིན།
ལུས་ངག་ཡིད་གསུམ་གྱི་དཀའ་སྡུག་དང་། “སྡུག་གླ་ནུས་ཚེགས”ཀྱི་རིན་དོད་དེ་བུ་ཚ་ཚོའི་བདེ་སྐྱིད་ཀྱི་ཆེད་དུ་བཏང་ནས། མཐའ་མཇུག་རང་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོའི་སྟོབས་དང་ནུས་པ་ཉམས་ཤིང་། ཚེ་རབས་གཅིག་གི་དར་རྒྱུད་ཀྱི་སྣེ་མོ་བཞི་པར་ཉེ་དུས་ཀྱང་། ད་དུང་བུ་རྒྱུད་ཡང་ཚ་དང་བཅས་པའི་དོན་དུ་མཐའ་མཇུག་གི་ཞལ་ཏ་དང་ལམ་སྟོན་གནང་མཁན་ཡང་ཕ་མ་ཚོ་ཡིན་སྙམ་ན། ཚོད་ཚོད་ལ་མིག་ཆུ་དབང་མེད་དུ་ཤོར་ཞིང་ཕ་མ་ལས་སེམས་དཔའ་ཆེན་པོ་ཞིག་གང་དུ་འཚོལ་ཨང་སྙམ་བྱུང་།
ཕ་མ་ཚོས་ཚེ་གང་ལ་འབད་འབད་པའི་གྲུབ་འབྲས་མཐར་ཐུག་བུ་ཚ་ཚོའི་ཆེད་དུ་བཞག་ནས། ཡང་བསྐྱར་ཚེ་རབས་རྗེས་མ་ཞིག་གི་དབུ་འཁྱུད་འབྲི་དུས། བུ་རབས་ཚ་རྒྱུད་ཀྱི་བདེ་སྐྱིད་ཆེད་དུ་བརྩེ་ཆེན་གྱི་ཕྱག་གཉིས་ཤ་ཟད་རུས་པ་ལ་གཏུག་པར་སྤོབས་པའི་ཡབ་ཡུམ་དག་ཅི་འདྲའི་སྙིང་རྗེ་བ་ཞིག་སྟེ། རང་ཉིད་སུ་ཞིག་སྐྱེ་བ་གཅིག་གི་ཕ་མ་ཡིན་པའི་བདེན་དཔང་བྱེད་ཐབས་ཙམ་ཡང་མེད་པ་ཤེས་རུང་། ད་དུང་བརྩེ་བ་ཆེན་པོས་བུ་རབས་ཚ་རྒྱུད་ལ་དམིགས་ཏེ་བདེ་ཞིང་སྐྱིད་པའི་རེ་སྨོན་ལ་རྙིང་པ་དང་རྒས་པ་མེད་པར་རྣམ་དག་དྭངས་གཙང་གི་སྨོན་ལམ་མཐའ་དག་ཀྱང་བུ་རབས་ཚ་རྒྱུད་ལ་གནང་བཞིན་ཡོད།
འཇིག་རྟེན་འདི་རེ་དོགས་ཁོ་ནས་གྲུབ་པ་ཞིག་ཡིན་མི་སྲིད་ན་ཡང་། འཇིག་རྟེན་འདིའི་ཕ་མ་རེ་རེར་གྱུར་ཚེ་མི་ལ་བཟང་ངན་དང་། རྟ་ལ་མགྱོགས་ཞན་མེད་པར་བུ་རབས་ཚ་རྒྱུད་ཀྱི་བདེ་སྐྱིད་ཆེད་དུ་རེ་དོགས་ཆེན་པོས་བལྟས་ཡོད་དེ། ཁོང་ཅག་གི་གཅེས་པའི་ལང་ཚོ་དང་། ཤིན་ཏུ་དཀོན་པའི་དུས་ཚོད། ཚེ་གང་ལ་བསགས་པའི་རྒྱུ་ནོར་ལོངས་སྤྱོད་དག་ཀྱང་ལན་དང་རྣམ་སྨིན་ལ་རེ་བ་མེད་པར། ལྟོགས་དུས་ཟས་དང་འཁྱག་དུས་གོས་སོགས་ཅི་དགོས་ཅི་འདོད་དུ་གནང་བ་ནི་སྲིད་འདིར་བརྩེ་ཆེན་གྱི་ཕ་མ་ཡབ་ཡུམ་ལས་སུ་དང་གང་ཞིག་ཡོད་ཨང་།
ཡབ་མེས་ནས་བརྒྱུད་པའི་གཅུག་ལག་གཞུང་ལུགས་རྣམས་སུ་འཇིག་རྟེན་འདིར་སྐྱེ་རྒ་ན་འཆི་ལས་ལྷག་པའི་སྡུག་བསྔལ་ཆེ་བ་ཞིག་མེད་པར་གསུངས་ཡོད་ནའང་། ངས་ཡང་དང་བསྐྱར་དུ་བསམས་ཚེ་དེ་ལས་ཀྱང་ལྷག་པའི་སྡུག་བསྔལ་ནི་ཕ་མའི་རྣམ་དག་གི་བརྩེ་གདུང་ལ་ཁ་བྲལ་ནས་དེ་ལ་ཕྱིར་དྲན་བྱེད་དགོས་བྱུང་བ་དེ་རེད་སྙམ་ལ། སྐྱེ་བ་དང་འཆི་བ་ནི་འཛིག་རྟེན་འདིའི་རྟེན་འབྲེལ་དར་རྒུད་ཀྱི་གོ་རིམ་ཞིག་ལགས་ཕྱིར་སྐྱེས་པའི་རྗེས་ཀྱི་འཆི་བ་ཡང་གནས་སྤོར་ཐེངས་གཅིག་གི་གོ་རིམ་ཙམ་དུ་ཟད།
ང་རང་འཇིག་རྟེན་འདིར་སྐྱེས་ཚར་བས་ནམ་ཞིག་གི་ཚེ་འཆི་འགྲོ་བར་ཐག་གིས་བཅད་ཆོག་པ་ཞིག་རེད་མོད། དེ་ལ་འཇིགས་སྐྲག་དང་སྐྱོ་གདུང་བྱེད་ཀྱིན་མེད་ལ་བྱས་ཀྱང་མི་ཕན་པ་ངས་ཤེས་ཡོད། ཡིན་ཡང་འཇིག་རྟེན་འདི་ནས་ང་ལ་སྙིང་ནས་བརྩེ་བའི་ཕ་མ་དང་ཁོང་ཅག་བརྩེ་བའི་ཤུལ་ཏུ་ལུས་རྒྱུར་ང་རང་ཧ་ཅང་སྐྲག
མ་གཞི་བོད་མི་རྣམས་ཀྱིས་འཆི་བ་ནི་སྡུག་བསྔལ་ཆེན་པོ་ཞིག་ཏུ་ལྟ་ནའང་། དེ་ལས་ཀྱང་སྡུག་བསྔལ་བར་ལྟ་བ་ནི་རྒན་པས་གཞོན་པ་རྣམས་ཀྱི་ཚེ་ཡི་སྔོན་མ་ཆོད་དང་། དེ་བཞིན་ཁྱིམ་གྱི་རྒན་རྒོན་ནད་པ་ཉ་ཉོག་དག་གིས་ཁྱིམ་མི་བརྩིས་ཆེ་བ་དང་གོ་ཆོད་པ་དག་གི་ཚེ་ཡི་སྔོན་མ་ཆོད་པ་ནི་དེ་ལས་ཀྱང་སྡུག་བསྔལ་བ་དང་བསོད་ནམས་ཆུང་བའི་རྟགས་དང་རྒྱུ་མཚན་དུ་འདོད།
དོན་དམ་དུ་དེ་ནི་ཤུལ་དུ་ལུས་པའི་སྐྱོ་གདུང་ཁུར་བར་དཀའ་བ་ཨེ་ཡིན་མི་ཤེས་མོད། སྒེར་སེམས་ཆེ་བའི་ང་རང་ལ་མཚོན་ན། རང་ལ་སྙིང་ནས་བརྩེ་བའི་ཕ་མ་སྙིང་ཉེ་དག་དང་ཁ་བྲལ་བར་ཧ་ཅང་སྐྲག་ལ། ཁོང་ཅག་གི་ཤུལ་དུ་རིན་མེད་རེ་མེད་ཀྱིས་ང་རང་བསྐྱངས་པའི་བྱམས་བརྩེ་དང་། བཀའ་དྲིན་ཆེ་བའི་ལོ་ཟླ་ལ་ཕྱིར་དྲན་བྱེད་རྒྱུར་དེ་བས་སྐྲག་སྣང་ཆེ་བས། ང་ལ་ཕ་མ་ཡབ་ཡུམ་གྱི་སྔོན་དུ་འདི་སྣང་གི་དབུགས་ཀྱི་རྒྱུ་བ་ཆད་ནས་ཚེ་ཡི་དུས་བྱས་ན་ཅི་འདྲའི་སྐྱིད་ལའང་སྙམ་པའི་ཚོར་བ་སྐབས་དང་སྐབས་སུ་ཡང་ཡང་སྐྱེས་ལ། སྐྱེ་བ་སྔ་ཕྱི་ཡོད་ཀྱང་འཆི་ལ་སྔ་ཕྱི་མི་དེད་པས་ནམ་ཞིག་དེ་ལྟར་མི་འགྱུར་བའི་ངེས་པ་ཇི་ལྟར་བདོག་སྙམ་པ་ནི་ངའི་སེམས་ཀྱི་རེ་སྨོན་གཙང་མའོ། །