མཐོ་སྒང་གི་དག་པའི་ཞིང་ཁམས་འདབ་པ།

ཡེ་མགོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-01



སྔོན་འགྲོའི་གཏམ།

        ནུབ་ཕྱོགས་བརྩམས་ཆོས་གྲགས་ཅན་ཁྲོད་དུ་སའི་གོ་ལའི་ཆེས་མཇུག་མཐའི་དག་ཞིང་ཞེས་བཀོད་ཡོད་ཅིང་། ཤར་ཕྱོགས་རྒྱལ་ཁམས་ཀྱི་གཏམ་རྒྱུད་ཁྲོད་དུ་རིགས་གསུམ་མགོན་པོས་འདབ་པའི་ཉི་སྟེན་ལ་ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་གཟིགས་བཞིན་ཡོད་ཅེས་ཟེར། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཆགས་ནས་ཡུལ་སྐོར་འགྲུལ་པ་ཁྲི་སྟོང་མང་པོ་གངས་ཅན་མ་ཡུམ་གྱི་ཕང་དུ་བཅར་ཞིང་། མཐོ་སྒང་གི་ངོ་མཚར་ཡུལ་ལྗོངས་གྲངས་མེད་ལས་འདབ་པའི་མཛེས་ལྗོངས་ནི་སྙན་ངག་མཁན་པོའི་པུར་རྩེ་ལས་ཐོན་པ་དང་མཚུངས། ལྟོས་དང་། གཡུ་ལོ་ཐགས་སུ་བཀྲ་བའི་སྦྱར་ཤིང་མཁའ་ལ་ཟུག་པའི་འགྱིང་ཉམས་མཐོང་དུ་ཡོད་ལ། ཉོན་དང་། དལ་འབབ་བཙལ་རོགས་ཆུ་བོའི་སྙན་པའི་ལྷང་སྒྲ་ཡང་གསན་དུ་ཆོག  ཉི་སྟེན་མཁའ་གནས་ཁྲོམ་རའི་མཛེས་ཉམས་ལོངས་སུ་སྤྱད་མ་ཐག་ནས། མཆོད་རྟེན་ཐང་ཆེན་ཕྱོགས་ཀྱི་རྡོག་བྲོས་ཡིད་དབང་རབ་ཏུ་འགུགས། གཡུ་འབྲུག་སྔོན་མོ་ཐང་ལ་རྒྱུ་འདྲའི་འདབ་པའི་ཆུ་བོའི་ངོས་ནས་ཚོན་མདངས་རྣམ་པར་བཀྲ་བའི་གློག་འོད་ཁྲ་ཆིལ་དགུ་ཆིལ་དུ་འཕྲོས་ཤིང་། རྐང་ཐང་འགྲོ་ལམ་བརྒྱུད་ནས་སྔར་མེད་འཕོ་འགྱུར་བྱུང་ཚུལ་གདེང་ཞིག་བརྒྱབ་དུས་ཡིད་ཀྱི་མཚོ་མོ་འཇགས་ཐབས་བྲལ། 

        སྔོན་ཆད་ཀྱི་འདབ་པ་ནི་ཁྲོམ་ལམ་གཅིག་དང་ཁང་པ་འགའ་ཤས་ཙམ། ད་ལྟའི་འདབ་པ་ནི་གཞུང་ལམ་ཆེ་ཞིང་ཐོག་ཁང་མང་ལ་བརྗིད། སྔོན་ཆད་ཀྱི་འདབ་པ་ནི་ནོར་བུའི་འོད་ཟེར་ས་འོག་ཏུ་སྦས་པ་དང་འདྲ་ཞིང་། ད་ལྟའི་འདབ་པ་ནི་འཛམ་གླིང་དུ་གྲགས་པ་རབ་ཏུ་འབར། གླུ་ལེན་གར་འཁྲབ་ཀྱིས་དུས་བདེ་ཞོད་འཇགས་ལ་རྟེན་འབྲེལ་བྱེད་ཅིང་། འདབ་པ་རུ་གནས་པའི་བདེ་སྐྱིད་ཀྱི་དྲོད་འཁོལ་ལམ་ལམ་རྒྱུག  ལ་དང་ལུང་པ་བརྒལ་ནས་རང་དབང་གིས་ཡུལ་སྐོར་ལ་ཕེབས་ཚེ་འདབ་པའི་དུང་དུང་བརྩེ་བ་སེམས་ཁོང་གི་གསེང་དུ་ཁྱབ། ནུབ་ཕྱོགས་པས་དེང་རབས་ཀྱི་སྲོག་སྐྱོབ་གྲུ་ཆེན་ཞེས་བསྔགས་པར་བརྗོད་དེ་ཡལ་ཟིན་པའི་གནམ་སའི་འབྲེལ་མཚམས་འཚོལ་བར་བྲེལ། ཤར་ཕྱོགས་པས་དབེན་པའི་དགའ་ཚལ་ཞེས་བསྟོད་པར་བྱས་ཏེ་ཁྱད་འཕགས་དྭངས་གཙང་གི་གདོད་མའི་རང་མདངས་འཚེར། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་གཏོང་ཡུལ་དུ།། ཤམ་བྷ་ལ་ཡིས་ཐག་རིང་མགྲོན་པོར་བསུ།། སྙན་ཚིག་ནང་གི་བདེ་ལྡན་ཞིང་ཁམས་ཞེས།། སྐུ་ཉིད་འདབ་པར་ཕེབས་དང་རྙེད་ངེས་སོ།།  

ཡིད་དབང་འཕྲོག་པའི་ཤམ་བྷ་ལ། 

        1933ལོར་རྒྱལ་ཁོངས་ཨ་རིའི་ཨོ་སི་ཁྲུ་རི་ཡའི་མྱུལ་དཔྱད་པ་ཡུའེ་སེ་ཧྥུ་ལུའོ་ཁེ་ཡིས་བྲིས་པའི་ཡལ་ཟིན་པའི་གནམ་ས་འབྲེལ་མཚམས་ཞེས་པའི་བརྩམས་ཆོས་ལས་གནམ་འོག་གི་ཆེས་མཐའ་མའི་དག་པའི་ཞིང་ཁམས་ཞེས་བྲིས་ཡོད་པ་མི་རྣམས་ལ་ཆ་རྒྱུས་ཡོད་ཅིང་། ད་ལྟར་ཀྲུང་གོ་བས་དབེན་པའི་ཞིང་ཁམས་དང་ནུབ་ཕྱོགས་རྒྱལ་ཁབ་བས་དེང་རབས་ཀྱི་མཐོ་རིས་དགའ་ཚལ་ཞེས་འབོད་བཞིན་ཡོད་ལ་ཤམ་བྷ་ལའི་བླ་སྲོག་ཅེས་གྲགས་པའི་འདབ་པ་རྫོང་ནི་ཀྲུང་གོའི་ཤམ་བྷ་ལའི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་སུ་གྱུར་པ་རེད།

མཐོ་སྒང་གི་དག་པའི་ཞིང་ཁམས་འདབ་པ།

        2018ལོའི་ཟླ་བ12པའི་ཚེས12ཉིན། ཉི་མའི་ཚ་ཟེར་ཁྲོད་ཀྱི་འདབ་པར་དགུན་དུས་ཀྱི་སྐྱོ་སྣང་མེད་པའི་ཐོག་ཚོན་མདངས་རྣམ་པར་བཀྲ་བཞིན་ཡོད། འདབ་པ་རྫོང་དེ་མཐོ་སྒང་ཡུལ་གྲུར་ཆགས་ནས་ཁ་ཁུག་སིམ་པོའི་གཞོན་ནུ་མ་ཞིག་དང་ཀུན་ནས་མཚུངས། ཉི་སྟེན་དང་། བཅིངས་འགྲོལ། འོད་འཕྲོ། སྡེ་སྐྱིད་ལམ་སོགས་འཕྲེད་གཞུང་གང་རུང་གིས་བགོས་པའི་ས་ཁོངས་སོ་སོར་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་མངོན་ཞིང་དེ་དག་གི་ཁྲོད་དུ་ཁྱད་ཆོས་ལྡན་པའི་བོད་ཁང་དག་ཁྲ་ཚོམ་མེར་གནས་པས་རྫོང་ཁུལ་ལ་མཛེས་པའི་གྱོན་གོས་གསར་པ་ཞིག་བསྐོན་པ་དང་གཉིས་སུ་མེད་ཅིང་། གྲོང་ཁྱེར་བསྐོར་ནས་རྒྱུ་བཞིན་པའི་འདབ་པའི་ཆུ་བོ་དེ་སྨད་ཤམ་ཞིག་ལུས་ལ་དཀྲིས་པ་དང་ཀུན་ནས་མཚུངས་ལ། བཙལ་རོགས་ཆུ་བོ་དེ་སྐེད་རགས་ཀྱི་ཚུལ་དུ་གྲོང་ཁྱེར་གྱི་དཀྱིལ་དུ་བཞུར་ཞིང་མཛེས་ཤིང་ལྟ་ན་སྡུག་པ་རེད།

        འདབ་པ་རྫོང་གི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱི་ཀུང་ཕེང་གིས་ལོ40ཡི་སྔོན་གྱི་འདབ་པ་ནི་ཧ་ཅང་ཆུང་བའི་རྫོང་ཞིག་ཡིན། ང་རང1993ལོར་འདབ་པར་འོངས་བ་ཡིན་རུང་དུས་རབས་གོང་མའི་ལོ་རབས་བདུན་བཅུ་དང་བརྒྱད་བཅུ་པའི་སྐབས་ཀྱི་གནས་ཚུལ་ནི་ང་རང་གིས་འདབ་པ་རྫོང་གི་ལོ་རྒྱུས་ཟིན་དེབ་ཐོག་ནས་ཆ་རྒྱུས་ལོན་པ་རེད། ལོ་རབས་བདུན་བཅུ་ནས་བརྒྱད་བཅུ་པའི་སྐབས་སུ་འདབ་པ་རྫོང་དུ་ཁྲོམ་ལམ་གཅིག་ལས་མེད། དུས་རབས་དགུ་བཅུ་པར་ང་རང་ལས་དོན་སྒྲུབ་སྐབས་རྫོང་མཁར་དུ་ཁྲོམ་ལམ་གཉིས་ལས་མེད། ཁྲོམ་ལམ་གཅིག་ལ་སྤྱི་ལེ1.2ཡོད་པ་དང་ཁྲོམ་ལམ་གཞན་དེ་ལ་སྨི་དྲུག་བརྒྱ་ཙམ་ལས་མེད་པས། རྫོང་མཁར་གྱི་གཞི་ཁྱོན་ཧྲིལ་པོར་སྤྱི་ལེ་གྲུ་བཞི0.56ལས་མེད་པ་རེད་ཅེས་བཤད།

        དབྱི་ཀུང་ཕེང་ལ་བག་ཆགས་ཆེས་ཟབ་མོ་ཞིག་བཞག་ཡོད་པ་ལས་གཅིག་ནི་རྫོང་མཁར་གྱི་སྡོད་ཁང་ཕལ་ཆེར་སྲོལ་རྒྱུན་གྱི་བོད་པའི་ཤིང་ཁང་ཡིན། ཁང་ཐོག་ལ་མི་དང་ཁང་འོག་ལ་ནོར་ཕྱུགས་གསོ་ཚགས་བྱེད་བཞིན་པ་རེད། ཆེས་ཡག་ཤོས་ཀྱི་བཟོ་བཀོད་ནི་སྲིད་གཞུང་གི་ལས་ཁུངས་ཡོད་སའི་ཐོག་བརྩེགས་གཉིས་ཅན་གྱི་སོ་ཕག་དང་ཤིང་ཆ་ལས་གྲུབ་པའི་ཐོག་ཁང་ཆུང་ཆུང་དེ་ཡིན། གཉིས་ནི་ཁྲོམ་ལམ་ཚང་མ་ཁོད་མི་སྙོམས་པའི་ས་རྡོའི་གཞུང་ལམ་ཡིན། དགོང་མོར་རྫོང་མཁར་དུ་ལམ་སྒྲོན་མེད་པ་དང་འདམ་པ་ལམ་ཡིན་སྟབས་གཟབ་གཟབ་ཅུང་ཙམ་མ་བྱས་ན་སར་བརྡབ་སྐྱོན་བྱུང་སྲིད་པས། ཡུལ་མི་རྣམས་དོན་དག་གལ་ཆེན་མེད་ན་སྒོ་ཕྱིར་མི་འབུད་པ་རེད། གསུམ་ནི་རྫོང་མཁར་ཡོངས་སུ་ཞབས་ཞུའི་སྒྲིག་ཆས་ཡག་པོ་གཅིག་ཀྱང་མེད་པ་དང་། ཐ་ན་རྫོང་ཨུ་དང་ཤང་སྲིད་གཞུང་གིས་གོང་རིམ་འགོ་ཁྲིད་སྣེ་ལེན་བྱ་དགོས་ནའང་ཟ་ཁང་ཆུང་ཆུང་གཅིག་ཁོ་ན་ལས་མེད་པས་མགྲོན་ཁང་ནི་དེ་བས་ག་ལ་ཡོད།

        བཅོས་བསྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་ཟབ་ཏུ་སྤེལ་ནས་འདབ་པ་རྫོང་ལའང་འགྱུར་ལྡོག་འགྲོ་བཞིན་པ་རེད། འདབ་པ་རྫོང་དུ་མངོན་གསལ་གྱི་འགྱུར་ལྡོག་ཐེངས་གཉིས་བྱུང་ཡོད། དབྱི་ཀུང་ཕེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 20016ལོའི་ཟླ་བ6པར་འདབ་པ་རྫོང་གི་འགྲུམ་འགྲུལ་གཞུང་ལམ་ལ་འགྱུར་ལྡོག་བྱུང་ནས་རྫོང་མཁར་དུ་སྣུམ་སྙིགས་གཞུང་ལམ་འདིང་འགོ་བཙུགས་ཏེ་འགྲིམ་འགྲུལ་གྱི་འགག་མདོའི་ཚོད་འཛིན་རིམ་བཞིན་གཏོར་བརྒལ་བྱུང་བ་རེད། 2011ལོའི་ཟླ་བ8པར་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་འབྲི་ཆུའི་འབབ་རྒྱུད་ཀྱི་ཤམ་བྷ་ལ་ཆེན་པོའི་རྒྱལ་སྤྱིའི་སྤུས་དག་ཡུལ་སྐོར་ས་ཁུལ་ཏེ་འདབ་པ་རྫོང་ཉི་སྟེན་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ནས། འདབ་པ་མཆོང་བརྒལ་འཕེལ་རྒྱས་ཡོང་བར་སྔར་མེད་ཀྱི་གོ་སྐབས་བཟང་པོ་དང་འཕྲད་པ་རེད། དེ་ནས་བཟུང་འདབ་པ་རྫོང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བྱས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་བ་དང་། སྐྱེ་ཁམས་དང་མིས་བཟོས་ཁོར་ཡུག་ལེགས་བཅོས་བྱུང་ནས་ཡུལ་སྐོར་བྱེད་སའི་གྲོང་ཁྱེར་གྲགས་ཅན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་བ་རེད།

        དེང་སང་འདབ་པ་རྫོང་གི་གྲོང་ཁུལ་འཛུགས་སྐྲུན་གྱི་ལས་ཀར་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ཡོད། ད་ལྟར་རྫོང་དུ་གཞུང་ལམ11དང་ཁྲོམ་ཁུལ3ཡོད་པ་དང་སྤྱིའི་ལམ་ཐག་སྤྱི་ལེ17.5ཡོད། ཁྲོམ་ལམ་དང་གཞུང་ལམ་གྱི་ལམ་ངོས་ཚང་མ་ཁོད་སྙོམས་ལ་ཐོགས་འགག་མེད་པ་དང་། ཆུ་འབུད་སྒྲིག་ཆས་འཐུས་ཚང་དང་གཞུང་ལམ་དང་སྐྱོར་སྒྲོམ་འཐུས་ཚང་ཡིན་ཞིང་། རྫོང་མཁར་གྱི་གཞུང་ལམ་ཟུར་གཉིས་ཀྱི་ལམ་སྒྲོན་ཁྱོན་བསྡོམས1350སྒྲིག་སྦྱོར་བྱས་ཡོད།

 མིག་སྔར། རྫོང་མཁར་གྱི་གཞི་ཁྱོན་བསྡོམས་པས་སྤྱི་ལེ་གྲུ་བཞི2.8 བསྐྲུན་ཟིན་པ་དང་། འབྱུང་འགྱུར་དུ་ཆུ་འགྲམ་ལམ་ནས་བཅིངས་འགྲོལ་གྲོང་རྡལ་གྱི་འདམ་འགོ་གྲོང་སྡེ་དང་བསམ་མོ་ཤང་བར་དུ་འབྲེལ་མཐུད་འཛུགས་སྐྲུན་བྱ་རྒྱུ་དང་། གྲོང་ཁུལ་འཆར་འགོད་དང་འཕེལ་རྒྱས་གཏོང་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི5.2ལ་ཟིན་པ་རེད།

མཐོ་སྒང་གི་དག་པའི་ཞིང་ཁམས་འདབ་པ།

        ཉེ་བའི་ལོ་ཤས་རིང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལས་ཀར་སྐུལ་འདེད་དང་འཕེལ་རྒྱས་གཏོང་བར་བརྒྱུད། འདབ་པ་རྫོང་གིས་སྐྱེ་ཁམས་ལྡན་པའི་རྫོང་སྐྱོང་བ་དང་ཡུལ་སྐོར་སྟོབས་ལྡན་ཡོང་བའི་རྫོང་དུ་འགྱུར་བའི་ལས་ཀ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད། རྫོང་ཁུལ་གྱི་མཐའ་སྐོར་དུ་ཐོག་མར་བྱེ་རླུང་འགོག་ཐུབ་པའི་ཆེད་དུ་མུའུ་ཁྲི་ཡོད་པའི་སྦྱར་ལྕང་བཙུགས་ནས་རྫོང་མཁར་གྱི་སྐྱེ་ཁམས་ལ་གསོན་ཤུགས་བསྣན་ནས་མཛེས་སྡུག་རྣམ་པར་བཀྲ་བ་རེད། འདབ་པའི་ཆུ་བོ་འགྲམ་ངོགས་སུ་བསྐྲུན་པའི་སྨི་བརྒྱ་ཅན་གྱི་ཆུ་འགྲམ་སྐོར་ལམ་དེ་ཡུལ་སྐོར་བ་དང་ཡུལ་མི་ཚོ་འཆམ་འཆམ་དུ་འགྲོ་སར་གྱུར་པ་དང་། ཆུ་བོའི་འགྲམ་ངོགས་སུ་བཅིངས་འགྲོལ་འདམ་རའི་སྤྱི་གླིང་བསྐྲུན་ནས་འདབ་པ་རྫོང་གི་སྐྱེ་དངོས་ཕུན་སུམ་ཚོགས་པ་དང་རྫོང་མཁར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བས་འདབ་ཆགས་དང་ཉ་རིགས་འཚོ་སྡོད་བྱེད་སར་ཡང་གྱུར་པ་དང་མཐོ་སྒང་གི་སྐྱེ་དངོས་སྣ་མང་ཅན་དང་ས་ཆུ་སྲུང་འཛིན་ཡག་པོ་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། རྫོང་མཁར་གྱི་འགྱུར་ལྡོག་དེ་འཕེལ་རྒྱས་འགྲོ་བཞིན་པའི་འདབ་པ་རྫོང་གི་མཚོན་བྱེད་ཅིག་རེད།2017ལོར་འདབ་པ་རྫོང་ནི་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཆེས་བཟང་བའི་རྫོང་དུ་གྱུར་ཡོད།

        གློག་འོད་འོག་གི་འདབ་པའི་མཚན་མོའི་ཡུལ་ལྗོངས་དེ་བས་མཛེས་སྡུག་ཆེ་ཞིང་། རིགས་གསུམ་མགོན་པོའི་ཐང་ཆེན་དང་། ཉི་སྟེན་མཁའ་ཁྲོམ། སྤྲོ་སྐྱིད་ལྡན་པའི་སྐོར་བྲོ། ཚོན་མདངས་བཀྲ་བའི་གློག་སྒྲོན་སོགས་ཀྱིས་མི་ཚོའི་ཡིད་དབང་རབ་ཏུ་འཕྲོག་ནས་ཤམ་བྷ་ལའི་དག་པའི་ཞིང་ཁམས་ལ་སླེབས་པ་དང་གཉིས་སུ་མེད་དོ།།

 

བཅོས་བསྒྱུར་སྒོ་འབྱེད་ཁྲོད་ཀྱི་སྒྲོག་འགྲེལ་པ་ཞིག

        ཟླ་བ12པའི་ཚེས12ཉིན། འདབ་པ་རྫོང་གསུམ་འདུས་གྲོང་རྡལ་གསུམ་འདུས་གྲོང་ཚོ་དང་པོའི་ཨུ་ཡོན་ལྷན་ཁང་དུ་ལོ་ན58ཡིན་པའི་ཁུལ་རིམ་པའི་སྒྲོག་འགྲེལ་པ་ཞའོ་གོ་ཡིས་བརྩེ་དུང་ཟབ་པོའི་ངང་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་འཆད་བཞིན་ཡོད།ཉན་མཁན་ཚོས་རྣ་བ་བླགས་ཏེ་ཉན་ཞིང་བར་མཚམས་སུ་དགའ་བའི་ཐལ་སྒྲ་ཡང་བརྡེབས་པ་རེད། ཁོང་གིས་ང་རང་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་གསོན་པོ་ཞིག་ཡིན་ཞེས་བཤད་པ་རེད། 1978ལོའི་སྐོར་གླེང་དུས་ཞའོ་གོའི་བསམ་ཡུལ་དུ་དྲན་ཤེས་ཀྱི་ཆུ་ལོག་རབ་ཏུ་འཕྱུར་བ་རེད།ཁོང་གིས་ལོ་དེས་ང་རང་ལ་བག་ཆགས་ཧ་ཅང་ཟབ་མོ་ཞིག་བཞག་ཡོད། ང་རང་ནི1978ལོར་དམག་ལ་ཞུགས་པ་ཡིན། དེ་ལོའི་ཟླ་བ12པའི་ཚེས18ཉིན་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཡོད། དམག་དཔུང་ནང་ཟླ2རིང་ལ་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱས་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་བསམ་ཚུལ་གསར་པ་གོ་བ་ནན་ཏན་བླངས་ཡོད།བཅོས་བསྒྱུར་སྒོ་འབྱེད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་བཟུང་རླབས་ཆེན་ལོ་རྒྱུས་ཀྱི་ཁ་ཕྱོགས་བསྒྱུར་བའི་དོན་ཆེན་ཞིག་ཡིན་པ་རེད་ཅེས་བཤད་པ་རེད།

མཐོ་སྒང་གི་དག་པའི་ཞིང་ཁམས་འདབ་པ།

         བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་འཕོ་འགྱུར་བྱུང་ཚུལ་སྐོར་བཤད་དུས་ཞའོ་གོ་ལ་དེ་བས་བཤད་མི་ཚར་བའི་མྱོང་ཚོ་ཡོད་པ་རེད། ཁོང་གིས་མང་པོ་གང་ཡང་བཤད་མི་དགོས། ངའི་ལས་དོན་སྐོར་བཤད་ན་ཆོག བཅོས་བསྒྱུར་སྒོ་འབྱེད་བྱས་མེད་ན་ང་ཡང་རྒྱལ་ཁབ་ཀྱི་ལས་བྱེད་པ་འགྱུར་མི་སྲིད་ཅེས་སེམས་ཐག་ཆོད་པོས་དེ་ལྟར་བཤད། ཞའོ་གོ1983ལོར་དམག་ཁོངས་ནས་ཕྱིར་འཐེན་རྗེས་རྒྱལ་ཁབ་ཀྱི་ལས་བྱེད་པ་བསྡུ་བའི་རྒྱུགས་སྤྲོད་ནང་ཞུགས་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་པ་རེད།

        ཞའོ་གོ་སྒྲོག་འགྲེལ་པ་ཞིག་ཡིན་པའི་ཆ་ནས་གྲངས་ཀ་ལ་སྐྱེན་ཚོར་ཆེན་པོ་ཡོད་པ་རེད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 1978ལོར་དཀར་མཛེས་ཁུལ་གྱི་ལོ་རེའི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར133ལས་མེད། མི་རེའི་ཆ་སྙོམས་འབྲུ་རིགས་བཟུང་ཚད་རྒྱ་མ300ལས་མེད། འདབ་པ་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་ཁྲི100བརྒལ་ཙམ་ཡིན།དར་མདོ་ནས་འདབ་པ་བར་ཉིན་གཉིས་དང་ཕྱེད་ཀ་འགྲོ་དགོས་ལ།དེ་དུས་མི་དར་མ་ཞིག་ཡིན་ཡང་ཉིན་གཅིག་ལ་ངལ་རྩོལ་ཡོང་འབབ་སྒོར་ཟུར7ལས་མེད། མང་ཚོགས་ལྟོ་གོས་མི་འདང་བའི་དུས་ཡིན་པ་རེད། 

        ཞའོ་གོས་རྫོང་ཞིག་གི་ལོ་རེའི་ནོར་སྲིད་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་མེད་པ་དེ་ད་ལྟར་མཚོན་ན་ཚོང་བདག་ཆུང་ངུ་གི་མ་རྩ་ཙམ་རེད། དེ་ནས་1983ལོར་ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་ལེན་དངོས་སུ་བསྟར་འགོ་ཚུགས་རྗེས་མི་ཚོའི་འཚོ་བ་གཞི་ནས་ཅུང་ཡག་ཙམ་ཕྱིན་པ་རེད། སྐབས་དེ་ནས་བཟུང་ལྟོ་མི་འགྲང་པའི་དཀའ་ཚེགས་ཆེན་པོའི་གནས་ཚུལ་ཇེ་ཡང་དུ་སོང་ཡོད། 

མཐོ་སྒང་གི་དག་པའི་ཞིང་ཁམས་འདབ་པ།

        བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་འཚོ་བ་གསར་པའི་འགོ་བརྩམས་པ་རེད། 1987ལོར་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ9འཁོར་བའི་སྐབས་ལ། བོད་རིགས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་བས་དཀར་མཛེས་ཁུལ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚོད་འཛིན་ངེས་ཅན་ཞིག་ཐེབས་ནས་མང་ཚོགས་ཁ་ཤས་ཀྱི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ད་རུང་ཐག་གཅོད་བྱ་ཐུབ་མེད་པ་རེད། དེར་བརྟེན། ཏང་དང་སྲིད་གཞུང་གིས་ལྟོ་གོས་གཉིས་འཛོམས་ཀྱི་འགག་སྒྲོལ་དབུལ་སྐྱོར་བྱ་སྤྱོད་སྤེལ་ཡོད།1992ལོར་འདབ་པ་རྫོང་གིས་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བྱས་པའི་རྒྱུགས་གཞི་བཟང་པོ་ཞིག་སྤྲད་ཡོད་པ་སྟེ། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར300ཟིན་པ་དང་། ཆམི་རེའི་་སྙོམས་འབྲུ་རིགས་བཟུང་ཚད་རྒྱ་མ300ཡིན་ཞིང་། དུད་ཚང་རེར་བཞོན་མ་གཅིག་དང་། ལུག3དང་ཕག2བཅས་ཡོད་པ་རེད།  དེའི་རྗེས་སུ་མུ་མཐུད་དེ་དབུལ་སྐྱོར་ལས་དོན་སྤེལ་བ་རེད།

        ཞའོ་གོས1999ལོའི་སྔོན་ལ་རྫོང་ཁོ་ནར་གློག་སྤྱད་རྒྱུ་ཡོད་པ་རེད། ང་རང་དེ་དུས་གསལ་ལ་ཤང་དུ་ལས་དོན་སྒྲུབ་བཞིན་ཡོད།བད་སྣུམ་སྒྲོན་མེ་ལས་སྤྱད་རྒྱུ་མེད།རེ་འགའ་རྒྱང་རིང་ནས་མཚན་མོའི་རྫོང་མཁར་གྱི་གློག་འོད་མཐོང་དུས་སྨོན་པ་ཚད་མེད་སྐྱེ་ཡོང་གི་འདུག 1999ལོའི་རྗེས་སུ་གྲོང་གསེབ་ཏུ་ཡང་གློག་སྤྱོད་མགོ་བརྩམས་སོང་།གློག་གི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་མཉམ་དུ་མི་སེར་ཚོའི་ཕྱིར་བགྲོད་ཆ་རྐྱེན་ལ་ཡང་འཕོ་འགྱུར་བྱུང་སྟེ་འདྲུད་འཐེན་འཁོར་ལོ་དང་། འཕྲུལ་རྟ་བཅས་ཀྱང་ཞིང་འབྲོག་མི་དམངས་ཀྱི་ཁྱིམ་ཚང་དཀྱུས་མའི་ཁྱིམ་དུ་སྤྱད་རྒྱུ་རག་པ་རེད།

        དུས་རབས21པའི་ལོ་རབས2000ལོར་སླེབས་དུས། ཞའོ་གོའི་ཕ་ཡུལ་སྟོང་གཉེན་ཆུས་ལ་ཡུར་བུའི་ཆུ་འཐུང་བའི་ལོ་རྒྱུས་མཇུག་བསྒྲིལ་ནས་སྦུག་ཆུ་གཙང་མ་འཐུང་རྒྱུ་རག་པ་རེད། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་བར་བརྒྱུད་འདབ་པའི་མི་དམངས་ཀྱི་འཚོ་བར་འགྱུར་བ་ཇེ་ཆེ་ནས་ཇེ་ཆེར་བྱུང་བ་རེད།  ཞའོ་གོས་ངོ་སྤྲོད་བྱེད་པར་གཞིགས་ན། ད་ལྟའི་འཚོ་བར་ཉིན་རེ་བཞིན་འཕོ་འགྱུར་གསར་པ་བྱུང་ཡོད་དེ། 2018ལོར་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི81000ལ་ཟིན་པ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི12671ལ་ཟིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱ་ཆོག་པའི་་ཡོང་འབབ་སྒོར17315 དང་ཞིང་འབྲོག་དམངས་ཀྱི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱ་ཆོག་པའི་ཡོང་འབབ་སྒོར3213ཡིན་པར་སྔོན་རྩིས་བྱ་ཐུབ་པས། ལྟོ་གོས་འཛོམས་པ་ནི་བཤད་མི་དགོས་པ་དང་སྤུས་ཚད་མཐོན་པོའི་འཚོ་བ་རོལ་རྒྱུ་ནི་མི་རྣམས་ཀྱི་དམིགས་ཡུལ་གསར་པར་གྱུར་ཡོད། ཐོན་ཁོངས་ཐད་གློག་སྒྲོན་ཁྲ་ཆིལ་དགུ་ཆིལ་གྱིས་འདབ་པ་རྫོང་གི་མཚན་མོ་ཡང་ཉིན་དཀར་ནང་བཞིན་གསལ་པོར་བཟོས་པ་དང་། འགྲིམ་འགྲུལ་ཆ་རྐྱེན་སྟབས་བདེ་གྱུར་ཅིང་འདབ་པ་ནས་དར་མདོ་བར་རླངས་འཁོར་ཆུ་ཚད8ལས་གཏོང་མི་དགོས། འདབ་པའི་གནམ་ཐང་ནས་ཁྲེང་ཏུའུ་རུ་ཐད་འཕུར་བྱ་ཆོག་པ་རེད། སྦུག་ཆུ་ཡོངས་སུ་ཁེབས་པར་བྱས་ཏེ་རྫོང་ཡོངས་ཀྱི་དུད་ཚང་ཚང་མས་འཐུང་ཆུ་གཙང་མ་རག་པ་རེད།

        ཞའོ་གོས་ལོ་རབས་བརྒྱད་ཅུ་པའི་དུས་སུ་དུད་ཚང་ཞིག་ལ་རྐང་འཁོར་ཞིག་དང་། ཚེམ་དྲུབ་འཕྲུལ་ཆས། ལག་གདུབ་ཆུ་ཚོད། སྒྲ་སྡུད་འཕྲུལ་ཆས་གསུམ་ཡོད་ན་མི་རྣམས་ཀྱིས་ཡིད་སྨོན་བྱ་ཡུལ་དུ་གྱུར་པ་རེད།  ད་ལྟ་ཁ་པར་དང་བརྙན་འཕྲིན།གློག་ཀླད།རླངས་འཁོར་བཅས་ནི་ཁྱིམ་ཚང་ཕལ་ཆེར་གྱི་དགོས་ངེས་ཡོ་བྱད་དུ་གྱུར་ཡོད་ཅེས་བཤད་ཞོར་ལོ58སོན་ན་ཡང་རྗེས་ལུས་ཐེབས་འདོད་མེད་པའི་ཁོང་གིས་དྲྭ་ཐོག་ནས་གནམ་གྲུའི་འཛིན་ཉོ་སྟངས་ཤིག་ལད་མོ་བྱས་པ་རེད།

 ཞའོ་གོ་ཡིས་ལོ་རྒྱུས་དུམ་བུ་དེའི་འཕོ་འགྱུར་བྱུང་ཚུལ་ལ་བདེན་དཔང་བྱེད་ཐུབ་པ་ནི་དུས་རབས་ཀྱིས་ང་ཚོར་བྱིན་པའི་བཀའ་དྲིན་ཞིག་ཡིན་ལ།སྡུག་བསྔལ་བརྒྱུད་མྱོང་པས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ཐོབ་པའི་གྲུབ་འབྲས་ཀྱི་རྒྱབ་ཏུ་དཀའ་ཚེགས་ཆེན་པོ་བརྒྱུད་ཡོད་པ་ཤེས་ཐུབ།ཁོ་བོས་རང་གི་ཚེ་མཇུག་གི་ནུས་པ་ལྷག་མ་ཡོད་ཚད་ཕུལ་ནས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་དང་མི་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་གང་ཐུབ་བྱ་རྒྱུ་ཡིན་ཞེས་ཡིད་ཆེས་ཁེངས་པའི་ངང་སྐད་ཆ་དེ་ལྟར་བཤད་པ་རེད།།

  འདབ་པའི་ཡུལ་སྐོར་གྱིས་འཛམ་གླིང་མིའི་ཡིད་དབང་འཕྲོག

        འདབ་པ་རྫོང་གི་སྐྱིད་པོ་རེད་མགྲོན་ཁང་གི་མགྲོན་བདག་ལི་ཡུའེ་ཁང་ནི་འདབ་པའི་ཡུལ་སྐོར་ཞབས་ཞུ་སྤེལ་མཁན་ཐོག་མའི་གྲས་སུ་ཚུད་ཅིང་ཁོང་གིས་འདབ་པའི་ཡུལ་སྐོར་ཐད་གླེང་བའི་ཚེ། སྨྲ་སྒོ་ནས་སྐད་ཆ་ཆུ་རྒྱུག་རྒྱུག་བརྡོལ་ཡོང་བ་སྟེ། ཁོང་གིས་བཤད་རྒྱུར། 1997ལོའི་ཟླ་བ5པའི་ཚེས20ཉིན། དཀར་མཛེས་ཁུལ་སྲིད་གཞུང་གིས་འདབ་པ་རྫོང་ཉི་སྟེན་ས་ཁུལ་དེ་ཁུལ་རིམ་པའི་རང་སྐྱོང་སྲུང་སྐྱོང་བྱེད་ཡུལ་དུ་ཆོག་མཆན་སྤྲད་ཅིང་། སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆུས་ཁྲི5.6ཡིན་པ་རེད། ཟླ་བ12པའི་ཚེས8ཉིན་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་འདབ་པ་རྫོང་ཉི་སྟེན་རང་བྱུང་སྲུང་སྐྱོང་ཁུལ་དེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆོག་མཆན་སྤྲད་པ་རེད། 1998ལོའི་ཟླ་བ4པའི་ཚེས10ཉིན་ལ་འདབ་པ་རྫོང་རང་བྱུང་སྲུང་སྐྱོང་སྐྱེ་ཁམས་ཡུལ་སྐོར་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ཟླ་བ7པའི་ཚེས་གཅིག་ཉིན་འདབ་པ་རྫོང་གིས་སྐབས་དང་པོའི་ཉེ་སྟེན་དུས་ཆེན་སྤེལ་ཡོད། ཟླ་བ8པའི་ཚེས17ཉིན་ཉི་སྟེན་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་རེད། དེ་ལོར་འདབ་པ་རྫོང་ཞིང་ཆེན་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་དུ་བདམ་པ་རེད།

         ཉི་སྟེན་ལྗོངས་ཁུལ་གསར་སྤེལ་བྱས་པ་དང་བསྟུན་ནས་འདབ་པ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་དབྱར་མཚོ་བཞིན་དར་རྒྱས་བྱུང་ཡོད།ཡུལ་སྐོར་ལྗོངས་ཁུལ་ནི་ཉི་སྟེན་དོ་དམ་ཅུས་ཀྱི་མངའ་ཁོངས་སུ་གཏོགས་ཤིང་། ངས་ཉི་སྟེན་ལྗོངས་ཁུལ་གྱི་མཐུན་རྐྱེན་བེད་སྤྱོད་གང་ལེགས་ཇི་ལྟར་བྱེད་པའི་སྐོར་བསམ་བློ་ཞིག་གཏོང་བའི་ཚེ།ཡུལ་སྐོར་ཞབས་ཞུ་བསྒྲུབ་པ་ནི་ཆེས་ཡག་པོ་ཡིན་སྣང་ཤར་ཞིང་། 1999ལོའི་ཟླ་བ3པར་སྐྱིད་པོ་རེད་ཅེས་མིང་བཏགས་པའི་མགྲོན་ཁང་ཞིག་བཙུགས་པ་ཡིན་ཞེས་བ་ལི་ཡུའེ་ཁང་གིས་དེ་ལྟར་བཤད་པ་རེད། 

         སྐྱིད་པོ་རེད་ཅེས་མིང་བཏགས་དགོས་དོན་ནི་འགྲུལ་པ་ཚོ་འགྲུལ་ཁང་དུ་གནས་ཚང་གཡར་སར་ཡོང་དུས་སྐྱིད་པོ་བདེ་མོ་ཞིག་ཡོང་བའི་སྨོན་འདུན་མཚོན་པའི་ཆེད་དུ་ཡིན་ལ། སྔོན་ཐོན་གྱི་འདུ་ཤེས་དེ་ལ་བརྟེན་ནས་ལི་ཡུའེ་ཁང་གི་མགྲོན་ཁང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། ད་ལྟ་འགྲུལ་པའི་ཉལ་ཁྲི72ཡོད་ཅིང་ལོ་རེར་མ་མཐའ་ཡང་སྒོར་ཁྲི30རག་གི་རེད།

 སྔོན་ཁྲིད་བྱེད་མཁན་ཡོད་རྗེས་ལད་མོ་བྱེད་མཁན་ཡང་ཇེ་མང་དུ་སོང་བ་རེད། ད་ལྟའི་བར། འདབ་པ་རྫོང་མཁར་ལ་འགྲུལ་ཁང107ཡོད་ཅིང་ཉལ་ཁྲི7969ཡོད། ཤམ་བྷ་ལ་གྲོང་རྡལ་ལ་འགྲུལ་ཁང121ཡོད་ཅིང་ཉལ་ཁྲི16270ཡོད་པ་རེད། 

མཐོ་སྒང་གི་དག་པའི་ཞིང་ཁམས་འདབ་པ།

        འདབ་པ་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡེ་ཤེས་ལྷ་མོས་ངོ་སྤྲོད་བྱས་པར་གཞིགས་ན། ལད་མོ་བྱས་ནས་གྲུབ་འབྲས་ཐོན་པ་རེད་ཅེས་བཤད་ཚུལ་དེ་ནི་ཕྱོགས་གཅིག་མཐོང་སྟེ་གཉིས་མ་མཐོང་བའི་ཚུལ་ལས་མ་འདས་ཤིང་། དུས་ཡུན་རིང་པོ་ཞིག་ནས་འདབ་པ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཉི་སྟེན་ལྗོངས་ཁུལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་གཙོ་ཁྲིད་བྱེད་པ་དང་། ལས་རིགས་ཁག་གིས་ཁྲིད་སྟོན། ཆ་རྐྱེན་ཡག་པོ་བསྐྲུན་ཏེ་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད་པ་རེད། ལྷག་པར་དུ2015ལོར་རང་ཁུལ་གྱིས་དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཆར་འགོད་བཏོན་རྗེས། འདབ་པ་རྫོང་གིས་ཀྱང་དེ་བསྟུན་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལག་བསྟར་བསམ་འཆར་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཆར་འགོད། དེ་བཞིན་ཡུལ་སྐོར་གྱིས་རྫོང་སྟོབས་ཆེ་རུ་གཏོང་བའི་འཐབ་ཇུས་བསམ་འཆར་བཅས་ཀྱི་རྩ་གནད་རང་བཞིན་གྱི་ཡིག་ཆ་བཟོས་ནས་བཏོན་ཏེ། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད་པ་རེད། ལོ་འདི་ཚོའི་རིང་ལ་འདབ་པ་རྫོང་གིས་ཡུལ་སྐོར་ལས་རིགས་ཚུལ་བསྒྱུར་རིམ་སྤར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ལ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཤུགས་རྒྱག་པ་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གནས་བབ་ཆེན་པོ་ཆགས་སུ་བཅུག་ཅིང་། ཡུལ་སྐོར་ཐོན་ལས་ཀྱི་སྲོག་ཤིང་འགྲན་རྩོད་བྱེད་ཤུགས་རྒྱུན་མཐུད་ཇེ་ཆེར་བཏང་ནས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལེའུ་གསར་པའི་མགོ་བརྩམས་ཡོད་པ་རེད་ཅེས་བཤད་པ་རེད། 

        སྔ་མ་ཡིན་ན་འདབ་པ་རྫོང་གིས་རྐང་པ་ཡ་གཅིག་སྤོས་པ་སྟེ་ཉི་སྟེན་ཁོ་ནར་དམིགས་ནས་ཡུལ་སྐོར་ཞབས་ཞུ་བསྒྲུབས་པ་རེད། ད་ལྟར་རྐང་པ་གཉིས་མཉམ་སྤོ་བྱས་པ་སྟེ། ཉི་སྟེན་དམིགས་པའི་ཡུལ་སྐོར་ཞབས་ཞུ་གོང་འཕེལ་གཏོང་བའི་ཁར་འདབ་པ་རྫོང་རང་གི་ལྗོངས་གནས་ཀྱང་གསར་བཟོ་བྱེད་བཞིན་ཡོད། འདབ་པ་རྫོང་གིས་ཡུལ་སྐོར་གྲོང་རྡལ་གསར་བཟོ་བྱས་ཏེ་རྫོང་མཁར་གྱི་སྤུས་རིམ་ཇེ་མཐོར་བཏང་ཡོད། གྲོང་ཡུལ་གཙང་བཟོ་དང་མཛེས་བཟོ། ལྗང་བཟོ། གསལ་བཟོ། དེ་བཞིན་གྲོང་ཡུལ་གྱི་རྣམ་པ་ལེགས་འཛུགས་བཅས་ཀྱི་ཨར་ལས་ལག་ལེན་བྱས་ཏེ། བོད་ལུགས་སྡོད་ཁང་གི་གྲུབ་ཆ་དེ་གྲོང་ཡུལ་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་ཁྲོམ་རའི་མཛེས་ལྗོངས་སུ་བསྲེས་པ་དང་། ཡུལ་སྐོར་གཞུང་ལམ་རྒྱུད་ཡུལ་གྱི་གྲོང་སྡེ་དང་སྡོད་ཁང་འཛུགས་སྐྲུན་དངོས་པོ་སོགས་ཀྱི་རྣམ་པ་ལེགས་བཅོས་ཡོངས་སུ་གྲུབ་ཡོད་ཅེས་ཡེ་ཤེས་ལྷ་མོས་དེ་ལྟར་ངོ་སྤྲོད་བྱས་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་འདབ་པ་རྫོང་གིས་བཅིངས་འགྲོལ་གྲོང་རྡལ་གྱི་ཕན་སྒང་གྲོང་སྡེ་དང་གསུམ་འདུས་གྲོང་རྡལ་གསུམ་ཚང་གྲོང་གཉིས་པ། བསམ་མོ་ཤང་གི་བསམ་མོ་གྲོང་སྡེ་དང་འཇམ་རོང་ཤང་གི་ར་ལམ་གྲོང་སྡེ་བཅས་Aགསུམ་རིམ་པའི་ལྗོངས་ཁུལ་དུ་གསར་འཛུགས་བྱེད་བཞིན་ཡོད་ལ། བུ་མོ་གཡུ་སྒྲོན་ལྗོངས་ཁུལ་གྱི་འཆར་འགོད་བཟོ་འགོ་བརྩམས་ཤིང་། དབང་ཆུ་ཤང་གི་རྫིང་ནང་གྲོང་སྡེ་དང་བཅིངས་འགྲོལ་གྲོང་རྡལ་གྱི་ཕན་སྒང་གྲོང་སྡེ། བསམ་མོ་ཤང་གི་བསམ་མོ་གྲོང་སྡེ། འཇམ་རོང་ཤང་གི་ར་ལམ་གྲོང་སྡེ་བཅས་ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་སྡེ་རུ་གསར་འཛུགས་བྱ་རྒྱུ་ཡིན་ཞིང་། དུས་མཉམ་དུ་བཅིངས་འགྲོལ་གྲོང་རྡལ་གྱི་འདམ་འགོ་གྲོང་སྡེ་དང་གསུམ་འདུས་གྲོང་རྡལ་གྱི་གསུམ་ཚང་གྲོང་སྡེ་གཉིས་པ་ཞིང་ཆེན་གྱི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པའི་དཔེ་སྟོན་གྲོང་སྡེར་གསར་འཛུགས་བྱས་ཏེ། མཐར་ཉི་སྟེན་ལྗོངས་ཁུལ་གྱི་ཡུལ་སྐོར་དང་འབྲེལ་མཐུད་ཐུབ་པའི་འདབ་པའི་ཉིན་གཅིག་ཡུལ་སྐོར་དང་ཉིན་གཉིས་ཡུལ་སྐོར་བྱེད་ས་ཆགས་པར་བྱ་རྒྱུ་རེད། 

        བསྡོམས་རྩིས་བྱས་པ་ལྟར་ན། གསར་འགྱུར་མ་དགོད་གོང་གི་བར་འདབ་པ་རྫོང་གིས་འགྲུལ་པ་ཁྲི314.11ལ་སྣེ་ལེན་བྱས་ཤིང་ན་ལོ་དུས་མཉམ་ལས་བརྒྱ་ཆ44.17འཕར་ཞིང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར30.76རག་ཅིང་ན་ལོའི་དུས་མཉམ་ལས་བརྒྱ་ཆ47.93འཕར་བ་རེད། 

        འདབ་པ་རྫོང་གིས་ད་དུང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་སྲོལ་རྒྱུན་འཕེལ་རྒྱས་བྱེད་སྟངས་ལས་རིང་དུ་བརྒལ་ནས་ཡུལ་སྐོར་དང་རིག་གནས། ཡུལ་སྐོར་དང་ཞིང་འབྲོག་ལས། ཡུལ་སྐོར་དང་ཟས་མཆོག་སོགས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྣ་མང་སྤྱད་དེ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྐུལ་སྤེལ་བྱེད་ཤུགས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་སྤེལ་ཤུགས་དང་མཉམ་འདྲེས་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ཐོན་ལས་གཞན་དག་མཉམ་འདྲེས་སྐུལ་སྤེལ་དང་མཐུན་སྦྱོར་མཉམ་སྤེལ་ཡོང་བར་བྱ་རྒྱུ་རེད། 

        སྐྱིད་པོ་རེད་ཅེས་པ་ནི་འགྲུལ་ཁང་ཞིག་གི་མིང་གཅིག་པུ་མ་ཡིན་པར་དེ་ལས་འདུ་ཤེས་ཤིག་མཚོན་གྱི་ཡོད་པ་རེད། དེ་ག་རེ་རེད་ཟེར་ན་འདབ་པ་རྫོང་སྐྱིད་པོ་བདེ་མོ་ཞིག་ཡིན་པ་དང་འགྲུལ་པ་ཚོ་ཡུལ་འདི་གར་སྐྱིད་པོ་བདེ་མོ་བྱས་ནས་ཡུལ་སྐོར་བྱ་ཐུབ་པ་དེ་རེད། མ་འོངས་པ་ན་འགྲུལ་པ་ཚང་མས་འདབ་པ་རྫོང་ནི་ས་ཆ་སྐྱིད་པོ་བདེ་མོ་ཞིག་རེད་ཅེས་ཟེར་བའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ཞེས་ཡེ་ཤེས་ལྷ་མོས་གདོང་ལ་སྤོབས་པས་ཁེངས་ནས་དེ་ལྟར་བཤད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1