གཞས་དེ་སུས་བཏང་བ་རེད།
བཀྲ་ཤིས་ཆོས་ལྡན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
སྐྱོ་བ་རུམ་པའི་གཞས་དབྱངས་གསར་པ་དེས་བདག་གི་སེམས་པ་འཁྱག་སིབ་སིབ་ཏུ་བཏང་བྱུང་། གསང་གཏམ་འདྲེས་པའི་གཞས་དབྱངས་སྙན་མོ་དེས་བདག་གི་སེམས་ལ་དྲན་གདུང་གི་ན་ཟུག་བསླངས་སོང་། གཞས་དབྱངས་དེ་གཞས་མཁན་སུ་ཞིག་གིས་བཏང་བ་རེད། གཞས་དབྱངས་དེ་གྲོགས་པོ་སུ་ཞིག་ལ་བཏང་བ་རེད། གཞས་དབྱངས་དེ་ཕོ་ཉ་སུ་ཞིག་གིས་བསྐུར་བ་རེད། གཞས་དབྱངས་དེ་ཉན་མཁན་སུ་ཞིག་གིས་ཉན་པ་རེད གང་ལྟར། གཞས་དབྱངས་དེས་བདག་གི་མགོ་བོ་གདུགས་ལྟར་བསྐོར་བར་བྱས་སོང་། ཞོགས་པ་ནས་ཉིན་གུང་ལ་ཐུག་གི་བར་དུ་གཞས་དབྱངས་དེར་ཡང་ཡང་ཉན་པ་ཡིན། གཞས་དེའི་ནང་དོན་ལ་མནོ་བསམ་བཏང་བ་ཡིན། གཞས་དེའི་འགྱུར་ཁུགས་ལ་མྱོང་རོལ་བྱས་པ་ཡིན། གཞས་དེའི་མིང་ཚིག་ལ་འགྲེལ་བཤད་བརྒྱབ་པ་ཡིན། གཞས་དེའི་དམིགས་ཡུལ་ནི་ཅི་ཡིན་འཚོལ་བ་ཡིན། གཞས་དབྱངས་དེ་ནི་ཅི་འདྲའི་སྙན་འཇེབས་ལྡན་པའི་གཞས་ཤིག་རེད་ཨང་།
སྣང་བ་ཞིག་ལ། གཞས་དེ་ཆེད་དུ་བདག་ལ་བཏང་བ་འདྲ། གཞས་དབྱངས་དེ་ནི་བདག་གིས་གཏོང་བར་འདོད་པའི་གཞས་དེ་དང་ཁྱད་པར་ཁྱོན་ནས་མི་འདུག། གཞས་དབྱངས་དེར་ཉན་ཐེངས་རེ་ལ་གཏམ་རྒྱུད་གང་མང་ཞིག་སེམས་ལ་ཆུ་བྱོ་པ་ལྟར་དུ་བླུག་འོང་ཞིང་། གཞས་དེ་གཏོང་ཐེངས་རེ་ལ་མིག་ཆུ་གྲངས་མེད་ཅིག་ལག་པའི་ཕྲེང་ཐག་ཆད་པ་བཞིན་དུ་འཐོར་ཡོང་གི། གཞས་དེ་འགུགས་ཐེངས་རེ་ལ་དྲན་པ་མག་མོག་ཅིག་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་འོང་བས། གཞས་དེ་ནི་བདག་ལ་ཆེད་དུ་བསྐུར་བའི་བརྩེ་བའི་འཕྲིན་པ་ཞིག་ཡིན་པའི་འཆར་སྣང་བསྟུད་མར་སྐྱེས་བྱུང་། དེའི་ཕྱིར། གཞས་དེ་གཏོང་མཁན་སུ་ཡིན་འཚོལ་བའི་འདུན་པ་འགོག་ཐབས་མེད་དོ།། གཞས་དབྱངས་དེ་ཐོས་མ་ཐག་པའི་ང་རང་ནི་ཆང་གིས་བཟི་བའི་ར་རོ་ལྟར་གྱུར་ཏེ། སེམས་ནས་ནམ་ཡང་ཤོར་མ་མྱོང་བའི་གསང་བའི་གཞས་ཆུང་དེའང་། གཞས་དེ་དང་མཉམ་དུ་སྐད་གསེང་མཐོན་པོས་རྣམ་གྲངས་མང་དུ་བཏང་བ་ཡིན། གཞས་དེས་བདག་སྨྱོན་པར་བཏང་སོང་། གཞས་དེས་བདག་འཆི་ལམ་དུ་དེད་སོང་། གཞས་དེས་བདག་གསང་ལམ་དུ་གཡུགས་སོང་། གཞས་དེས་བདག་རྨི་ལམ་དུ་ཁྲིད་སོང་། གཞས་དབྱངས་དེ་སུ་ཞིག་གིས་བཏང་བ་རེད།
དོན་དམ་པར། གཞས་དབྱངས་དེ་མགོ་སྐོར་གཏོང་མཁན་ཞིག་རེད་གདའ། གཞས་དེ་བསླུ་བྲིད་བྱེད་མཁན་ཞིག་ཡིན་བཞག། གཞས་དེ་མི་སེམས་དཀྲུག་མཁན་ཞིག་ཆགས་འདུག། གཞས་དེས་བདག་ལ་ཁེར་ལབ་རྒྱག་གིན་འདུག། གཞས་དེས་བདག་ལ་ཁ་ཡག་བཤད་ཀྱི་འདུག།
རེད། གཞས་དེས་ད་དུང་བདག་ལ་བརྙས་བཅོས་གཏོང་གི་འདུག། གཞས་དེ་མི་ཞིག་གིས་བཏང་བ་རེད་མི་འདུག། གཞས་དེ་བོད་པ་ཞིག་གིས་བླངས་པ་རེད་མི་འདུག། གཞས་དབྱངས་དེ་སུ་ཞིག་གིས་བཏང་བ་རེད། དེ་རིང་བཏང་བའི་གཞས་དེ་གཞས་དབྱངས་གཞན་པ་ཞིག་དང་ཡང་མི་འདྲ་དོན་ཅི་ཡིན་ནམ། གཞས་དེ་གཞས་དབྱངས་གསར་པ་ཞིག་མ་རེད། གཞས་དེ་སྒྱུ་རྩལ་སྙན་ངག་ཅིག་རེད་འདུག། གཞས་དེ་གཞས་དབྱངས་རྙིང་པ་ཞིག་མ་རེད། གཞས་དེ་ཁུ་བྱུག་སྔོན་མོ་ཞིག་རེད། གཞས་དེས་ཁྱེར་བའི་འཛུམ་མདངས་གང་ཙམ་ཡོད་དམ། གཞས་དེས་དྲུད་པའི་ཟུར་མིག་ཅི་ཙམ་ཡོད་དམ། གཞས་དེར་ཉན་པ་ཙམ་གྱིས་བདག་གིས་གནས་ལུགས་རྟོགས་སོང་། གཞས་དེ་དྲན་པ་ཙམ་གྱིས་གཞས་ལན་སྟེར་འདོད་བྱུང་སོང་། གཞས་དབྱངས་དེ་ཐོས་མ་ཐག་ཏུ་བདག་གིས་སྙན་ངག་ལ་ཁེར་ལབ་བརྒྱབ་པ་ལས། གཞན་ད་དུང་གཞས་དབྱངས་ལའང་ཉན་འདོད་མཁན་ཞིག་ཏུ་གྱུར། གཞས་ཀྱི་བག་ཆགས་དེས་ང་རང་ལུག་ཁྱུ་དང་བྲལ་བའི་ལུ་གུ་རུ་གྱུར་སོང་། མུན་ནག་ཏུ་ལུས་པའི་བཙོན་པ་རུ་བཏང་སོང་། གཞས་དེ་བཏང་རྗེས་བདག་ལ་ཅི་ཞིག་དང་འཕྲད་པར་འདོད་པའི་མོས་པ་དང་། གང་ཞིག་ཏུ་སྙེག་པར་འདོད་པའི་འདུན་པ་འཁོར་བྱུང་། འདི་ནི་གཞས་དེས་བཞག་པའི་བག་ཆགས་ཡིན་ནམ། བག་ཆགས་དེས་བསྐྱེད་པའི་གཞས་ཤིག་ཡིན་སྲིད། གཞས་དེ་གཏོང་མཁན་སུ་ཞིག་རེད། གཞས་དེར་ཉན་རྗེས་ཏག་ཏག་བགྲང་བྱ་དུ་མར་རེས་སྐྱིད་རེས་སྡུག་གི་འཚོ་བ་རྫོགས་པའི་དུས་ཚིགས་ཤིག་དྲན་བྱུང་། གཞས་མཁན་དེ་ཁྱེད་རང་ཡིན་ནམ། གཞས་དེ་ཁྱོད་ཀྱི་ངུ་དབྱངས་དང་དགོད་དབྱངས་འདྲེས་མའི་གསུང་དབྱངས་དེ་ཡིན་ནམ། གཞས་དེ་ཁྱོད་ཀྱི་བཅོས་མིན་གྱི་འཛུམ་མདངས་ཡིན་ནམ། གཞས་དེ་ཁྱོད་ཀྱི་ལྷན་སྐྱེས་ཀྱི་གཤིས་ཀ་ཡིན་ནམ། ཡིན་མི་སྲིད། གཞས་དེ་ཁྱོད་ཀྱིས་བཏང་བ་གཏན་ནས་མ་རེད། གཞས་དེ་གཏོང་མཁན་སུ་ཞིག་རེད།
གཞས་དེ་བཏང་རྗེས་ཁུ་སིམ་མེར་ལུས་པའི་བདག་ལ་འཁྱག་འདར་སིག་སིག་བརྒྱབ་སོང་།
གཞས་དེ་ཉན་རྗེས་འདང་རྒྱག་ཡང་ཡང་འཁོར་བྱུང་། གཞས་དབྱངས་དེ་ཅི་ཞིག་གི་སླད་དུ་ཟུར་མིག་ཅིག་དང་འགྲོགས་ནས་ཡོད་པ་རེད། གཞས་དབྱངས་དེ་གང་ཞིག་གི་དོན་དུ་འདི་ལྟར་ལང་ཚོ་དང་འཛུམ་མདངས་ཀྱིས་ཁེངས་ནས་ཡོད་པ་རེད། གཞས་དེར་ཉན་རྗེས་ཁྱོད་ཀྱི་འགྱུར་མེད་ཀྱི་ངོ་གདོང་དྲན་སོང་། གཞས་དེར་ཉན་རྗེས་ཁྱོད་ཀྱི་ལྷད་མེད་ཀྱི་ངུ་སྐད་ཐོས་སོང་། གཞས་དེ་སུ་ཞིག་གིས་བཏང་བ་རེད། གཞས་དབྱངས་དེས་བདག་གི་གློ་སྙིང་མཆིན་གསུམ་གྲང་ཤུར་ཤུར་དུ་བཏང་སོང། གཞས་དེས་བདག་གི་ལུས་པོ་ཧྲིལ་བོ་དྲོད་ལམ་ལམ་དུ་བཏང་སོང་། གཞས་དེས་བདག་གི་སེམས་པ་ཉི་འོད་ལ་འཐིམས་པར་བྱས་སོང་། གཞས་དེས་བདག་གི་ལུས་ཕུང་ཆུ་ནང་དུ་བྱིང་བར་བྱས་སོང་། གཞས་དེས་བདག་ལ་མེ་ཏོག་ཆུན་པོ་ཞིག་བསྐོན་སོང་། གཞས་དེས་བདག་ལ་ལག་བརྡ་བྱེད་ཀྱིན་འདུག།
གཞས་དེ་སུ་ཞིག་གིས་བཏང་བ་རེད། གཞས་དབྱངས་དེ་མདུན་གྱི་གླིང་ག་ཆུང་ཆུང་དེར་ཡང་འགུགས་ཀྱིན་འདུག། མ་རེད། གཞས་དེ་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་མེ་ཏོག་ཅིག་རེད་འདུག། དེའང་མ་རེད། གཞས་དེ་མེ་ཏོག་དེ་ལས་འཁྲུངས་པའི་ཟེའུ་འབྲུ་དམར་པོ་དེ་རེད་འདུག། མ་རེད། གཞས་དེ་སྡོང་མགོར་ཙོག་པུ་རུ་བབས་པའི་འཇོལ་མོ་དེ་རེད་འདུག། དེའང་མ་རེད། གཞས་དེ་ལྷང་ལྷང་སྙན་མོ་རུ་གྲགས་པའི་གསུང་སྐད་དེ་རེད་འདུག། མ་རེད། དེས་ན་གཞས་དེ་ཅི་ཞིག་རེད། གཞས་དེ་སུ་ཞིག་གིས་བཏང་བ་རེད། གཞས་དབྱངས་དེ་ལས་དབང་གིས་གྲུབ་པ་ཡིན་ནམ་ལྷ་ཚོགས་ཀྱིས་སྤྲུལ་པ་རེད། གང་ལྟར། གཞས་དབྱངས་དེས་སྙིང་ཁམས་སུ་དལ་བུར་རྒྱུ་བའི་གཟུགས་མེད་ཀྱི་སེམས་པ་ནི་རྒྱང་རིང་ནས་འཐེན་པའི་དར་སྐུད་གཅིག་ལ་བརྒྱུས་ནས་ཡོད་པའི་སྣང་བ་སྟེར་བྱུང་། གཞས་དབྱངས་དེ་སྔར་ནས་བདག་གི་ཡིད་ལ་ཉར་ཡོད་པའི་བརྩེ་བའི་མིག་ཆུ་རྡོག་གཅིག་དེ་རེད་འདུག། མ་རེད། གཞས་དེ་བརྩེ་བ་དེར་བསྐུངས་པའི་དམ་ཚིག་གི་མདུད་པ་དམ་པོ་དེ་རེ་བཞག། གཞས་དེ་སུ་ཞིག་གིས་བཏང་བ་རེད། གཞས་དབྱངས་དེ་རྙོག་འཛིང་ཆེ་བའི་ཀྱག་ཀྱོག་གི་མི་ཚེའི་འགག་འཕྲང་ཀློང་ནས་དེ་རིང་འདིར་གཏོང་དོན་ཅི་ཡིན། གཞས་དེ་ལྷ་ཡི་ལོངས་སྤྱོད་ཡིན་ནམ། གཞས་དེ་ས་སྲོད་ཀྱི་མེ་དཔུང་ཡིན་ནམ། གཞས་དེ་སྲིད་པའི་འཁོར་ལོ་ཡིན་ནམ། གཞས་དེ་རེ་བའི་རྨི་ལམ་ཡིན་ནམ། ཡང་ན། གཞས་དེ་སེམས་པ་དམར་པོས་རི་གྲོང་ནས་འཚོལ་གྱིན་པའི་སྒེར་གྱི་དུས་གསུམ་པོ་ཡིན་ནམ། གཞས་དེ་སུ་ཞིག་གིས་བཏང་བ་རེད། རང་མཚན་དུ། གཞས་དབྱངས་དེ་བདག་གི་རྣ་བར་བཞུར་བའི་སྒྲ་དབྱངས་ཀྱི་ཆོ་འཕྲུལ་ཞིག་ཡིན་ནམ། ཡང་ན། གཞས་དེ་ཁྱོད་ཀྱི་ལུས་སྒང་ན་བཞུར་བའི་ཁྲག་གི་གཤེར་རིགས་ཤིག་ཡིན། གཞས་དེ་བདག་གི་རུས་གསེང་དུ་རྒྱུ་བའི་གསང་བའི་འབུ་སྲིན་ཞིག་ཡིན་ནམ། ཡང་ན། གཞས་དེ་ཁྱོད་ཀྱི་ལྷིང་འཇགས་ལ་དབང་བའི་སྨྲེང་བའི་གཏམ་བརྗོད་དེ་ཡིན། གང་ལྟར།
གཞས་དེ་ལང་ལོང་དུ་འཁྲིགས་པའི་སྤྲིན་པ་ཞིག་ཡིན་སྲིད་པས། ཁྱོད་ཀྱི་སེམས་འཁྲལ་དེ་དག་བདག་གི་ཡིད་ངོགས་སུ་འཕོ་བར་བྱེད་ནུས། འོན་ཏེ། ད་དུང་ཡང་གཞས་དེ་སུ་ཞིག་གིས་བཏང་བ་མ་ཤེས།
གཞས་དེ་མདུན་ཕྱོགས་སུ་བཞུར་བའི་ཆུ་ཕྲན་འདི་ཡིན་ན། བདག་གིས་སྨྲེང་སེམས་དང་མཛའ་སེམས་ཡོད་ཚད་ཆུ་ཕྲན་དེར་བསྟིམ་པར་འདོད། གཞས་དེ་རྒྱང་རིང་གི་གཙང་པོ་དེ་ཡིན་ན་ཁྱོད་ཀྱིས་སྔར་ནས་ཧུབ་ཀྱིས་བཏུང་ཟིན་ཞིང་ལུས་སེམས་དགའ་བས་བཟི་ཚར་ཡོད། ཡིན་ནའང་། གཞས་དེ་ནི་ཆེས་ལྐོག་གྱུར་ཞིག་སྟེ། བདག་གིས་རི་ལུང་ཐང་གསུམ། ལ་ཐུར་སྐེད་གསུམ། སྟོད་སྨད་བར་གསུམ་ནས་གཞས་དེའི་གསང་བ་འཚོལ་ཞིང་གཞས་དེ་གཏོང་མཁན་བཙལ་བ་ཡིན་ནའང་། གཞས་དེའི་སྐོར་ལ་གསལ་ཆ་གང་ཡང་མི་འདུག་པས། ད་ནི་གཞས་དེ་གཏན་ནས་བོར་ཟིན་པ་འདྲའོ།།
གཞས་དེ་ནི་སྤྱིར་བཏང་གི་གཞས་ཤིག་མ་ཡིན་ཏེ། གཞས་དེ་གློ་བུར་བའི་གཞས་ཤིག་རེད། གཞས་དེ་སྐབས་འཚོལ་བའི་གཞས་ཤིག་རེད། གཞས་དེ་དམིགས་བསལ་བའི་གཞས་ཤིག་རེད། གཞས་དེ་མི་རྟག་པའི་གཞས་ཞིག་རེད། གཞས་དེ་ཁྱད་པར་བའི་གཞས་ཤིག་རེད། གཞས་དེ་སྐད་ཅིག་མའི་གཞས་ཤིག་རེད། གཞས་དེས་གནས་ལུགས་ཤིག་བརྗོད་ཀྱི་འདུག། གཞས་དེས་འཚང་ངན་ཞིག་གཏོར་གྱི་འདུག། གཞས་དེས་དྲན་གསོ་ཞིག་བྱེད་ཀྱི་འདུག། གཞས་དེས་སློབ་གསོ་ཞིག་གཏོང་གི་འདུག།
མཐར། གཞས་དེར་སྨོན་ལམ་དང་སྐྱབས་འཇུག་ཡོད་ཚད་སྦས་འདུག གཞས་དེར་བརྩེ་དུང་དང་སྙན་ངག་ཡོད་ཚད་འཁྱིལ་འདུག གཞས་དེར་ཕམ་ཁ་དང་ལེ་བདའ་མང་པོ་བསྐུངས་འདུག། གཞས་དེར་དྲན་སྐུལ་དང་འབྱུང་འགྱུར་སྣ་ཚོགས་ཉར་འདུག དེར་བརྟེན། གཞས་དེ་ནི་ནམ་ཡང་གསང་བ་ཡིན་པའི་གཞས་དབྱངས་ཤིག་རེད། གཞས་དེ་ནི་ནམ་ཡང་གཏོང་མཁན་འཚོལ་མི་ཐུབ་པའི་གཞས་དབྱངས་ཤིག་རེད། གཞས་དེ་ནི་ནམ་ཡང་ལུང་བསྟན་ཐོགས་པའི་གཞས་དབྱངས་ཤིག་རེད། གཞས་དེ་སྙན་མོ་འདུག། གཞས་དེ་སུ་ཞིག་གིས་བཏང་བ་རེད།།