འདས་ལོག
གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཁོ་ཡི་ཕ་ཡུལ་དུ་རི་བོ་མཐོན་པོ་ཞིག་ཡོད། རི་འདབས་སུ་ཉལ་དུས། རྨི་ལམ་དུ་རི་རྩེ་རླུང་ཁའི་སྙེ་མ་བཞིན་འདར། རི་སྐེད་ཆུ་ནང་གི་ལོ་མ་བཞིན་གཡོ།
ཁོ་ཡི་ཕ་ཡུལ་དུ་ཆུ་བོ་ཞིག་ཡོད། འགྲམ་ངོགས་སུ་འགྲོ་དུས་མེ་ཏོག་ཅིག་རླབས་རྩེར་འཕྱོ། རྐང་ལྷམ་ཞིག་ཆུ་འཁོར་དུ་འཁོར།
ཁོ་ཡི་ཕ་ཡུལ་དུ་རྩྭ་ཐང་ཞིག་ཡོད། ཐང་དཀྱིལ་དུ་གན་རྐྱལ་དུ་ལོག་དུས། ས་འོག་ནས་འཁུན་སྒྲ་ཞིག་རྐང་མཐིལ་ནས་སྤྱི་བོར་རྒྱུག བར་སྣང་དུ་རླུང་འཁོར་གྱི་ནང་ནོར་ལུག་གི་ངུ་འབོད་གྲག
རྨི་ལམ་རྨིས་ཐེངས་རེར་རི་འདབས་ཀྱི་ཤིང་སྡོང་པང་དུ་འཁྱུད་དེ་ས་མ་འགུལ་རྡོ་མ་འགུལ་ཞེས་སྨོན་ལམ་རྒྱག་དུས། རྒན་པོ་ཚོས་ཁྱེད་ཀྱི་རྨི་ལམ་འཁྲུགས་པ་རེད། གནའ་ཆགས་ཀྱི་རི་བོ་ལ་འགུལ་སྐྱོད་ཡོད་མི་སྲིད་ཟེར།
ཆུ་བོ་ནས་ཕྱིར་ལོག་དུས། གྲོང་དཀྱིལ་དུ་རྡོ་ཕ་བོང་ཐོག་ལངས་ཏེ། ཡར་འགྲོ་མི་ཡི་རྐང་ལྷམ། །མར་འགྲོ་ཆུ་ཡིས་ཁྱེར་སོང་། །ཉ་མོར་སྙིང་རྗེ་ཡོད་ན། །གཤོག་པས་རྐྱལ་རྩལ་སློབ་རོགས། །ཞེས་ལེན་དུས། ན་གཞོན་ཚོས་རྐང་ལྷམ་ཆུ་ཡིས་ཁྱེར་བ་མ་རེད། རྐང་པ་ཆུ་ཡིས་བཀྲུས་པ་རེད་ཟེར།
རྩྭ་ཐང་ནས་ལོག་སྟེ་གཞུང་ལམ་གྱི་འགྲམ་དུ་རླུང་མ་ལངས་། ཐལ་མ་འཚུབ། ཅེས་ཟེར་དུས། འགྲུལ་པ་ཚོས་ཁྱེད་ནི་མི་བསམ་མེད་ཅིག་རེད། རླུང་མི་ལངས་པའི་ཐབས་མེད། རྡུལ་མི་འཚུབ་བའི་ཐབས་ཤིག་དགོས་ཟེར།
སུ་ལ་བཤད་ཀྱང་སྨྱོན་པ་ཞེས་དམའ་འབེབས་བྱས། གང་ལ་ཐུག་ནའང་གླེན་པར་བརྩིས་པས་ཁོའི་ཉིན་གྱི་སྣང་བ་འཁྲུལ། མཚན་གྱི་རྨི་ལམ་འཁྲུགས་ཏེ་རྣམ་ཤེས་ཀྱང་རྣལ་དུ་མི་གནས་པའི་ཚད་དུ་སླེབས།
ཉིན་ཞིག་གི་དགོང་མོར་ཁོས་སླར་ཡང་རི་བོ་འགུལ། ཆུ་བོ་འཕྱུར། རྩྭ་ཐང་འདར་བའི་རྨི་ལམ་ཞིག་རྨིས། རྨི་ལམ་རྨིས་མཐར་དབུགས་ཀྱི་འབྱིན་རྔུབ་ཆད་དེ་གཉིད་ལས་སད་རྒྱུ་མེད་པས་ཚང་མས་ཁོ་ཤི་སོང་ཞེས་གཅིག་ནས་བཅུ་དང་བཅུ་ནས་བརྒྱ་ལ་བསྒྲགས།
ཁོ་ཡང་མགྲོན་པོ་མགྲོན་ཁང་ལས་བུད་པ་ལྟར་རྣམ་ཤེས་ཚོགས་དྲུག་རེ་ཞིག་ལུས་པོ་དང་བྲལ་ཏེ་འཁྱམ་ཉུལ་བྱེད་དུས། བྲག་དཀར་པོའི་རྩེ་མོར་བབ་པའི་བྱ་རྒོདཅིག་མཐོང་མ་ཐག་དེའི་གཤོག་ཟུང་ལ་བཅིབས་ཏེ་མཁའ་དབྱིངས་སུ་འཕུར་བའི་རེ་འདོན་ཞུས་ཀྱང་། བྱ་རྒོད་ཀྱིས་ཁྱེད་ད་དུང་དུས་ལ་བབ་མེད་ཅེས་དང་དུ་མ་བླངས་པས་ཁོ་རང་སླར་ཡང་རི་འདབས་དང་ཆུ་བོ། རྩྭ་ཐང་དུ་འགྲོ་སྐྱོད་བྱེད།
གཉེན་ཉེ་རིགས་དང་གྲོང་མི་ཁྱིམ་མཚེས་རྣམས་ཀྱིས་ཁོ་རང་ཤི་བར་བསྒོམས་ཏེ་འདས་མཆོད་སྒྲུབ་པར་བྲེལ་བཞིན་འདུག
གྲོང་པ་ནང་ངུ་མཁན་མང་། དགོད་མཁན་ཡང་སྣང་།
ཨ་ཁ། ཚེ་མི་རྟག་ནམ་མཁའི་གློག་དང་འདྲ། དེ་འདྲའི་སྤྱོད་ཡོན་གཉིས་འཛོམས་ཀྱི་ལོ་ཆུང་ཞིག་གློ་བུར་དུ་ཤི་བ་ནི་དངོས་གནས་འཕྲོག་བརླག་རེད། ཅེས་དུས་རྒྱུན་ཁོ་ལ་སྨྱོ་གཏམ་མ་བཤད་ཅེས་ཁ་རྡུང་དྲག་པོ་གཏོང་མཁན་གྱི་རྒན་པོ་དེ་ལམ་འགྲམ་ལ་བསྡད་ནས་དེ་སྐད་བཤད།
ཨ་ཙི་ཙི། འདི་འདྲའི་མཚོན་ཐབས་ལེགས་པོ །མཚོན་དོན་ཟབ་མོ། ཚིག་འགྲོས་བདེ་མོ། ཞེས་པ་ནི་དུས་རྒྱུན་ཁོའི་བརྩམས་ཆོས་ལ་མིག་མདའ་ཙམ་ཡང་མི་འཕེན་པར་མ་ཟད་ཁ་ལོག་མིག་ལོག་བྱས་པའི་ན་གཞོན་རྩོམ་དགའ་དེའི་སྐད་ཆ་རེད།
མི་ཞིག་ཤི་གསོན་གཉིས་ཀྱི་དུས་སོ་སོ་ལ་མི་ཁ་མི་འདྲ་བ་ཡིས་ཁོ་རང་དགའ་སྡུག་གང་ཡིན་མི་ཤེས་པར་སེམས་པ་ཡམ་ཡོམ་དུ་གྱུར་ཏེ་ཡར་ལྟ་མར་ལྟ་བྱེད་དུས། ཆུ་བོའི་ཕ་རོལ་ན། སློབ་དཔོན་གྱི་རྗེས་སུ་སློབ་མ། སློབ་མའི་གཡས་གཡོན་དུ་ཁྱིམ་བདག་བཅས་ཁྱུ་ཚོགས་ཤིག་གིས་དཔུང་པ་རྫེ་རྫེ། རྡོག་སྒྲ་རྒྱག་རྒྱག་གིས་ཚུ་རོལ་ལ་ཐལ་སྒྲ་གཏོང་གཏོང་བྱས། ཚུ་རོལ་དུ། དཔོན་པོའི་རྒྱབ་ལ་གཡོག་པོ་དང་གཡོག་པོའི་འགྲམ་ལ་ཡང་གཡོག་བཅས་ཚོགས་པ་ཞིག་གིས་ཁུ་ཚུར་སྒྲེང་སྒྲེང་། མགོ་བོ་དགྱེ་དགྱེ་ཡིས་ཕ་རོལ་ལ་མཆི་མ་འཕེན་འཕེན་བྱས།
བར་གྱི་ཟམ་པ་ལྡེམ་མེ་བ་ཞིག་གི་ཐོག་ལ་ཕོ་སར་ཞིག་གིས་སྟག་ངར་མའི་སྐེ་ལ་ལྕགས་ཐག་བསྐོན་ཏེ་རྫིག་རྫིག་ངོམ་ངོམ་གྱིས་ཕར་འགྲོ་བཞིན་འདུག རྒན་པོ་ཞིག་གིས་ཕུ་རུང་ཆེན་པོ་ནང་མདའ་བཞུ་བསྐུངས་ཏེ་གུས་གུས་ཞུམ་ཞུམ་གྱིས་ཚུར་འོང་གིན་འདུག
གློ་བུར་དུ་ཁོ་རང་ཁ་སྐྱེངས་པའམ་ཡིད་ཞུམ་པ། ངོ་ཚ་བའམ་སེམས་འདར་བས་རྩྭ་ཐང་ཆེན་མོར་བརྒྱུགས་པ་ན། སྤང་ནག་གི་མཚམས་སུ་ལམ་དཀར་ནག་གཉིས་བཤིབས་ཏེ་མཁའ་མཐའ་ལ་བསྲིང་ཡོད་པ་དང་། ལམ་གཉིས་ཀྱི་བར་ན་ཟྭ་ལྕག་ཆེན་པོ་བརྒྱབ་ཡོད་པའི་སྒོ་ཆེན་ཞིག་གི་འགྲམ་ལ་ཁ་ངོ་ཕྱེད་དཀར་ཕྱེད་ནག་ཅན་གྱི་མི་ཞིག་ལངས་ཡོད་པ་མཐོང་།
ཁོ་རང་འགྲམ་དུ་བཅར་ཏེ་ལམ་སྣ་སྟོན་རོགས་ཞེས་ཞུས་མུར། མི་དེས་སྤྱིར་དུས་ལ་མ་བབ་པའི་མི་ཞིག་འགྲོ་བའི་ལམ་སྣ་འདི་ན་མེད། སྒོས་སུ་དུས་ལ་བབ་ཀྱང་ལམ་སྣའི་ལྡེ་མིག་ནི་དབུ་ནག་མི་ཡི་བྱམས་སེམས་ཀྱི་པོ་ཏི་གྲུ་བཞི་མར་ཡོད། སྙིང་རྗེ་ཡི་མ་ཎི་ཕྲེང་བར་ཡོད། བཤད་སྒྲུབ་ཀྱི་མཆོད་མཇལ་སྐོར་ལམ་དུ་ཡོད། འདི་ཕྱི་ཡི་ཁ་ཞེ་གཉིས་མེད་ན་ཡོད་པས་ཕྱིར་སོང་ཞིག་ཅེས་ལག་པས་ལྕག་ཚན་འཕྱར་ཏེ་མགོ་ལ་ཚག་ཐག་ཆོད་ཅིག་བཞུས་པས། ཁོ་རང་འགྱེལ་མ་ལངས་དང་རྒྱུག་མ་འཕུར་གྱིས་སླར་ལུས་པོར་ཞུགས་ཏེ་རྐང་ལག་འགུལ་ཙམ་དང་མིག་ཟུང་འབྱེད་ཙམ་བྱས་རྗེས། ཁ་དང་སྣ་ལས་དབུགས་ཀྱི་འབྱིན་རྔུབ་ཀྱང་ཡོད་དེ་རིམ་བཞིན་སོས་པས་འགྲམ་དུ་ཡོད་པའི་མི་རྣམས་ཀྱིས་རོ་ལངས་རྒྱག་བྱུང་ཞེས་འུར་སྒྲ་ལྡིར་རི་རི་བྱས་མོད། ཁོ་ལ་ཚད་ལས་འདས་པའི་བྱ་སྤྱོད་མེད་པས་ད་གཟོད་མི་རྣམས་ཀྱིས་འདས་ལོག་རེད། འདས་ལོག་རེད་ཅེས་ཐལ་མོ་སྦྱར་ཏེ་ཕྱག་ཡང་ཡང་འཚལ།
ཁོ་རང་རེ་ཞིག་ཉལ་ས་ན་ཙོག་པུར་འདུག་སྟེ་ཉིན་གསུམ་གྱི་རིང་གི་མཐོང་ཐོས་ལ་རྗེས་དྲན་བྱེད་དུས་ཁོང་འདར་ཞིག་བརྒྱབ།
གྲོང་མི་རྣམས་ཀྱིས་ཕན་ཚུན་ཕར་ལྟ་ཚུར་ལྟ་བྱེད་ཀྱིན་ཧ་ཅང་དད་བཀུར་གྱིས་འདས་ལོག་ལགས། ཁྱེད་ནི་སྐྱེ་བ་ཕྱི་མར་ཐེངས་གཅིག་སོང་མྱོང་བས་དམྱལ་ཁམས་དང་ཞིང་ཁམས་ཞེས་པའི་མཐོང་ཐོས་གསུང་རོགས། ན་གཞོན་རིག་རྒོད་དང་བླ་མ་སྟོབས་ལྡན་གཉིས་ཀའི་འགྲོ་འདུག་མཐོང་ཨེ་ཡོད་ཅེས་ནན་གྱིས་ཞུས།
ཁོ་ཡིས་ངས་དང་པོར་བྱ་རྒོད་ཅིག་མཇལ་ཏེ་མཉམ་དུ་འཕུར་འདོད་ཆེ་ཞེས་རེ་བ་ཞུས་ཀྱང་བྱ་རྒོད་ཀྱིས་ཁྱེད་ད་དུང་དུས་ལ་བབ་མི་འདུག་ཅེས་དང་དུ་མ་བླངས།
བར་དུ་ཕ་ཡུལ་གྱི་ཆུ་བོ་དང་རི་འདབས་སུ་སོང་དུས་ཡུལ་མི་ཚོས་གནའ་བོའི་དུར་ས་བསློགས། མེ་རོ་སོས་ཏེ་འཇིགས་སུ་རུང་བའི་དུ་སྨུག་གིས་གནམ་ས་བསྒྲིབས་པས་ཧ་ཅང་སྐྲག་སྟེ་རྩྭ་ཐང་དུ་བྲོས་དུས། ལམ་དཀར་ནག་གི་བར་དུ་ཁ་ངོ་ཕྱེད་དཀར་ཕྱེ་ནག་གི་མི་དེ་ལ་ལམ་སྣ་སྟོན་རོགས་ཞུས། རེད་དེ། མི་དེས་ཀྱང་ཁྱེད་ད་དུང་དུས་ལ་བབ་མེད། གལ་སྲིད་བབ་ནའང་ལམ་སྣའི་ལྡེ་མིག་ནི་བོད་མི་སོ་སོའི་ལག་ན་ཡོད་ཅེས་ཕྱིར་ལ་དེད བྱུང་། ཞེས་ཟེར།
འོན་ཀྱང་། གྲོང་མི་རྣམས་ཀྱིས་ད་དུང་ཡང་ཁོ་ཡིས་བཤད་པ་རྣམས་སྣང་བ་འཁྲུལ་ཞིང་རྨི་ལམ་འཁྲུགས་པའི་སྐད་ཆ་ཁོ་ནར་བརྩིས་ཏེ་ཆ་འཇོག་མཁན་གཅིག་ཀྱང་མ་བྱུང་། ཁོ་ཚོའི་སེམས་ནང་ཤི་ནས་ཉིན་གསུམ་སོང་ཡང་། སླར་སོས་པའི་འདས་ལོག་ཤིག་གིས་དམྱལ་བ་དང་བར་དོ། ཞིང་ཁམས་གང་ཞིག་མི་མཐོང་དཔེ་མི་སྲིད་བསམས་ཏེ་མུ་མཐུད་དུ་ཨུ་ཚུགས་བྱེད་ཀྱིན་ཡོད་དོ།། །།