༄༅།། རྗེ་ཙོང་ཁ་པ་མཆོག་གིས་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་ཇི་ལྟར་འབེབས་ཚུལ་སྐོར་ལ་དཔྱད་པ།

ར་ས་བསྟན་འཛིན་ཆོས་གྲགས། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-07


ར་ས་བསྟན་འཛིན་ཆོས་གྲགས།
[ནང་དོན་གནངད་བསྡུས།] དཔྱད་རྩོམ་འདིར་སྤྱིར་སྟོང་ཉིད་ཀྱི་གོ་བ་ལེན་ཚུལ་དང་དེའི་ལྟ་བའི་རྗེས་འཇུག་མཁན་རྣམས་བསྟན་ཞིང་། ལྷག་པར་དུ་རྗེ་ཙོང་ཁ་པ་མཆོག་གིས་སྐབས་དེའི་བོད་ཀྱི་གནས་བབས་དང་བསྟུན་གནང་སྟེ་སྟོང་ཉིད་ཀྱི་ལྟ་བའི་ཐོག་ཏུ་ཡུན་རིང་གནས་པའི་ལོག་རྟོག་འགའ་ཞིག་ལ་དག་ཐེར་ཇི་ལྟར་མཛད་པ་དང་། ཁྱད་པར་གཙོ་བོ་ཕྱོགས་གང་ཐད་ལ་དག་ཐེར་གནང་མིན་སྐོར་ལུང་རིགས་གཉིས་ཐོག་ནས་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] རྗེ་ཙོང་ཁ་པ། སྟོང་ཉིད་ཀྱི་ལྟ་བ། གཏན་འབེབས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B943[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2012)01 - 102 - 10
          རྗེ་ཙོང་ཁ་པ་མཆོག་གིས་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་ཇི་ལྟར་འབེབས་གནང་མཛད་པའི་སྐོར་གླེང་དགོས་ན་དང་ཐོག་མར་སྟོང་ཉིད་ལ་གོ་བ་རགས་ཙམ་དང་། སྟོང་པ་ཉིད་དམ་དབུ་མའི་ལྟ་བའི་འཕེལ་རིམ་མདོ་ཙམ་ཤེས་དགོས་ཤིང་། དེ་ལྟར་བྱུང་ན་རྗེ་ཙོང་ཁ་པ་མཆོག་གིས་ལྟ་བ་མཐར་ཐུག་ཀླུ་སྒྲུབ་ཟླ་གྲགས་མཆོག་ལ་གཏུགས་གནང་དགོས་དོན་དང་། ཇོ་བོ་རྗེའི་ལམ་སྒྲོན་དཀྱུས་སུ་བཟུང་གནང་སྟེ་《བྱང་ཆུབ་ལམ་རིམ་ཆེན་མོ》སོགས་མཛད་དགོས་དོན་ཡང་རྟོགས་ངེས་ཡིན། དེ་ཡང་སྟོང་ཉིད་ཅེས་པ་ནི་ཅི་ཡང་མེད་པའི་དོན་དུ་མི་གོ་བར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དེ་ཉིད་ལ་སྟོང་པ་ཉིད་ཅེས་བརྗོད་པ་ཡིན། དེས་ན་རྟེན་འབྱུང་གི་རིག་པ་དེ་སྟོང་ཉིད་སྟོན་པའི་རིག་པའི་རྨང་གཞི་ལྟ་བུར་གྱུར་ཡོད། མིང་གི་མཆེད་ཁུངས་རིག་པའི་ཐོག་ནས་འགྲེལ་པ་བྱས་ནའང་གོ་བ་ལེགས་པོ་སྟེར་ཐུབ་སྟེ། སྟོང་ཉིད་ཅེས་པ་ནི་sunyataཞེས་འབོད་ཅིང་། sunyaཞེས་པའི་ཐ་སྙད་དེ་ཚིག་རྩ་sviལས་མཆེད་འོང་ཞིང་། དེའི་ཐོག་མའི་བསྟན་དོན་ནི་ཝུ་གསོབ་ལྟ་བུའམ་སྦོས་ཤིང་སྐྲངས་པ་ལྟ་བུར་གོ་བ་ཡིན། ཝུ་གསོབ་བམ་སྦོས་སྐྲངས་ལྟ་བུ་ནི་ཕྱི་ཚུལ་ནས་བལྟས་ན་བོངས་ཆེ་བ་ལྟ་བུ་ཞིག་ཏུ་གྲུབ་རུང་། དོན་དུ་ནང་སྙིང་སྟོང་པ་ཡིན་པ་ལྟར། ཆོས་ཐམས་ཅད་ཀྱང་རྟེན་འབྲེལ་གྱི་དབང་གིས་སྣང་ཚུལ་སྣ་ཚོགས་སུ་འཆར་ནའང་། དོན་དུ་རང་བཞིན་ནམ་གནས་ཚུལ་ནི་སྟོང་པ་ཡིན། དེས་ན་སྟོང་ཉིད་ཅེས་བརྗོད་ཚེ་རྟེན་འབྱུང་གི་ཐོག་ནས་འཇོག་དགོས་པ་ཞིག་ལས་གང་ལའང་མི་ལྟོས་པའི་ཅི་ཡང་མེད་པ་ཞིག་ཏུ་ངོས་འཛིན་བྱར་མི་རུང་། སྟོང་པ་རྟེན་འབྱུང་གི་དོན་དུ་འགྲོ་ཞིང་། རྟེན་འབྱུང་ཡང་སྟོང་པའི་དོན་དུ་འགྲོ་བས་དེ་གཉིས་གཅིག་གྲོགས་གཅིག་ཏུ་འགྲོ་བ་ཞིག་ཀྱང་ཡིན། དེ་ལྟའི་ལྟ་བ་དེ་ལ་དབུ་མའི་ལམ་ཞེས་བརྗོད་དེ། མགོན་པོ་ཀླུ་སྒྲུབ་མཆོག་གིས། “རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །”ཞེས་གསུངས་པའོ། དེས་ན་སྟོང་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་རྩོད་སྒྲུབ་ཀྱི་ཐོག་ནས་མཐའ་གང་ལའང་མ་ལྷུང་བར་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པ་དང་མིང་རྐྱང་བཏགས་ཡོད་ཙམ་(1)དུ་འཁོར་འདས་དང་རྒྱུ་འབྲས་ཀྱི་བྱ་བྱེད་ཐམས་ཅད་ལེགས་པར་སྒྲུབ་ནུས་ན་དབུ་མའི་ལམ་དུ་འགྲོ་བ་ཡིན། སྤྱིར་རྟེན་འབྱུང་གི་དགོངས་པ་དེ་ཉིད་གནའ་བོའི་ནང་བསྟན་དུའང་ཡོད་ཅིང་། དེ་ནི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་བསྡོམས་ལྟ་བུ་ཞིག་ཡིན་ཞེས་གསུངས། དེ་རྗེས་དབུ་མའི་ལྟ་བ་དེ་ཉིད་རྒྱས་པར་འགྲེལ་མཁན་ནི་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ལྷ། སྒྲ་གཅན་འཛིན་ཡིན་ཞིང་། དེ་རྣམས་ཀྱིས་སྤེལ་བ་ལ་སྔ་དར་དབུ་མའི་ལུགས་ཟེར་ཞིང་། དེ་རྗེས་དུས་རབས་ལྔ་པ་ནས་བདུན་པའི་ནང་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཞི་བ་ལྷ་ལ་སོགས་པའི་དབུ་མ་པའི་མཁས་དབང་དག་བྱོན་ཞིང་། དེ་དག་ལ་བར་དར་དབུ་མའི་ལུགས་ཟེར་བ་ཡིན། དུས་རབས་བརྒྱད་པ་ནས་བཅུ་གཅིག་ནང་ཡེ་ཤེས་སྙིང་པོ་དང་མཁན་ཆེན་ཞི་བ་འཚོ། ཀཱ་མ་ལ་ཤི་ལ། གྲོལ་སྡེ། སེང་གེ་བཟང་པོ་ལ་སོགས་པ་བྱོན་ཞིང་། དེ་རྣམས་ལ་ཕྱི་དར་དབུ་མའི་ལུགས་ཞེས་ཟེར་བ་ཡིན། (2)ཕྱིས་སུ་སློབ་དཔོན་ཟླ་གྲགས་ཀྱི་ལྟ་བ་འཛིན་པ་པོ་ཇོ་བོ་རྗེ་མཆོག་ལ་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད་དང་། ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་དང་། ཞི་བ་ལྷ་ནས་བརྒྱུད་པའི་རླབས་ཆེན་སྤྱོད་བརྒྱུད། གསང་སྔགས་ཀྱི་བརྒྱུད་པ་བཅས་བསྟན་པ་ཡོངས་རྫོགས་ཀྱི་བརྒྱུད་པའི་བཀའ་བབ་སྟེ་ཇོ་བོ་རྗེས་བོད་ཀྱི་ཁྱད་ཆོས་དང་བསྟུན་ནས་བསྟན་པ་ཡོངས་རྫོགས་ཀྱི་གནད་རྣམས་གཅིག་ཏུ་འགྲིལ་བའི་《བྱང་ཆུབ་ལམ་སྒྲོན་》མཛད། དེ་ནས་ལམ་རིམ་ཞེས་པའི་ཐ་སྙད་བྱུང་ཞེས་གསལ། དེ་ཕྱིན་ཆད་ལྟ་སྤྱོད་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པ་ཡིན་ལ་རྗེ་ཙོང་ཁ་པ་མཆོག་གིས་ཀྱང་བཀའ་གདམས་པའི་ལྟ་སྤྱོད་གཞིར་བཟུང་སྟེ་བཀའ་གདམས་གཞུང་པར་གྲགས་པའི་དགེ་ལྡན་རིང་ལུགས་པའི་གྲུབ་མཐའི་སྲོལ་བཏོད། དེས་ན་རྗེ་ཙོང་ཁ་པ་མཆོག་གིས་རྒྱུ་རྐྱེན་རྟེན་འབྲེལ་གང་འདྲ་ཞིག་གི་འོག་ཏུ་སྐབས་དེའི་སྟོང་ཉིད་ཀྱི་ལྟ་བ་འགའ་རེར་དག་ཐེར་དང་སྟོང་ཉིད་ཀྱི་ལྟ་བ་ཡང་དག་ཅིག་གཏན་ལ་འབེབས་པར་མཛད་དམ་ཟེར་ན། དེ་ཡང་《བྱང་ཆུབ་ལམ་རིམ་ཆེ་བ》ཡི་ནང་གི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་ཇི་ལྟར་བསླབ་པའི་ཚུལ་ཞེས་པའི་ནང་དུ་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་སྐབས་ཀྱི་དགག་བྱ་ངོས་འཛིན་པའི་སྐབས་སུ་གསལ་བར་བསྟན་གནང་ཡོད་དེ། “དགག་བྱའི་གནད་མཐར་གཏུགས་པའི་ཕྲ་བ་ནས་མ་ཁེགས་པར་ལྷག་མ་ལུས་ན་ཡོད་པའི་མཐར་ལྟུང་ཞིང་། དངོས་པོར་མངོན་པར་ཞེན་པ་སྐྱེད་སྲིད་ནས་སྲིད་པ་ལས་གྲོལ་བར་མི་ནུས་སོ། ཧ་ཅང་ཐལ་ཆེས་ནས་དགག་པར་བྱ་བའི་ཚོད་མ་ཟིན་པར་བཀག་ན་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་རིམ་པ་སུན་ཕྱུང་བས་ཆད་པའི་མཐར་ལྟུང་ཞིང་ལྟ་བ་དེ་ཉིད་ཀྱིས་ངན་འགྲོར་འཁྲིད་པར་བྱེད་དོ། དེའི་ཕྱིར་དགག་བྱ་ལེགས་པར་ངོས་ཟིན་པ་གལ་ཆེ་སྟེ། འདི་ངོས་མ་ཟིན་ན་ཡང་ན་རྟག་ལྟ་དང་ཡང་ན་ཆད་ལྟ་གདོན་མི་ཟ་བར་སྐྱེད་པའི་ཕྱིར་རོ་” (3)ཞེས་དགག་བྱ་ཁྱབ་ཆུང་བ་དང་དགག་བྱ་ཁྱབ་ཆེ་བ་གཉིས་ཀ་མི་རུང་བར་བསྟན་གནང་ཡོད། དེ་བས་ཀྱང་རྗེ་ཙོང་ཁ་པ་མཆོག་གིས་གཙོ་བོ་དགག་བྱ་ཁྱབ་ཆེ་བ་དེ་འགོག་གནང་གི་ཡོད་ཅིང་། དེ་ནི་སྐབས་དེར་བོད་དུ་ཅུང་དར་ཆེ་བའི་ལྟ་བ་ཞིག་ཡིན་ཅིང་། དགག་བྱ་ཁྱབ་ཆུང་ན་སྲིད་པ་ལས་གྲོལ་མི་ནུས་པ་ཙམ་ཡིན་ཞིང་། འོན་ཏེ་དགག་བྱ་ཁྱབ་ཆེ་ན་ཐད་ཀར་ངན་འགྲོར་སྐྱེ་བའི་རྒྱུ་ཁོ་ན་ཡིན་པར་གསུངས། དེའི་ཐད་རྗེ་ཉིད་ཀྱིས་མཛད་པའི《རྣམ་བཤད་རིགས་པའི་རྒྱ་མཚོ》ལས། མེད་ལྟས་ངན་སོང་དང་ཡོད་ལྟས་བདེ་འགྲོར་འཁོར་བས་ཞེས་གསུངས་ཤིང་། ཡོད་ལྟས་ནི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པར་གེགས་བྱེད་ཀྱང་ལས་འབྲས་དང་དགེ་སྡིག་སོགས་ལ་གཙིགས་སུ་བཟུང་ཞིང་། མེད་ལྟས་ནི་ལས་འབྲས་དང་དགེ་སྡིག་གི་རྟེན་ཐམས་ཅད་བཤིགས་པས་ངན་འགྲོར་འགྲོ་ཞིང་ཉེས་དམིགས་ཀྱང་ཤིན་ཏུ་ནས་ཆེ་བར་བཞེད། འདི་ནི་རྗེ་ཙོང་ཁ་པ་མཆོག་གི་ལྟ་བའི་དཔྱད་པ་རྫོགས་པའི་སྐབས་ཀྱི་ལྟ་དགོངས་ཡིན་ཞིང་། ལྟ་བའི་དཔྱད་པ་མ་རྫོགས་པའི་སྔོན་དུ་བོད་སྔ་མའི་ལྟ་བ་བཞིན་སྟོང་ཕྱོགས་ལ་གཙིགས་སུ་མཛད་ཀྱིན་ཡོད་པ་འདྲ་སྟེ། “དེའི་ཚེ་བླ་མ་དབུ་མ་བས་ལོ་ཙཱ་མཛད་དེ། རྗེ་བཙུན་ལ་དྲི་བ་ཞུས་པའི་སྐབས་སུ། ངེད་ཀྱི་དབུ་མའི་ལྟ་བ་དེ་རྣམ་དག་ཨེ་ཡིན་ཞུས་པས། མིན་ཏེ་ཁྱོད་རང་གི་ངོས་ནས་སྟོང་ཕྱོགས་ལ་ངེས་པ་འདུག་གི་སྣང་ཕྱོགས་ལ་མི་འདུག་པའི་ཕྱིར་རོ་གསུངས་”(4)ཞེས་པ་དང་། ཡང་“དེ་ནས་ལྟ་བའི་སྐོར་ལ་དྲི་བ་དང་བརྒལ་བརྟག་མང་དུ་མཛད་པར། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་ནས། སྣང་ཕྱོགས་དང་སྟོང་ཕྱོགས་ལ་ཉེ་རིང་གཏན་ནས་བྱེད་མི་ཉན། ཁྱད་པར་སྣང་བ་ལ་གཙིགས་སུ་བྱེད་དགོས་”(5)ཞེས་ཡང་ཡང་གསུངས་པ་ལྟར་ཡིན། དེ་ལས་རྗེ་ཙོང་ཁ་པ་མཆོག་གིས་ལྟ་བའི་དཔྱད་པ་མ་རྫོགས་པའི་གོང་ན་བོད་སྔ་རབས་པ་ལྟར་སྟོང་ཕྱོགས་ལ་གཙིགས་ཆེར་མཛད་པ་ཤེས་ཐུབ་ལ། ཕྱིས་རྗེ་གང་ཉིད་ཀྱིས་གཙིགས་ཆེན་མཛད་ས་ནི་རྟེན་འབྲེལ་གྱི་ཕྱོགས་ནས་དབུ་མའི་ལྟ་བ་གཏན་ལ་འབེབས་རྒྱུའི་ཕྱོགས་སུ་གཞོལ་འགོ་ཚུགས་པའང་ཤེས་ཐུབ། སྐབས་ཤིག་རིང་རྗེ་ཉིད་ཀྱིས་དབུ་མ་ཐལ་རང་གི་ལྟ་བའི་ཐད་ལ་དཔྱད་པ་ནར་མར་མཛད་ནའང་། མཐར་ཐུག་ཅིང་གནད་ལ་ཤིན་ཏུ་འཁེལ་བའི་ངེས་པ་འདྲེན་མི་ཐུབ་པའི་གནས་སྐབས་སུ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་པ་《བུད་དྷ་པཱ་ལི་ཏ་》གཟིགས་པས་ཐལ་འགྱུར་བའི་གནད་མཐར་ཐུག་པ་དང་། དགག་བྱའི་འཛིན་མཚམས་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཏེ། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག་ཅིང་། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་མཁན་སྟོན་པ་ཟས་གཙང་སྲས་ལ་དད་པ་ལྷག་པར་འཁྲུངས་ནས། 《རྟེན་འབྲེལ་བསྟོད་པ་》ཞེས་པ་དེ་བརྩམས་གནང་མཛད། བསྟོད་རྩོམ་དེའི་ཁ་བྱང་ལ་བལྟས་ནའང་རྟེན་འབྲེལ་གྱི་ཐོག་ནས་དབུ་མའི་ལྟ་བ་གཏན་ལ་འབེབས་ཚུལ་ཤེས་ཐུབ་སྟེ། དེའི་ཚིགས་སུ་བཅད་པ་ཞིག་གི་ནང་དུ། “ སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། །ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །”ཞེས་རྟེན་འབྲེལ་གྱི་ཐོག་ནས་ཟས་གཙང་སྲས་ལ་བསྟོད་པ་ཟོལ་མེད་ཕུལ་གནང་ཡོད་པ་ལྟར་ཡིན། བསྟོད་རྩོམ་ཐུང་ཐུང་དེའི་ནང་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་རྟེན་འབྲེལ་ཞེས་པའི་ཐ་སྙད་དེ་ཡང་ཐེངས་ཉི་ཤུ་ཙམ་བཀོལ་སྤྱོད་གནང་འདུག དེས་ན། ཁོང་ཉིད་ཀྱི་ཕྱིས་ཀྱི་ལྟ་བ་ཡོངས་རྫོགས་རྟེན་འབྲེལ་གྱི་ཐོག་ནས་དབུ་མའི་ལྟ་བ་གཏན་ལ་འབེབས་པ་གཙོར་བཏོན་གནང་ཡོད་ཅིང་། ཆད་ལྟ་དང་རྟག་ལྟ་གཉིས་འགོག་སྐབས་སུ་ཆད་ལྟ་གཙོ་བོར་བཀག་གནང་ཡོད། གཤམ་དུ་ཁོང་ཉིད་ཀྱིས་དབུ་མའི་ལྟ་བ་ཡང་དག་གཏན་ལ་འབེབས་ཚུལ་ལ་དཔྱད་པར་བྱ་སྟེ། 
          ༡.རང་བཞིན་མེད་ན་ཅི་ཡང་མེད་པར་འདོད་པ་དགག་ཚུལ།
          དབུ་མ་འགའ་རེས་ནི་སྟོང་ཉིད་གཏན་ལ་འབེབས་པའི་རིགས་པས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་འགོག་པར་འདོད། དེ་ནི་རྗེ་ཙོང་ཁ་པའི་སྐབས་ཀྱི་བོད་ཀྱི་དབུ་མའི་དོན་སྨྲ་བ་ཕལ་ཆེར་གྱི་ལྟ་བ་ཞིག་ཡིན་ཞིང་། དེ་དག་ཀྱང་རྔོག་བློ་ལྡན་ཤེས་རབ་ཡབ་སྲས་དང་། ཐང་སག་པ་སོགས་ཀྱི་རྗེས་འབྲང་པ་ཡིན་པར་བཤད། ཁོང་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པ་དེ་ཉིད་ཀླུ་སྒྲུབ་དང་མཐུན་པར་གསུངས་ཤིང་། འོན་ཏེ་རང་བཞིན་གྱིས་མེད་ན་ཐམས་ཅད་མེད་དགོས་པར་བཞེད་པས་དངོས་སྨྲ་བའི་ལུགས་ཀྱི་ལྟ་བ་དང་མཐུན་པ་ཞིག་ཡིན། བོད་སྔ་རབས་པ་དག་གི་དགོངས་ཚུལ་ལ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཆོས་ཐམས་ཅད་ཁེགས་པར་བཞེད་ཅིང་། སྐྱེ་བ་ལ་སོགས་པ་ཡོད་པར་འདོད་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དཔྱད་བཟོད་མི་བཟོད་གཉིས་ལས་མེད་ལ། དེས་ན་དཔྱད་བཟོད་ན་ནི་བདེན་གྲུབ་ཏུ་འགྱུར་བས་མི་འཐད་ཅིང་། དཔྱད་མ་བཟོད་ན་དེས་ཁེགས་པ་ཡིན་པར་བཞེད། དེ་ཡང་རང་གི་ངོ་བོས་མ་གྲུབ་པའི་རང་བཞིན་མེད་ན་གཞན་ཅི་ཞིག་ཡོད་པར་འདོད་པ་ཡིན། དེའི་ཐད་རྗེ་ཙོང་ཁ་པ་མཆོག་ནས་ཐ་སྙད་ལ་གོ་བ་ལེན་ཚུལ་གྱི་ཁྱད་པར་ཐོག་ནས་དག་ཐེར་ལེགས་པར་གནང་ཡོད་དེ། གཅིག་ནི་དེ་ལྟར་འདོད་པ་པོ་ཚོས་རང་བཞིན་གྱིས་མེད་པ་དང་མེད་པའི་དབར་གྱི་ཁྱད་པར་མ་ཕྱེ་བར་དགོངས་ཤིང་། དེའི་ཐད་“གཟུགས་སོགས་སྐྱེ་འགག་ལ་སོགས་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་ནོ། དེ་ལྟ་ན་གཟུགས་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་སྐྱེ་འགག་ཡོད་མེད་བཙལ་བ་ཡིན་གྱི། རིགས་པ་དེས་སྐྱེ་འགག་ཙམ་འཚོལ་བ་མིན་ནོ་”(6)ཞེས་གསལ་བར་གསུངས་ཤིང་། དཔལ་ལྡན་ཟླ་གྲགས་ཀྱི་《ཚིག་གསལ》དུའང་ཁོ་བོ་ཅག་ནི་ལས་དང་བྱེད་པ་པོ་དང་འབྲས་བུ་ལ་སོགས་པ་མེད་དོ་ཞེས་སྨྲ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་པ་ཡིན་ནོ་ཞེས་ཡོད་པ་ཙམ་དང་རང་བཞིན་གྱིས་ཡོད་པ་གཉིས་ཀྱི་ཁྱད་པར་འབྱེད་དགོས་ཤིང་། མ་ཕྱེ་ན་དངོས་སྨྲ་བ་ལྟར་དངོས་པོ་ཡོད་ཕྱིན་ཆད་རང་གི་ངོ་བོས་གྲུབ་པ་དང་། རང་གི་ངོ་བོས་མེད་ཕྱིན་ཆད་ཡེ་མེད་དམ་གཏན་མེད་དུ་སོང་ན་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་ལས་མི་འདའ་བས་ཡོད་པ་ཙམ་དང་རང་བཞིན་གྱིས་ཡོད་པའི་དབར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་ཅིང་ཁྱད་པར་དེ་གཉིས་མ་ཕྱེ་ན་རང་བཞིན་གྱིས་མེད་ཟེར་ན་ཅི་ཡང་མེད་པ་ཞིག་ཏུ་འདོད་པའི་ལྟ་བ་སྐྱེ་སྲིད། ཅེས་གསལ། གཉིས་ནི་རིགས་པས་དཔྱད་བཟོད་མ་བཟོད་དང་རིགས་པས་ཁེགས་མ་ཁེགས་གཉིས་ཀྱི་ཐོག་ནས་ཁྱད་པར་འབྱེད་གནང་ཡོད་དེ། རིགས་པས་དཔྱད་བཟོད་མ་བཟོད་ཀྱི་དོན་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་དེས་རྙེད་མ་རྙེད་ཐོག་ནས་འཇོག་གི་ཡོད། དེས་ན་གོང་གི་རང་བཞིན་གྱིས་མེད་པ་དང་མེད་པ་གཉིས་ལས་རིགས་པའི་དཔྱད་པ་བྱ་གཞིར་གྱུར་པ་ནི་རང་བཞིན་ཡོད་མེད་འཚོལ་རྒྱུ་དེ་ཡིན་པ་ལས་མེད་པ་ཙམ་དེ་མིན། དེས་ན་གཟུགས་ལ་སོགས་པའི་སྐྱེ་འགག་ཀྱང་ཐ་སྙད་པའི་ཤེས་པས་གྲུབ་པ་ཡིན་ཞིང་། དེ་དག་ཡོད་ཀྱང་རིགས་ཤེས་ཀྱིས་མ་གྲུབ་པའམ་རིགས་ཤེས་དེས་མ་རྙེད་པས་གཟུགས་ལ་སོགས་པའི་སྐྱེ་འགག་ཙམ་དེ་ཁེགས་མི་ཐུབ་སྟེ། གོང་དུ་བརྗོད་པ་ལྟར་རིགས་ཤེས་ཀྱི་བསྒྲུབ་བྱ་ལྟ་བུ་ནི་རང་བཞིན་ཡོད་མེད་འཚོལ་བ་ཡིན་པ་ལས། ཆོས་རྣམས་ཀྱི་སྐྱེ་འགག་ཙམ་དེ་མིན་ཞིང་། དེ་དག་ནི་ཐ་སྙད་པའི་ཤེས་པའི་དམིགས་གཏད་ཡིན། དེ་ལ་དཔེ་ཞིག་གི་ཐོག་ནས་དེ་གསལ་བར་མཛད་འདུག་སྟེ། མིག་གི་ཤེས་པས་སྒྲ་མི་རྙེད་ཀྱང་དེས་མི་ཁེགས་པ་བཞིན་ནོ་ཞེས་གསུངས་པས། རང་རང་སྐབས་ཐོབ་ཀྱི་ལས་འགན་ནམ་འཛིན་མཚམས་རེ་རེ་ཡོད་པས་འཛིན་མཚམས་དེ་གསལ་པོར་ངེས་དགོས་པ་དེ་གལ་ཆེན་ཡིན། ཡང་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་མ་རྙེད་པའི་དོན་རིགས་པས་གནོད་པའམ་ཁེགས་པའི་དོན་དུ་འདོད་པ་ནི་དབུ་མའི་ཚུལ་ལས་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་པར་བཞེད། མདོར་ན་དེའི་ཐད་རྗེ་ཙོང་ཁ་པའི་སྔ་རོལ་དུ་རང་བཞིན་མེད་པའི་སྟོང་པར་ཞེས་པའི་སྟོང་པར་གོ་བ་ལེན་ཚུལ་གཉིས་བྱུང་སྟེ། གཅིག་ནི་ཅི་ཡང་མེད་པའི་སྟོང་པ་ལྟ་བུ་ཞིག་ཏུ་འདོད་པ་དེ་ཡིན། རྒྱུ་མཚན་དེའི་དབང་གིས་སྟོང་པ་ཞེས་བརྗོད་ན་ལས་འབྲས་དང་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་མི་འཐད་པར་འདོད་པའི་ལྟ་བ་དེ་བྱུང་། གཞན་ཞིག་ནི་གོང་སྨོས་ལྟར་རྟེན་འབྲེལ་གི་ལྟ་བའི་ཐོག་ནས་སྟོང་པ་ཉིད་ལ་འགྲེལ་པ་བྱེད་པ་དེ་ཡིན། ཡང་མགོན་པོ་ཀླུ་སྒྲུབ་མཆོག་ནས་གསུངས་པ་ལྟར་རྟེན་འབྱུང་དང་སྟོང་པ་གཅིག་ཏུ་འཛིན་ཚུལ་བྱུང་ཞིང་། རྗེ་ཙོང་ཁ་པ་མཆོག་ནས་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཡིན་གྱི། དོན་བྱེད་ནུས་པས་སྟོང་བའི་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་ཡང་ནས་ཡང་དུ་སྒྲོག་པར་མཛད་པ་དེ་ནི་སྐབས་དེའི་བསྡོམས་ཡིན་ནོ།
          ༢.རྟོག་པ་ཡོད་ཚད་དགག་བྱར་བཟུང་བ་དགག་ཚུལ།
          ཁ་ཅིག་གིས་རྟོག་པ་ཡོད་ཚད་སྐྱོན་དུ་བཟུང་སྟེ་ཐམས་ཅད་འགོག་དགོས་པར་འདོད་ཅིང་། ཡིད་ལ་ཅིའང་བྱར་མེད་ཅིང་། རང་སེམས་ལྷོད་ལ་བཞག་ན་འཚང་རྒྱ་བར་འདོད། དེ་ནི་རྒྱ་ནག་ཧ་ཤང་གི་ལྟ་བ་དང་འདྲ་བས། རྗེ་ཉིད་ནས་དགག་པ་ཆེས་ཆེར་མཛད་པར་སྣང་། རྒྱ་ནག་ཧ་ཤང་གི་ལྟ་བ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཀྱི་སྟོན་རྩེན་གཉིས་རྩོད་པའི་སྐབས་སུ་ཀཱ་མ་ལ་ཤི་ལས་ཕམ་པར་བཏང་མོད། ཤོད་རྒྱུན་དུ་རྒྱ་ཧ་ཤང་གི་ལྷམ་གཅིག་བོད་དུ་ལུས་པས་ཕྱིས་སུ་སྟོན་མིན་གྱི་ལྟ་བ་དེ་བོད་དུ་ལུས་རྒྱུ་ཡིན་པར་བརྗོད། དོན་དུ་དེས་མཚོན་པ་ནི་སྐབས་དེར་སྟོན་རྩེན་གྱི་རྩོད་པའི་སྐབས་སུ་སྟོན་མིན་ཕམ་རུང་། དེའི་ལྟ་བ་འཛིན་པ་མུ་མཐུད་བོད་དུ་ལུས་ཡོད་པ་དེ་ཡིན།(7)རྗེ་ཙོང་ཁ་པའི་སྐབས་སུའང་ལྟ་བ་དེ་རིགས་བོད་དུ་དར་ཁྱབ་ཆེན་པོ་ཡོད་པའི་དབང་གིས་རྗེ་ཉིད་ཀྱིས་ཧ་ཅང་གལ་ཆེན་དུ་མཛད་དེ་དགག་གཞག་གནང་བ་མ་ཟད། ཁོང་གི་རྗེས་འཇུག་པ་ཚོས་ཀྱང་དགག་གཞག་ནན་པོ་གནང་ཡོད། ཅིའང་ཡིད་ལ་མི་བྱེད་པ་ལྟ་བའི་སྒོམ་གྱི་ཡང་རྩེར་འཛིན་པའི་སྐྱེ་བོ་རྣམས་ནི་རྣམ་གྲོལ་སྒྲུབ་པའི་དོན་དུ་དཀའ་བ་ཇི་ཙམ་སྤྱད་ཀྱང་ངལ་བ་འབྲས་མེད་དུ་གྱུར་ངེས་ཤིང་། དེ་ལྟ་བུའི་ཅིའང་ཡིད་ལ་མི་བྱེད་ཅིང་། རང་སར་ལྷོད་ཀྱིས་བཞག་པའི་ལྟ་བ་དེས་སྒོམ་གྱི་དུས་སུའང་བདག་མེད་དམ་ཆོས་ཐམས་ཅད་རང་བཞིན་མེད་པའང་བསྒོམ་དུ་མི་རུང་བར་བརྩི་ངེས་སུ་གསུངས་ཏེ། ཀཱ་མ་ལ་ཤི་ལའི་སྒོམ་རིམ་ཐ་མ་ལས་ཀྱང་། རྣལ་འབྱོར་པས་ཡེ་ཤེས་ཀྱི་མིག་ཕྱེ་ལ་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དགྲ་རྣམས་ཕམ་པར་བྱས་ཏེ་འཇིགས་པ་མེད་པར་གནས་པར་བྱ་ཡི། མི་སྡར་མ་བཞིན་དུ་མིག་བཙུམ་པར་མི་བྱའོ་ཞེས་དང་། རྗེ་ཙོང་ཁ་པས་ཀྱང་“དམིགས་པའི་གཏད་སོ་བྱས་ནས་དེ་ལ་སེམས་བཟུང་ན་མཚན་འཛིན་དུ་འགྲོ་སྙམ་ནས་དེ་ལྟ་བུའི་དམིགས་པའི་ཡུལ་ལ་མི་གཏོད་པར་རྟེན་མེད་དུ་འཇོག་པ་ཉིད་སྟོང་ཉིད་སྒོམ་པར་འདོད་པ་ནི་སྟོང་ཉིད་སྒོམ་ཚུལ་གཏན་མ་གོ་བའི་རྣམ་འགྱུར་ཡིན་ཏེ་”(8)ཞེས་དང་། མཁས་གྲུབ་རྗེའི་སྟོང་ཐུན་ལས་ཀྱང་། ཅིའང་ཡིད་ལ་མི་བྱེད་པ་གནས་ལུགས་བསྒོམ་པར་བཟུང་བས་ནི། བདག་མེད་པར་ཡང་བསྒོམ་དུ་མི་རུང་བར་འཁྲུལ་བས་འཁོར་བའི་རྩ་བ་བདེན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་ཉམས་སུ་ལེན་པ་བཀག་སྟེ་ཞེས་སོགས་གསུངས་ཏེ་དགག་བྱ་ཆེས་ཆེར་མཛད། གང་ལྟར་སྒོམ་པའི་སྐབས་སུ་ཅིའང་ཡིད་ལ་མི་བྱེད་ན་ཐོས་པ་དང་བསམ་པ་དག་དོན་མེད་པར་འགྱུར་ཞིང་། ཐ་ན་དངོས་པོའི་དེ་ཁོ་ན་ཉིད་ཀྱང་ཡིད་ལ་མི་བྱེད་པར་འདོད་དགོས་ན་དེ་འདྲའི་སྒོམ་པ་ནི་ངལ་བ་འབྲས་མེད་ཅིག་ཏུ་འགྱུར་བར་བཞེད། རྒྱ་ཧ་ཤང་གི་ལྟ་བས་ཐོས་བསམ་དང་སྒོམ་གཉིས་ཡ་བྲལ་དུ་འདོད་ཅིང་། ཐོས་པ་དང་བསམ་པའི་དོན་རྣམས་སྒོམ་པའི་གནས་སྐབས་སུ་ཡིད་ལ་བྱེད་ན་དེ་ནི་མཚན་འཛིན་གྱི་སྐྱོན་དུ་བརྩི་བས། མཐར་ཐུག་འཚང་རྒྱ་བའི་ལམ་དུ་ཞུགས་མི་ཐུབ་པར་འདོད་པ་ཡིན། འོན་ཏེ་རྗེ་ཙོང་ཁ་པ་མཆོག་གིས་ནི་ཐོས་པ་དང་སྒོམ་གཉིས་གཅིག་གྲོགས་གཅིག་ཏུ་འགྲོ་བ་ཞིག་ལས་ཡ་བྲལ་དུ་འཛིན་མི་འོས་ཚུལ་ལུང་དང་རིགས་པ་དུ་མས་སྒྲུབ་གནང་ཞིང་། ཐོས་པ་དང་བསམ་པའི་ཤེས་རབ་ལས་སྐྱེས་པའི་དོན་རྣམས་ཡང་ནས་ཡང་དུ་ཡིད་ལ་གོམས་པར་བྱས་ན་སྒོམ་དུ་འགྲོ་ཞིང་། གོམས་པ་ནི་སྒོམ་པའི་དོན་དུ་གསུངས་པས། དེ་ནི་དཔྱད་གཞི་རིན་ཐང་ཤིན་ཏུ་ཆེ་བ་ཞིག་ཡིན། སྒོམ་བྱུང་གི་ཤེས་རབ་དེ་ཡང་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་ཅིང་ངེས་པ་རྙེད་པའི་དོན་དེ་ཉིད་ཁ་ནང་དུ་ཕྱོགས་ནས་རིགས་པས་དཔྱད་འཇོག་ཅི་རིགས་ཀྱི་སྒོ་ནས་ཡང་ཡང་འདྲིས་པར་བྱེད་པའི་ཤེས་རབ་ཅིག་ཡིན་ཞིང་། སྒོམ་པའི་སྐབས་སུ་ཐོས་བསམ་གྱི་རྒྱུ་ཚོགས་ཅི་ཡང་ཡིད་ལ་མི་བྱེད་པར་འཚང་རྒྱ་བར་འདོད་པ་ནི་བླུན་སྒོམ་དང་འདྲ་ཚུལ་ཡང་ནས་ཡང་དུ་གསུངས་ཡོད། གལ་ཏེ་ཡིད་ལ་ཅི་ཡང་བྱར་མེད། བསམ་དུ་མེད་པར་འཚང་རྒྱ་ན་ཆོས་ཕུང་གསུངས་པ་ཐམས་ཅད་དོན་མེད་དུ་འགྱུར་ཞིང་། ཐོས་བསམ་བྱས་པ་དང་མ་བྱས་པ་གཉིས་ཀྱང་ཁྱད་མེད་དུ་འགྱུར་ལ། ལྷག་པར་ཐོས་བསམ་ཅི་ཡང་མ་བྱས་པའི་བླུན་པོ་ཉིད་འཚང་རྒྱ་བར་འགྲོ་བ་སོགས་ལུང་དང་རིགས་པའི་གནོད་བྱེད་དུ་མ་ཞིག་རྡུལ་བཞིན་འབབ་ཡོང་ངེས་ཡིན། རྗེ་ཙོང་ཁ་པ་མཆོག་གིས་《རྟོགས་བརྗོད་འདུན་ལེགས་མ་》ཡི་ནང་དུའང་། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་ཐོས་བསམ་སྒོམ་གསུམ་གྱི་གནད་དང་གོ་རིམ་མ་འཛོལ་བར་བསྟན་གནང་བ་དང་། དགེ་བའི་བཤེས་གཉེན་ཆེན་མོ་དོར་ཞི་རིན་པོ་ཆེ་མཆོག་ནས་ཀྱང་《དབུ་མའི་ཟབ་དོན་》ཞེས་པའི་ནང་དུ། རྟོག་པ་ཐམས་ཅད་སྤངས་པ་བླུན་པོའི་ལུགས། །རྟོག་པ་མེད་པ་ཙམ་གྱིས་སངས་རྒྱས་ན། །རྟོག་མེད་དུད་འགྲོ་དང་ནི་ས་རྡོའི་སྐུ། །སངས་རྒྱས་ས་ལ་གནས་པར་གོར་མ་ཆག །ཐོས་བསམ་སྒོམ་གསུམ་རྟོག་པར་བརྟེན་པའི་ཕྱིར། །སོ་སྐྱེས་ས་ལ་རྟོག་པ་སྤངས་མི་ནུས། །ཆོས་འཁོར་སྐོར་བ་མིང་ཚིག་ལ་བརྟེན་ཕྱིར། །སངས་རྒྱས་ལ་ཡང་རྟོག་པ་ཡོད་པར་མངོན། །ཞེས་གསུངས་སོ།
          ༣. ཐ་སྙད་པའི་ཤེས་པ་ཁས་ལེན་དགོས་པར་འདོད་པ།
          ཐ་སྙད་པའི་ཤེས་པ་ནི་ཆོས་གང་དང་གང་ལའང་ཇི་ལྟར་སྣང་བ་ལྟར་གྱི་རྗེས་སུ་འགྲོ་བ་ཙམ་ཡིན་པ་ལས། སྣང་བའི་དོན་དེ་བློ་ལ་དེ་ལྟར་སྣང་བའི་སྣང་ཚུལ་ཙམ་ཞིག་ཡིན་ནམ། ཡང་ན་དོན་དངོས་པོའི་གནས་ལུགས་ལ་དངོས་སུ་དེ་ལྟར་གྲུབ་པ་ཡིན་ནམ་སྙམ་དུ་མི་དཔྱོད་པའི་ཤེས་པ་མ་བརྟག་མ་དཔྱད་པར་འཇུག་པ་ཞིག་ལ་གོ་དགོས་ཤིང་། མ་བརྟག་མ་དཔྱད་པ་དེ་ཡང་དངོས་པོའི་དེ་ཁོ་ན་ཉིད་ལ་མ་བརྟག་མ་དཔྱད་པ་ཙམ་ལ་བྱ་བ་ལས། བརྟག་པ་གཏན་ནས་མེད་པ་ཞིག་ལ་གོ་ནའང་མི་འགྲིག འོ་ན་ཐ་སྙད་པའི་ཤེས་པ་དེ་དངོས་པོའི་དེ་ཁོ་ན་ཉིད་ལ་མ་བརྟག་མ་དཔྱད་པར་འཇུག་པ་ཞིག་ཡིན་ན། དངོས་པོའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཡེ་ཤེས་ཤིག་ངེས་པར་དུ་དགོས་པ་ནི་དོན་གྱིས་བསྟན་ཐུབ་པ་ཞིག་ཡིན་ཞིང་། དེའི་རྒྱུ་མཚན་ཡང་དབུ་མ་བ་རྣམས་ཀྱིས་ནི་དངོས་པོའི་དེ་ཁོ་ན་ཉིད་དམ་རང་བཞིན་ཡོད་མེད་འཚོལ་བར་ལྷུར་ལེན་བྱེད་པ་ལས། མ་བརྟག་མ་དཔྱད་པ་ཞིག་གི་ཐོག་ནས་དངོས་པོར་སྡོམ་ཚིག་འཇོག་པ་མེད་དེ། རྟོན་པ་བཞི་ཡི་ནང་དུ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་གསུངས་པ་ལྟར་ཡིན། ངེས་དོན་དེ་ཡང་དོན་དེ་ཁོ་ན་ཉིད་ཀྱི་དོན་ཡིན་པས་གཏན་ལ་དབབ་བྱའི་མཐར་ཐུག་པའི་ཕྱིར། དེ་ཕན་ཆད་དུ་དྲང་མེད་པ་དང་དེ་ལས་གཞན་དུ་གང་ཟག་གཞན་གྱིས་དྲང་དུ་མི་རུང་སྟེ་སྒྲུབ་བྱེད་ཚད་མ་དང་ལྡན་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། དེས་ན་དངོས་པོའི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་ལ་ཐ་སྙད་པའི་ཤེས་པས་མི་ཆོག་པར། དེ་ལ་འཕགས་པའི་ཡེ་ཤེས་ཀྱང་དགོས་པ་ཡིན། འགའ་རེས་འཕགས་པའི་ཡེ་ཤེས་དེ་མཐར་ཐུག་གི་ཆོས་ཉིད་རྟོགས་པ་ཞིག་ཡིན་ན། དེ་ཙམ་གྱིས་ཐ་སྙད་པའི་ཤེས་པ་དེ་བེད་མེད་དམ་ཡོངས་སུ་ནོར་འཁྲུལ་ལམ་མེད་པ་ཞིག་ཏུ་འདོད། གནད་དོན་དེ་ཡི་ཐད་རྗེའི་《ལམ་རིམ་ཆེ་མོ་》ཡི་ནང་དུ་ཞིབ་རྒྱས་ཀྱི་ཐོག་ནས་དགག་གཞག་དང་དེ་གཉིས་ཀྱི་འགལ་འབྲེལ་ཐག་གཅོད་ལེགས་པར་གནང་སྟེ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་ཟུང་གི་དགོངས་པ་གསལ་ཞིང་ཞིབ་པར་བསྟན་གནང་ཡོད་དེ།“གཟུགས་ལ་སོགས་པའི་སྐྱེ་འགག་རྣམས་ཀྱང་ཐ་སྙད་པའི་ཤེས་པས་འགྲུབ་པ་ཡིན་གྱི། དེ་དག་ཡོད་ཀྱང་རིགས་ཤེས་ཀྱིས་མི་འགྲུབ་པས་དེས་མ་རྙེད་པས་དེ་དག་ཇི་ལྟར་ཁེགས་ཏེ། དཔེར་ན། མིག་གི་ཤེས་པས་སྒྲ་མ་རྙེད་ཀྱང་དེས་མི་ཁེགས་པ་བཞིན་ནོ”(9)ཞེས་གསུངས་པ་ལྟར་ཡིན། དེ་ལྟར་ཐ་སྙད་པའི་ཤེས་པ་དང་འཕགས་པའི་ཡེ་ཤེས་སོ་སོར་རང་རང་སྐབས་ཐོབ་ཀྱི་བསྒྲུབ་བྱ་རེ་ཡོད་པ་ཤེས་ཐུབ་ཅིང་། ཐ་སྙད་པའི་ཤེས་པས་འཚོལ་བ་ནི་གཟུགས་སོགས་ཀྱི་སྐྱེ་འགག་ཙམ་མམ་འཇིག་རྟེན་ལ་གྲགས་པའི་དབང་གིས་འཇུག་པ་དེ་དག་ཡིན་ཞིང་། འཕགས་པའི་ཡེ་ཤེས་ཀྱིས་འཚོལ་བ་ནི་སྐྱེ་འགག་སོགས་ཀྱི་རང་བཞིན་ཡོད་མེད་འཚོལ་རྒྱུ་དེ་ཡིན། དེས་ན་མཐར་ཐུག་གི་དམིགས་ཡུལ་ནི་དངོས་པོའི་དེ་ཁོ་ན་ཉིད་ཡིན་རུང་། ཐ་སྙད་པའི་ཤེས་པའང་དེ་བཞིན་དུ་གལ་ཆེན་ཡིན་པ་རྗེའི་དགོངས་པ་ཡིན། 《བྱང་ཆུབ་ལམ་རིམ་ཆེ་མོ་》ཡི་ཤོག་ངོས་ལྔ་བརྒྱ་བརྒྱད་བཅུ་གྱ་གསུམ་ནང་དུ་《རྩོད་ཟློག》ནང་གི་འགལ་ལན་ཞིག་དྲངས་ཡོད་པ་དེས་ཀྱང་། མིང་ཙམ་དང་ཐ་སྙད་ཙམ་གྱི་ཤེས་པ་དེ་ཁས་ལེན་དགོས་ཚུལ་བསྟན་པ་ཡིན་ཏེ། ཁ་ཅིག་གིས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་ལྡོག་པར་མི་ནུས་སོ། །ཞེས་འགལ་བ་བརྗོད་པ་ལ། དེའི་ལན་དུ་“ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པའི་ཕྱིར་རང་བཞིན་སྟོང་བ་ཡིན་ཡང་སྦྲང་རྩི་དང་ཆུ་དང་འོ་ཐུག་འཛིན་པ་དང་ལེན་པ་དང་གྲང་བ་དང་རླུང་དང་ཉི་མ་ཡོངས་སུ་སྐྱོབ་པར་ནུས་པ་དེ་བཞིན་དུ། ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པ་ཡིན་ཡང་དངོས་པོ་རྣམས་རང་བཞིན་མེད་པར་རབ་ཏུ་སྒྲུབ་པར་ནུས་པ་ཡིན་པས། དེ་ལ་ཁྱོད་ཀྱི་ཚིག་རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པ་འཐད་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ་”(10)ཞེས་གསུངས་ཤིང་། གསུངས་དེས་ནི་རང་བཞིན་མེད་ཅེས་པའི་ཚིག་གིས་དགག་སྒྲུབ་ཀྱི་བྱ་བ་བྱེད་ནུས་ཚུལ་གསལ་པོར་བསྟན་གནང་འདུག ཡང་རྗེའི་ཐུགས་ཀྱི་སྲས་སུ་གྱུར་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་《སྟོང་ཐུན་》ལས། “གཟུགས་སོགས་རྣམས་ཐ་སྙད་པའི་ཤེས་པས་ཡོད་པར་གཞལ་བ་དང་། འཕགས་པ་རྣམས་ཀྱིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་མེད་པར་གཟིགས་པ་གཉིས་གང་དབང་བཙན་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་དྲི་བར་བྱ་བ་མ་ཡིན་ཏེ། འཕགས་པ་རྣམས་ཀྱིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམས་མ་གཟིགས་པ་མ་ཡིན་པས་མེད་པར་གཟིགས་པ་མ་ཡིན་ལ། མ་གཟིགས་པ་ཡང་མེད་པས་མ་གཟིགས་པ་མ་ཡིན་གྱི། ཡོད་ཀྱང་ཡེ་ཤེས་དེའི་སྤྱོད་ཡུལ་མ་ཡིན་ནས་མ་གཟིགས་པ་ཡིན་ནོ། ཡུལ་མ་ཡིན་པའི་རྒྱུ་མཚན་ཡང་། གཟུགས་སོགས་ནི་ཀུན་རྫོབ་པ་ཡིན་ལ། འཕགས་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནི་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། དེས་ན་དོན་དམ་དཔྱོད་པ་ལ་འཕགས་པའི་ཡེ་ཤེས་དབང་བཙན་ཞིང་། ཐ་སྙད་དཔྱོད་པ་ལ་འཇིག་རྟེན་པའི་ཤེས་པ་དབང་བཙན་ལ། ཐ་སྙད་དཔྱོད་པའི་ཚད་མས་གྲུབ་པའི་དོན་ལ་འཕགས་པའི་གཟིགས་པས་མི་གནོད་ཅིང་། འཕགས་པའི་ཡེ་ཤེས་ཀྱིས་གྲུབ་པའི་དོན་ལ་ཐ་སྙད་པའི་ཤེས་པས་གྲུབ་པའི་དོན་གྱིས་མི་གནོད་དེ། གཞན་དུ་ན་དོན་དམ་གྱིས་ཀུན་རྫོབ་འགོག་པ་དང་ཆོས་ཉིད་ཀྱིས་ཆོས་ཅན་འགོག་པ་སོགས་སུ་འགྱུར་བས་བདེན་གཉིས་ཟུང་འཇུག་བྱར་མི་རུང་བར་ཐལ་ལོ”(11)ཞེས་གསུངས་པ་ལས་ཀྱང་ཐ་སྙད་པའི་ཤེས་པ་དང་འཕགས་པའི་ཡེ་ཤེས། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་དབར་ལ་འཛིན་མཚམས་ལེགས་པར་ཟིན་དགོས་ཤིང་། འཛིན་མཚམས་ལེགས་པར་མ་བྱུང་ན་རྟག་ཆད་ཀྱི་མཐའ་རུ་ལྷུང་སྟེ་དབུ་མའི་ལམ་ནས་ཉམས་ངེས་ཡིན་པ་ཤེས་ཐུབ། དེ་ཡང་དགེ་བའི་བཤེས་གཉེན་དོར་ཞི་མཆོག་གིས། རྟག་ཆད་ཀྱི་མཐའ་རུ་མ་ལྷུང་བ་ནི་སྟག་མོའི་ཁ་རུ་སྟག་ཕྲུག་འཛིན་པ་དང་མཚུངས་ཤིང་། ཆེས་ལྷོད་ན་སྟག་ཕྲུག་ཁ་ནང་ནས་ལྷུང་འགྲོ་ལ། ཆེས་དམ་ན་སྟག་ཕྲུག་ལ་ཤི་རྨས་ཀྱི་ཉེས་སྐྱོན་འབྱུང་སྲིད་ཅེས་དཔེའི་ཐོག་ནས་སྦྱར་བ་ནི་ཤིན་ཏུ་འཕྲོད་དོ། སྐབས་འདིར་གསེད་བཀྲོལ་བྱ་དགོས་པ་གཉིས་ཡོད་དེ། གཅིག་ནི་གོང་གི་འཛིན་མཚམས་དེ་དག་ཐ་སྙད་ཀྱི་ཐོག་ནས་དཔྱད་ན་རིགས་ཤེས་ཀྱིས་མ་རྙེད་པ་དང་ཁེགས་པ་གཉིས་དོན་གཅིག་ཏུ་འཁྲུལ་བའི་སྐྱོན་དུ་མཐོང་སྟེ། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་མ་རྙེད་པ་ཙམ་གྱིས་ཁེགས་པ་མིན་ཞིང་། གཟུགས་སོགས་ནི་ཐ་སྙད་པའི་ཤེས་པས་གྲུབ་པ་ཡིན་གྱི། དོན་དམ་ཡོད་ཀྱང་རིགས་ཤེས་ཀྱིས་མི་འགྲུབ་མོད། དེས་མ་རྙེད་པ་ཙམ་གྱིས་དེ་དག་ཁེགས་མི་དགོས་ཏེ། མིག་ཤེས་ཀྱིས་སྒྲ་མ་རྙེད་ཀྱང་སྒྲ་དེ་མེད་དོ་ཞེས་ཁེགས་མི་དགོས་ཤིང་། སྒྲ་ནི་རྣ་བའི་མཉན་བྱ་ཡིན་པས་སྐབས་ཐོབ་ཀྱི་བགྱི་བ་རེ་རེ་ཡོད་པས། གཅིག་གི་གོ་ས་གཅིག་གིས་ཁེགས་མི་རུང་། དེ་ལྟར་ཁེགས་ན་དོན་དམ་གྱིས་ཀུན་རྫོབ་འགོག་པ་དང་ཀུན་རྫོབ་ཀྱིས་དོན་དམ་འགོག་པར་འགྱུར་བ་ཡིན། དཔལ་ལྡན་ཟླ་བས་ཀྱང་རིགས་པའི་དཔྱད་པ་བྱས་ནས་རིགས་པ་དེས་མ་རྙེད་པ་ན་ཀུན་རྫོབ་དེ་དག་འཇིག་པ་ལ་ཀུན་རྫོབ་འཇོག་པ་ལ་མི་མཁས་པ་ཞེས་ཐེངས་མང་གསུངས། གཉིས་ནི་གོང་དུ་《སྟོང་ཐུན་》གྱི་ལུང་འདྲེན་ནང་དུ་དོན་དམ་དཔྱོད་པ་ལ་འཕགས་པའི་ཡེ་ཤེས་དབང་བཙན་ཞིང་། ཐ་སྙད་དཔྱོད་པ་ལ་འཇིག་རྟེན་པའི་ཤེས་པ་དབང་བཙན་ཞེས་གསུངས་ཡོད་རུང་། དེ་ཡང་མཐའ་གཅིག་ཏུ་དོན་དམ་རྟོགས་མཁན་ཡོད་ཚད་འཕགས་པ་དང་། ཀུན་རྫོབ་རྙེད་མཁན་ཡོད་ཚད་སོ་སོ་སྐྱེ་བོ་ཡིན་པར་བཞེད་པ་མིན་ཏེ། རྗེའི་《དབུ་མ་དགོངས་པ་རབ་གསལ》ལས། “དེ་ལྟར་དོན་དམ་བདེན་པ་རྙེད་པ་ལ་རྙེད་མཁན་འཕགས་པར་གསུངས་པ་ནི་གཙོ་བོ་ཡིན་པ་ལ་དགོངས་ཀྱི། སོ་སོ་སྐྱེ་བོ་དབུ་མའི་ལྟ་བ་ལ་རྒྱུད་ལྡན་གྱིས་ཀྱང་མ་རྙེད་པར་བཞེད་པ་མིན་ནོ། །ཀུན་རྫོབ་རྙེད་པ་ལ་རྙེད་མཁན་སོ་སྐྱེ་རང་དགའ་བ་གསུངས་པ་ཡང་། ཀུན་རྫོབ་པའི་མཚན་གཞི་ཕྱི་ནང་གི་དངོས་པོ་རྣམས་མ་རིག་པའི་གཞན་དབང་གིས་མཐོང་བའི་གཙོ་བོ་ལ་དགོངས་ཀྱི། འཕགས་པའི་རྒྱུད་ཀྱི་ཐ་སྙད་པའི་ཚད་མས་དངོས་པོ་དེ་རྣམས་མི་རྙེད་པར་བཞེད་པ་མིན་ནོ་”(12)ཞེས་གསུངས་པ་ལྟར་ཡིན། མདོར་ན། ཐ་སྙད་པའི་ཤེས་པ་ཁས་ལེན་དགོས་ཤིང་། དེ་ལྟར་ཐ་སྙད་ཚད་མ་ཁས་མ་བླངས་ན་དགེ་སྡིག་གི་རྣམ་གཞག་ཐམས་ཅད་འཇོག་མི་ཐུབ་ལ། ལས་འབྲས་ཀྱི་རྣམ་གཞག་དག་ཀྱང་ཁས་ལེན་མི་ནུས་ཤིང་། དོན་དམ་དེ་ཡང་ཐ་སྙད་ཚད་མས་མ་བཞག་ན་འཇོག་མི་ཐུབ་བོ།
          ༤. སྣང་སྟོང་ཟུང་དུ་འཇུག་པའི་ལྟ་དགོངས། 
          སྣང་བ་གང་དག་སྟོང་པ་མིན་ལ། སྟོང་པ་གང་ཡིན་པ་ནི་སྣང་དུ་མི་རུང་ཞེས་སྣང་སྟོང་གཉིས་ཚ་གྲང་ལྟར་འགལ་བར་བཟུང་བ་ནི་སྐྱེ་བོ་ཕལ་པ་དག་གི་འདོད་ཚུལ་ཡིན་མོད། རྗེ་ཉིད་ཀྱིས་སྣང་བས་ཡོད་མཐའ་སེལ་བ་དང་། སྟོང་པས་མེད་མཐའ་སེལ་ཚུལ་གྱི་དགོངས་པའི་ཐོག་ནས་ཆོས་ཐམས་ཅད་ཀྱི་དེ་ཉིད་གསལ་བར་བཀྲལ་བ་ནི་དགོངས་པ་རྨད་དུ་བྱུང་བ་ཞིག་ཡིན། དེས་ན་ཆོས་གང་དང་གང་ཞིག་ཡིན་རུང་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བློ་ལ་འཆར་ན། ཆོས་དེ་དང་དེ་རང་བཞིན་གྱིས་སྟོང་པ་ཡིན་པའི་ངེས་ཤེས་འདྲེན་ཐུབ་པ་ཞིག་བྱུང་བ་དེ་ནི་སྣང་བས་ཡོད་མཐའ་སེལ་ཚུལ་དང་། ཡང་ཆོས་གང་དང་གང་ཡང་རང་བཞིན་གྱིས་སྟོང་པའི་སྟོང་ཚུལ་བློ་ལ་འཆར་ན།   ཆོས་དེ་དང་དེ་རྟོག་པས་བཏགས་ཙམ་གྱི་རྟེན་འབྱུང་ཡིན་པར་བདེ་བླག་ཏུ་རྟོགས་ཐུབ་པ་ནི་སྟོང་པས་མེད་མཐའ་སེལ་ཚུལ་དུ་དགོངས། སྣང་བས་ཡོད་མཐའ་སེལ་ཚུལ་དང་སྟོང་པས་མེད་མཐའ་སེལ་ཚུལ་ནི་དེ་གཉིས་ལས་གཅིག་རྟོགས་ན་གཞན་དེའང་ངང་གིས་ངེས་པའམ་རྟོགས་ཀྱང་ཐུབ་པ་ཞིག་ཡིན་ཏེ། རྟེན་འབྲེལ་རང་བཞིན་མེད་པར་རྟོགས་པའི་བློ་དེས་གཞན་པ་གང་ལ་བལྟོས་མི་དགོས་པར་མིང་རྐྱང་བཏགས་ཡོད་ཙམ་གྱི་ཐོག་ནས་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་འཇོག་ཐུབ་པ་དེ་ནི་སྟོང་པ་རྟེན་འབྲེལ་གྱི་དོན་དུ་འཆར་ཚུལ་ཡིན་པ་དང་། ཆོས་རྣམས་རྟེན་འབྲེལ་དུ་ངེས་པའི་བློ་དེའི་སྟོབས་ཀྱིས་གཞན་ལ་བལྟོས་མི་དགོས་པར་རང་བཞིན་གྱིས་སྟོང་པའི་དོན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའང་རྟེན་འབྲེལ་སྟོང་པའི་དོན་དུ་འཆར་ཐུབ་པ་ཡིན། དེས་ན་སྣང་བས་ཡོད་མཐའ་སེལ་ཚུལ་དང་སྣང་བས་སྟོང་པ་ལ་ངེས་པ་འདྲེན་པ་གཉིས་ནི་དོན་འདྲ་ཞིང་། དེ་ནི་དང་པོར་ལྟ་བའི་གོ་བ་འཚོལ་བའི་སྐབས་སུ་ངེས་པ་འདྲེན་ཚུལ་ཡིན་ལ། སྟོང་པས་མེད་མཐའ་སེལ་ཚུལ་དང་སྟོང་པས་སྣང་བ་ལ་ངེས་པ་འདྲེན་པ་གཉིས་ཀྱང་དོན་འདྲ་ཞིང་། དེ་ནི་ལྟ་བ་རྣམ་དག་བྱུང་བའི་དུས་ཀྱི་ངེས་པ་འདྲེན་ཚུལ་དུ་གསུངས། 《ཤེས་རབ་སྙིང་པོ་》ལས་ཀྱང་། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་བསྟན་ཞིང་། དེའི་གཟུགས་སྟོང་པའོ་དང་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞེས་པས་རྟག་པའི་མཐའ་བཀག་ནས་དོན་དམ་བདེན་པ་བསྟན་ཅིང་རྟེན་འབྲེལ་སྟོང་པའི་དོན་དུ་གསུངས་ནས་སྣང་བས་ཡོད་མཐའ་སེལ་བ་དང་། སྟོང་པ་ཉིད་གཟུགས་སོ་དང་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་པས་ཆད་མཐའ་བཀག་ནས་ཀུན་རྫོབ་བདེན་པ་བསྟན་ཅིང་སྟོང་པ་རྟེན་འབྲེལ་གྱི་དོན་དུ་གསུངས་ནས་སྟོང་པས་མེད་མཐའ་སེལ་བ་ཡིན། དེ་ལྟར་ཐམས་ཅད་རྟེན་འབྲེལ་གྱི་ལམ་ནས་བརྩམས་ཏེ་སྣང་བ་དང་སྟོང་པ། ཀུན་རྫོབ་དང་དོན་དམ། ཐབས་དང་ཤེས་རབ་ལ་སོགས་པ་རིགས་པའི་ལམ་ནས་ཡ་ཡོ་མེད་པར་ཕུགས་ཐུབ་ཁུངས་བཙན་ཐོག་ནས་འཇོག་གནང་མཛད་པས་བྲག་ལ་བཏབ་པའི་ཕུར་པ་ཇི་བཞིན་སུས་ཀྱང་མིན་པའི་རིགས་པའི་དགག་གཞག་སྤྲོ་བར་ཐུབ་རེ་སྐན། དེ་ཡང་《ལམ་གཙོ་རྣམ་གསུམ》ལས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་པ་དེའང་སྐབས་འདིའི་སྡོམ་ཚིག་ལྟ་བུར་ངེས་སོ།
          མཇུག་བསྡུ་བ།
          རྗེ་ཙོང་ཁ་པ་གང་ཉིད་ཀྱི་སྐུ་ཚེ་གང་པོར་མཛད་འཕྲིན་མཐའ་ཡས་ཤིང་ཕལ་པའི་བློ་ངོར་ཤོང་དཀའ་བ་ཞིག་བྱུང་ཡོད་པ་དེ་དག་གི་ནང་ནས་བཅུད་དུ་གྱུར་པ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་དང་བསྟུན་ཏེ་བོད་དུ་ཉམས་དམས་སུ་འགྲོ་བཞིན་པའི་ནང་བསྟན་གྱི་ལྟ་སྤྱོད་རྨང་ནས་གསོ་གནང་མཛད་པ་དེ་ཡིན་ཞིང་། དེ་ཡང་འདུལ་བའི་བསྟན་པར་དག་ཐེར་ལེགས་པར་གནང་བ་དང་། སྟོང་ཉིད་ཀྱི་ལྟ་བ་ལེགས་པར་གཏན་ལ་ཕབ་གནང་བ། སྔགས་ནང་གི་གསང་བ་སྒྱུ་ལུས་ཀྱི་རང་བཞིན་རྟོགས་གནང་བ་དག་ཡིན་ནོ། དཔྱད་རྩོམ་འདིར་རྗེ་ཙོང་ཁ་པས་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་ཚུལ་སྐོར་ཅུང་ཙམ་བརྗོད་ཁུལ་ཡང་《མདོ་》ལས། ཚུལ་ཁྲིམས་ཉམས་པ་ནི་བླ་ཡི། ལྟ་བ་ཉམས་པ་ནི་དེ་ལྟར་མ་ཡིན་ནོ་ཞེས་ལྟ་བ་ཉམས་ན་ལས་འབྲས་དང་དགེ་སྡིག་གི་རྣམ་གཞག་ཐམས་ཅད་འཛོལ་ཏེ་སྤྱོད་པའང་དེ་ཡི་རྗེས་སུ་འབྲངས་པར་གསུངས་པའི་གལ་ཆེའི་རང་བཞིན་ལ་དམིགས་པ་ཡིན། གང་ལྟར་རྗེ་ཙོང་ཁ་པ་གང་ཉིད་ནས་ལྟ་བའི་སྐོར་ལ་ཐུགས་སྣང་ཆེས་ཆེར་མཛད་དེ་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་(13)ལ་སོགས་པ་བརྩམས་གནང་ནས་ལྟ་བའི་གནད་རྣམས་གསལ་བར་མཛད་ཡོད། དེ་ལྟར་རྗེ་ཙོང་ཁ་པའི་མཛད་འཕྲིན་ལ་དེང་གི་དུས་སུའང་རྒྱལ་ཁབ་ཕྱི་ནང་དུ་ཞིབ་འཇུག་བྱས་དང་བྱ་མུས་ཡིན་ཞིང་གྲུབ་འབྲས་ཀྱང་གང་ཙམ་ཐོབ་པས་དགའ་བ་སྐྱེ་བའི་གནས་སུ་མཆིས། འོན་ཏེ་དེང་དུས་ཞིབ་འཇུག་པ་འགའ་རེས་རྗེ་ཙོང་ཁ་པ་མཆོག་ལ་ཀླུ་སྒྲུབ་དང་ཟླ་གྲགས་རྣམས་ཀྱི་ལུང་འདྲེན་ཁོ་ན་ཙམ་ལས་རང་གི་ལྟ་བ་སྤྱིར་ན་མེད་ཅེས་རང་གི་གསར་བཤད་ལྟ་བུར་གསུང་མཁན་ཡོད་ཀྱང་དེ་ལ་མི་ལོ་སུམ་བརྒྱའི་གོང་ནས་མཁས་དབང་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་ནས་གནད་དུ་འཁེལ་བའི་ལན་འདེབས་མཛད་འདུག་སྟེ། “དཔལ་མགོན་ཀླུ་སྒྲུབ་མ་བྱོན་བར་དུ་དྲང་ངེས་འབྱེད་མ་ནུས་པ་བཞིན། རྗེ་བླ་མའི་སྔོན་དུ་དཔལ་ལྡན་ཟླ་བས་དཀའ་གནད་དེ་རྣམས་གསལ་བར་མཛད་ཡོད་ཀྱང་། རབ་རིབ་ཅན་ལ་རབ་རིབ་མ་བསལ་གྱི་བར་དུ་མར་མེ་ཇི་ཙམ་གསལ་ཡང་གཟུགས་ལེགས་པར་མཐོང་དུ་འཇུག་མི་ནུས་པ་ལྟར། རྗེ་བླ་མས་སྒྲོ་འདོགས་ཀྱི་སྤྲོས་པ་ཐམས་ཅད་རེ་རེ་བཞིན་མཛུབ་ཚུགས་སུ་བྱས་ཏེ་བཀག ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྣམས་དེ་དང་དེའི་ཐད་ཀར་ནད་ཐོག་ཏུ་མེ་བཙའ་བཞིན་དུ་ངོ་འཕྲོད་པར་བྱས་པའི་བཀའ་དྲིན་མ་གཏོགས་སྔོན་ཆད་བོད་འདིར་དེ་དག་གི་བཞེད་པ་ཕྲ་བའི་གནས་རྣམས་ཇི་བཞིན་ངོས་ཟིན་པ་མ་བྱུང་བ་ནི་སྔོན་གྱི་ཡིག་འཇོག་རྣམས་ལ་བལྟས་ན་ཤེས་པས། ཚུལ་འདིས་ལྷག་པར་རྗེ་བླ་མ་ལ་དད་པ་སྐྱེད་ཅིང་བཀའ་དྲིན་དྲན་པར་བྱ་དགོས་སོ་”(14)ཞེས་གསུངས་པ་ལྟར་ཡིན་པས། འདིར་མང་པོ་བརྗོད་པའི་ངལ་བ་མི་བསྟེན་ཞིང་། སྐབས་འདིར་ཕྲན་ནས་ཀྱང་ཁྱུང་ཤུལ་བྱིའུས་གཅོད་པའི་དཔེ་ལས་མ་འདས་མོད། དེའི་ཐད་ཚད་ལྡན་དགེ་བའི་བཤེས་གཉེན་དྲུང་ནས་ཐོས་བསམ་ཅུང་ཞིག་བགྱིས་པའི་བློ་ཤུགས་ཤིག་གིས་རྩོམ་འདི་འབྲི་ཁུལ་བྱས་མོད། ཕྲན་རང་ཉིད་ན་སོ་ཕྲ་ཞིང་ལྟ་ཐོས་དོག་པའི་དབང་གིས་མ་འགྲིག་འཁྲུལ་པའི་ཆ་མང་དུ་ཡོད་ངེས་ན། དཔྱོད་ལྡན་དག་གིས་མཛུབ་འཛུགས་ནད་འདོན་ཡོད་པར་ཞུའོ། །
          ལུང་འདྲེན་དཔྱད་ཡིག་དང་མཆན་འགྲེལ།
          (1)མིང་རྐྱང་བཏགས་ཡོད་ཅེས་པ་དེའང་ཐ་སྙད་གལ་ཆེན་ཞིག་ཡིན་ཞིང་། མིང་རྐྱང་ཞེས་པས་ཡོད་མཐའ་ཁེགས་ལ། བཏགས་ཡོད་ཅེས་པས་མེད་མཐའ་ཁེགས་སོ། མིང་གིས་བཏགས་ཙམ་ཡིན་ན་ཡོད་མི་དགོས་ཀྱང་། མིང་རྐྱང་བཏགས་ཡོད་ཡིན་ན་ཡོད་དགོས་ཏེ། ཡོད་པ་དང་དེ་གཉིས་དོན་གཅིག་ཡིན་པའི་ཕྱིར་རོ། དེ་ཡང་མིང་ཙམ་ལས་དོན་རང་ངོས་ནས་གྲུབ་པ་མེད་པས་མིང་རྐྱང་དང་། བཏགས་ཙམ་དུ་ཡོད་པ་ལ་མ་བཏགས་ན་མེད་པས་བཏགས་ཡོད་ཅེས་བྱ་ལ། ཐ་སྙད་ཕྲ་མོ་དང་མིང་རྐྱང་བཏགས་ཡོད་དོན་འདྲའོ།
          (2)འཇར་མན་གྱི་མཁས་དབང་གའུ་ཧྲན་ཞུང་དབྱི་ཧྲི་མཆོག་གིས་རྒྱ་གར་དུ་ནང་བསྟན་གྱི་དབུ་མའི་ལྟ་བའི་འཕེལ་རིམ་གྱི་དུས་མཚམས་དང་དེའི་ཐད་མཛད་རྗེས་ཆེ་བའི་མི་སྣ་ཁག་ཞོར་བཀོད་གནང་འདུག་པས་འདིར་བཀོད་ན།
          སྔ་དར་དབུ་མའི་ལུགས་སུ། (སྤྱིར་དུས་རབས་གཉིས་པ་ནས་བཞི་པའི་བར་) ཀླུ་སྒྲུབ། (ཧ་ལམ་150 -250)འཕགས་པ་ལྷ། (ཧ་ལམ་170 -270) སྒྲ་གཅན་འཛིན།( ཧ་ལམ་200-300) 
          བར་དར་དབུ་མའི་ལུགས་སུ། (དུས་རབས་ལྔ་པ་ནས་བདུན་པའི་བར་) སངས་རྒྱས་བསྐྱངས། (ཧ་ལམ་470 - 540) ལེགས་ལྡན་འབྱེད། (ཧ་ལམ་500 -570) ཟླ་གྲགས། (ཧ་ལམ་600 -650) ཞི་བ་ལྷ། (ཧ་ལམ་650 - 700) 
          ཕྱི་དར་དབུ་མའི་ལུགས། (དུས་རབས་བརྒྱད་པ་ནས་བཅུ་གཅིག་བར་) ཡེ་ཤེས་སྙིང་པོ། (ཕལ་ཆེར་དུས་རབས་བརྒྱད་པ་) ཞི་བ་འཚོ། (ཧ་ལམ་725- 784) ཀཱ་མ་ལ་ཤི་ལ། (ཧ་ལམ་740 - 797) གྲོལ་སྡེ། (ཕལ་ཆེར་དུས་རབས་བརྒྱད་པ་)སེང་གེ་བཟང་པོ། (ཕལ་ཆེར་དུས་རབས་བརྒྱད་པ་)ཇོ་བོ་རྗེ་ཨ་ཏི་ཤ(982 - 1055)
          (3)(6)(8)(9)(10) རྗེ་ཙོང་ཁ་པ། 《བྱང་ཆུབ་ལམ་རིམ་ཆེ་མོ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ་༩པ། ཤོག་ངོས་༥༨༠     ༦༠༧      ༤༩༤     ༦༠༧     ༥༨༩ན་གསལ།
          (4)ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༡༢པ། ཤོག་ངོས༦༨༧ན་གསལ།
          (5)རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༨པ། ཤོག་ངོས་༡༡༩ན་གསལ།
          (7)སྤྱིར་བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྟོན་རྩེན་གཉིས་ཀྱི་སྐབས་སུ་ཧ་ཤང་མ་ཧཱ་ཡ་ན་རྩོད་པ་ལས་ཕམ་སྟེ་རྒྱ་ནག་ཏུ་བཞུད་པ་ལྟ་བུར་བརྗོད་ཡོད་རུང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས། P. Demlevlllགྱིས་ཏུན་ཧོང་ཡིག་རྙིང་ལ་དཔྱད་པའི་འབྲས་བུར་ཕྱི་ལོ་796ཙམ་ལ་ཧ་ཤང་ཏུན་ཧོང་དུ་ཡོད་པ་མ་ཟད་གནས་དེར་བསྟོད་བསྔགས་ཀྱང་ཆེན་པོ་ཐོབ་ཚུལ་སྐོར་ལ་སྒྲུབ་བྱེད་བཀོད་འདུག་ཅེས་ལུང་འདྲེན་གནང་འདུག་པས། སྐབས་དེར་ཏུན་ཧོང་དུ་བོད་མི་ཡང་མང་དུ་ཡོད་པས་ཧ་ཤང་གི་ལྟ་བའི་ཤན་ཞུགས་ཡོད་པ་གོར་མ་ཆག་པ་དང་གཅིག གཉིས་ནས་ཧ་ཤང་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་གྱི་རོགས་སྐྱོར་ཐོབ་པས་ཕོ་བྲང་ནང་དུ་ཧ་ཤང་ལ་གཞོགས་འདེགས་བྱེད་མཁན་གྱི་ཚོགས་པ་ཞིག་ཡོད་ངེས་པས། ཧ་ཤང་བོད་ནས་བྲལ་བ་ཙམ་གྱིས་དེ་འཛིན་གྱི་ལྟ་བའང་དེ་དང་མཉམ་དུ་མེད་འགྲོ་བ་ཞིག་མིན་ཏེ། ཕྱིས་སུ་ཀ་མ་ལ་ཤི་ལ་བསམ་ཡས་སྒྲ་སྒྱུར་གླིང་དུ་མཁལ་མ་མཉེད་དེ་བཀྲོངས་ཚུལ་དང་། བེ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པ་སོགས་ཕོ་བྲང་ནང་དུ་འགལ་བ་ཇི་སྙེད་ཅིག་ཐོན་པ་དང་། རྗེ་ཙོང་ཁ་པའི་སྐབས་སུའང་ལྟ་བ་དེ་རིགས་འཛིན་མཁན་ཡོད་པ་རྗེ་ཉིད་ཀྱི་གསུང་དག་ལ་བལྟས་ན་ཤེས་ཐུབ་པས་ཡིན།
          (11)མཁས་གྲུབ་དགེ་ལེགས་དཔལ་བཟང་། 《དབུ་མའི་བསྟན་བཅོས་ཆེན་པོ་སྟོང་ཐུན་སྐལ་བཟང་མིག་འབྱེད》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༠༩ལོའི་ཟླ་༦པ། ཤོག་ངོས་༡༡༢ཐོག་ན་གསལ།
          (12)རྗེ་ཙོང་ཁ་པ། 《དབུ་མ་དགོངས་པ་རབ་གསལ་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༠༨ལོའི་ཟླ་༦་པ། ཤོག་ངོས་༢༡༥ན་གསལ།
          (13)《དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས》《རྩ་འཇུག་གི་རྣམ་བཤད་》《ལྷག་མཐོང་ཆེན་མོ》《ལྷག་མཐོང་ཆུང་ངུ་》《ལེགས་བཤད་སྙིང་པོ》སྟེ་ལྟ་བའི་ལེགས་བཤད་ལྔ་པོ་དག་ལ་བརྟེན་ཏེ་བསྟན་པའི་སྙིང་པོ་གསལ་བར་མཛད་དོ། 
          (14)《གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་》(ཀ) མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༤པ།ཤོག་ངོས་༣༧ན་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1