མི་ཕམ་ལྷ་མོ།
ཀླུ་པད་བཟང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཁྱོད་རང་ལམ་ལ་ཆས་རྗེས།
ཤུལ་དུ་ལུས་པའི་འདུག་སྟེགས་སྟོང་པ་དེ།
ད་ལྟའི་དུས་ཀྱི་ང་རང་བཞིན།
གཏིང་འཁྱག་ས་གཞིའི་སྒྲོམ་དུ་དལ་གྱིས་ཡིབ།
མེ་ཏོག་གི་ཞལ་ཁ་མཛེས་པར་ཕྱེ་དུས།
སེམས་ཀྱི་སྟོང་པ་ཁྱོད་དང་རིང་དུ་བསྲིང་ཐབས་མི་འདུག
ཏིང་འཛིན་གྱིས་མ་ཐེག་པར་ལུས་པའི་དྲན་གདུང་།
གྲྭ་ཤག་གི་དབེན་ས་ནས་འཚང་ཁ་ཤིག་ཤིག
ཟླ་བདུན་པའི་ཆར་ཞོད་ཤིན་ཏུ་རྩུབ་ནའང་།
དེ་ཡིས་ཞག་གཅིག་གི་རྨི་ལམ་སྒུལ་མི་ཐུབ་པ་ཇི་བཞིན།
སྲོག་གི་ལག་པར་རྐྱོང་སྐུམ་འབྲལ་གྱུར་ནའང་།
ཁྱོད་ལ་གཟས་པའི་སེམས་ཉིད་གློག་འོད་འཁྱུག་འཁྱུག
བདག་གི་དྲན་པས་བརྩིགས་པའི་མཁར་རྫོང་དུ།
ཁྱོད་ཀྱིས་འཐུང་འཕྲོར་ལུས་པའི་རྒུན་ཆང་ཕོར་གང་གདའ།