ཞུས་ཀྲི་མའོ་ཡི་སྙན་ངག་ཚན་པ་གསུམ།
རྩོམ་པ་པོ་ཞུས་ཀྲི་མའོ། འབྲོག་ཤེས་རབ་ཀྱིས་བསྒྱུར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཞུས་ཀྲི་མའོ།ཀྲེ་ཅང་ཞིང་ཆེན་གྱི་ཧེ་ཉིང་གྲོང་ཁྱེར་ནས་སྐྱེས།དངོས་མིང་ལ་ཀྲང་ཞུས་ཟེར།དབྱིན་ཇི་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་ཅན་ཆོའོ་སློབ་ཆེན་དུ་ཕྱི་འགྲིམ་ཞིབ་འཇུག་སློབ་མར་འགྲོ་སྐབས།ཞུས་"ཀྲི་མའོ་"ཞེས་མིང་བསྒྱུར།ཀྲུང་གོའི་དེང་རབས་ཀྱི་ཟླ་གསར་ཚོགས་པའི་སྙན་ངག་པ་དང་།ལྷུག་རྩོམ་སྙན་ངག་གྲགས་ཅན་ཡིན།ཀྲུང་གོར་མཚོན་ན་སྙན་ངག་གསར་པའི་འཕེལ་རྒྱས་ལ་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད་པ་རེད།
ཁང་ཆོའོ་དང་སླར་ཡང་གྱེས་པ།
ཁུ་སིམ་མེར་བགྲོད་པ་ཇི་བཞིན།
བདག་ཀྱང་ཁུ་སིམ་མེར་འགྲོ་དགོས་བྱུང་།
ངས་ལག་པ་གཡུག་ཙམ་བྱས་ནས།
ནུབ་ཀྱི་མཚམས་སྤྲིན་ལ་གྱེས་ཕྱག་ཕུལ།
གཙང་ངོགས་ཀྱི་གསེར་འོད་ཀྱི་རྒྱ་ལྕང་དེ།
ལ་ཁའི་མཚམས་སྲིན་གྱི་བག་གསར་བསུ་བ་བཞིན།
རླབས་འོད་ཁྲོད་ཀྱི་ཡིད་དུ་འོང་བའི་གཟུགས་བརྙན་དེ།
བདག་གི་ནང་སེམས་སུ་མཆོངས་ལྡིངས་རྩེན་བཞིན་འདུག
འདམ་སྤྱིལ་སྟེང་གི་སྔོ་ཙག་དེ།
ཆུའི་གཏིང་ན་འོད་ལམ་མེར་འཕྱོ་བཞིན་འདུག
ཁང་ཆོའོ་ཡི་འཇམ་རླབས་ཁྲོད་དུ་ང་རང་ཆུ་རྩྭ་ཞིག་བྱེད་པོར་མོས་ཡོད།
ལྗོན་འདབ་ཀྱི་གྲིབ་བསིལ་ན་འཁྱིལ་བའི་ཆུ་ཡི་རྫིང་བུ།
དེ་ནི་དྭངས་གཙང་གི་ཆུ་མིག་ཅིག་མིན་ནའང་།
དགོང་གི་འཇའ་མཚོན་དེ་རྩ་ཆུའི་གསེབ་ན་བཀྲ་བ་དང་འདྲ་སྟེ།
འཇའ་མཚོན་ལྟ་བུའི་འདུན་པ་ཞིག་རུམ་པ་དེ།
ཕུགས་འདུམ་འཚོལ་བ་ཡིན་ནམ།
སྔོ་ལྗང་གི་གསེབ་ཏུ་དལ་གྱིས་བགྲོད་པ་དེ།
སྐར་ཚོགས་སྟོང་གིས་རྒྱན་པའི་གྲུ་ཆུང་དེ།
སྐར་འོད་ལམ་ལམ་ཁྲོད་ན་གཞས་བཏང་གིན་ཡོད་དམ།
འོན་ཀྱང་བདག་གིས་གཞས་བཏང་མི་རུང་ཏེ།
ལྷིང་འཇགས་ནི་གྱེས་བྲལ་གྱི་སྔོན་བརྡ་འོ།
དབྱར་གྱི་འབུ་ཕྲན་དེ་དག་ཀྱང་ང་ཡི་ཆེད་དུ་ཁུ་སུམ་མེར་གནས་ཡོད།
དོ་ནུབ་ཁང་ཆོའོ་ནི་ཅི་འདྲའི་ལྷིང་འཇགས་ཤིག་རེད་ཨང་།
ང་རང་ལྷིང་འཇགས་ངང་སླེབ་པ་ཇི་བཞིན།
བདག་ལྷིང་འཇགས་ངང་འགྲོ་དགོས་བྱུང་།
ངས་གྱོན་པའི་ཕུ་ཐུང་གཡུག་ཙམ་བྱས་ཀྱང་།
ཚོན་སྤྲིན་ཏོག་ཙམ་ཞིག་ཀྱང་འཁྱེར་ག་ལ་ནུས།
ཁང་ཆོའོ།* མིང་དུ་གྲགས་པའི་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱི་ཟམ་པ་ཞིག
གངས་འདབ་ཀྱི་སྤྲོ་སྣང་།
གལ་ཏེ་ང་རང་ཁ་བའི་མེ་ཏོག་ཞིག་ཡིན་ན།
བར་སྣང་ནས་ལྡེམ་མྱུར་དོད་པོས་ངང་སྤྲོ་སྣང་རོལ་བཞིན།
ངས་རང་ཉིད་ཀྱི་ཁ་ཕྱོགས་ངེས་པར་ཤེས་ཐུབ།
འཕུར་བསྐྱོད།འཕུར་བསྐྱོད།འཕུར་བསྐྱོད།
ས་གཞི་ཆེན་པོའི་ཐོག་ཏུ་ང་ཡི་ཁ་ཕྱོགས་ཡོད།
ང་རང་སྐྱོ་དབྱངས་ཀྱི་རི་འདབ་དེར་འགྲོ་འདོད་མ་བྱུང་།
སྐྱ་ཐང་ཐང་གི་སྲང་ལམ་མྱུལ་ནས་སྐྱོ་བའི་དབུགས་རིང་མི་འབྱིན།
འཕུར་བསྐྱོད།འཕུར་བསྐྱོད།འཕུར་བསྐྱོད།
གཟིགས་དང་།ང་ལ་ངའི་ཁ་ཕྱོགས་ཡོད་དེ།
བར་སྣང་དུ་འདར་འདར་ལྷབ་ལྷུབ་གཡོ་ཞིང་།
དག་གཙང་གི་གནས་མལ་དེ་དངོས་རྟོགས་བྱུང་སོང་།
ཁོ་མོ་ལྡུམ་རའི་ཚལ་ལ་གཟིགས་ཕེབས་གནང་བར་ངང་སྒུག་བྱེད་ཡོད།
འཕུར་བསྐྱོད།འཕུར་བསྐྱོད།འཕུར་བསྐྱོད།
ཨོ།ཁོ་མོའི་སྟེང་དུ་མཚལ་མེ་ཞིམ་མངར་གྱི་དྲི་ཐུལ་འདུག
སྐབས་དེར་བདག་གིས་རང་ཉིད་ཀྱི་བསིལ་ཡང་གི་ལུས་པོར་བརྟེན་ནས།
ལྷོད་ཤིག་གེར་ཁོ་མོའི་སྟོད་ལྭར་འབྱར་ཞིང་།
ཁོ་མོའི་འཇམ་གཉེན་རླབས་རིས་ལྟ་བུའི་སྙིང་ཁར་ཉེ་བར་འཐམས་ཏེ།
བཞུར་དང་།བཞུར་དང་།བཞུར་དང་།
ཁོ་མོའི་རླབས་རིས་འཇམ་མོའི་སྙིང་ཁར་བཞུར་སོང་།
སྐབས་འགར།
ང་ནི་ནམ་མཁའི་དབྱིངས་སུ་རྒྱུ་བའི་སྤྲིན་པ་རྡོག་གཅིག་སྟེ།
མཚམས་རེར་ཁྱོད་ཀྱི་གཙང་པོའི་ནང་དུ་གྲིབ་མ་ཕོག་འགྲོ
ཁྱོད་ཉིད་མཚར་ཉམས་མ་སྐྱེ་བར་ཞུ།
དེ་ལས་ཀྱང་སྤྲོ་སེམས་མི་འཕེལ་བར་ཞུ།
སྐད་ཅིག་ཉིད་ལ་གར་སོང་ཆ་མེད་དུ་གྱུར་དུས།
ངེད་གཉིས་ནི་སྨག་མུན་གྱི་མཚན་མོར་མཚོ་ངོས་ནས་འཕྲད་པ་ཡིན་ལ།
ངེད་གཉིས་ལ་རང་སོ་སོའི་འགྲོ་ཕྱོགས་ངེས་ཅན་རེ་ཡོད་སྟབས།
ཁྱེད་ཀྱི་ཡིད་འཛིན་བཟང་ནའང་།
ངེད་གཉིས་ཀྱི་གནས་འདི་ནས་མིག་ཟུར་སྟོན་པའི་བར་སྐབས་དག
བརྗེད་པར་གྱུར་ན་དེ་བས་ཀྱང་བཟང་སྙམ།
འདི་ནས་ཚོང་འདུས་བཞིན་ཕན་ཚུན་འོད་ཀྱིས་འཁྱུད།