༄༅ རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཡུལ་ལྗོངས། གངས་དཀར་རི་བོའི་ལྷོ་ངོས་གཉན་གྱི་བུ་མོ།

ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07


དུས་དེབ་གོང་མའི་ནང་དུ་བཀོད་པའི་བརྒྱད་ཟིལ་རྫོང་ཁོངས་སུ་ཡོད་པའི་གནས་མཆོག་བྱེ་བ་རྟག་རྩེ་ནི་ཆོས་བརྒྱུད་བོན་པོའི་གནས་རི་ཡིན་ཞིང་། སྐབས་བབས་སུ་འགོད་བཞིན་ཡོད་པའི་གཉན་གྱི་བུ་མོ་ཞེས་པ་འདི་ནི་བོད་དུ་ཡོངས་གྲགས་ལ་གནས་དང་གཞི་བདག་གཉིས་ལས་ཕྱི་མ་སྟེ་གཞི་བདག་གི་ཁོངས་སུ་གཏོགས། སྤྱིར་གཞི་བདག་ལ་ཕོ་རྒྱུད་དང་མོ་རྒྱུད་གཉིས་ཡོད་པ་ལས་འདི་ནི་མོ་རྒྱུད་ཡིན། གཞི་བདག་ཅེས་པའི་རི་བོའི་བར་ཕན་ཚུན་མིང་སྲིང་དང་། ཕ་བུ་ལྟ་བུའི་གཉེན་ཚན་གྱི་འབྲེལ་བ་ཡོད་པས། འདི་བྱང་གི་གཉན་ཆེན་ཐང་ལྷའི་བུ་མོ་ཡིན་པ་ངག་རྒྱུན་དུ་བཤད་སྲོལ་ཡོད་པ་ལ་བརྟེན་ནས་མིང་ཡང་གཉན་གྱི་བུ་མོ་ཞེས་བཏགས་པར་སྙམ། བསང་མཆོད་དུམ་བུ་ཞིག་ལས། བཀྲ་ཤིས་ངོ་མཚར་དཔལ་གྱི་འབྱུང་གནས་མཆོག །གཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་ཁམས་གསུམ་གྲགས། །བདེ་ཆེན་ཆོས་འཁོར་གླིང་གི་གནས་ཀྱི་བདག །


གཉན་ཆེན་སྐར་མའི་པདྨ་དབང་རྒྱལ་ནི། །སྐུ་མདོག་རབ་དཀར་ཞི་འཛུམ་བརྗིད་པའི་ཉམས། །ཕྱག་གཉིས་ནོར་བུ་རིན་ཆེན་བུམ་བཟང་བསྣམས། །བཙུན་མོ་སྲས་བློན་གཉན་དམག་འབུམ་གྱིས་བསྐོར། །འདིར་གཤེགས་བསང་མཆོད་འདོད་ཡོན་རྒྱ་མཚོ་བཞེས། །ཁ་དྲག་གཟི་ཅན་རྡོ་རྗེ་ལྷ་རྩེ་དང་། །
བཀྲ་ཤིས་གངས་ར་རིན་ཆེན་བློ་གྲོས་སོགས། །ཡུལ་ཕྱོགས་འདིར་གནས་གཞི་བདག་ཀུན་ལ་ཡང་། །བདུད་རྩི་བསང་གི་མཆོད་སྤྲིན་དམ་པ་འབུལ། །ཞེས་གསུངས་པ་ལྟར་གངས་དཀར་རི་བོའི་ཕྱོགས་ཀྱི་གཞི་བདག་གཙོ་འཁོར་ཀུན་གྱི་གྲས་ཤིག་ཡིན། འདི་བརྒྱད་ཟིལ་རྫོང་མི་དམངས་སྲིད་གཞུང་ཆགས་གནས་དཀར་ཤང་ཐང་ནས་ཤར་ལ་སྤྱི་ལེ་130ཙམ་གྱིས་མཚམས་ཤར་ཁ་ཤང་གི་སྲིད་འཛིན་གྲོང་སྡེ་དང་པོ་སྟེ་བློ་བཟང་ངམ་ལུང་བཟང་གྲོང་སྡེའི་རྒྱ་སྐད་དུ་མའོ་ཀུའུའམ་མོ་ཁུག་གྲོང་ཞེས་པའི་གྲོང་ཚོའི་ལུང་པའི་ཤར་ལྷོའི་མཚམས་ལ་གནས་ཅིང་། འདིའི་རི་རྩེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་རྨི་བཞི་སྟོང་ཙམ་ཡོད། མའོ་ཀུའུ་ཞེས་པའི་ལུང་པའི་ནང་སྔོན་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཞིག་ཡོད་མྱོང་བས། དགོན་པ་ཞེས་པའི་རྒྱ་སྐད་ཟུར་ཆག་སྟེ་ལུང་པའི་མིང་ལ་མའོ་ཀུའུ་ཟེར་བ་འདྲ། སྔོན་དགོན་པ་ཆགས་སའི་ཐང་དེར་རྡོ་ཕ་ཝོང་ཆེན་པོ་ཞིག་ཡོད་པའི་སྟེང་དུ་ཨ་ར་དགོན་པའི་མཆོག་སྤྲུལ་ཨོ་རྒྱན་རིག་འཛིན་མཆོག་ལོ་མང་རིང་མཚམས་བཞུགས་ནས་དད་ལྡན་མི་སེར་ལ་ཆོས་གསུངས་པ་དང། ལོ་ལྟར་གཉེན་གྱི་བུ་མོ་ལ་གསོལ་མཆོད་བྱེད་སྲོལ་ཡོད། དེང་སང་ཡང་ཁོང་གི་ཡང་སྲིད་བརྒྱད་ཟིལ་རྫོང་ནང་བསྟན་འཐུས་ཚོགས་ཀྱི་ཚོགས་གཙོ་ཆོས་དབང་ཚེ་རིང་ལགས་ཀྱིས་ཀྱང་བླ་མའི་མཛད་སྤྱོད་བསྐྱངས་ཤིང་།
བླ་མ་འདས་པའི་ལོ་ཟླའི་ཚེས་གྲངས་ལ་དེར་ཕེབས་ཏེ་གསོལ་མཆོད་བྱེད་བཞིན་ཡོད། ཐང་དེའི་ཡར་ཐོག་རི་འདབ་ལ་མའོར་ཀུའུ་མཚོ་ཞེས་པའི་མཚེའུ་ཆེན་པོ་དེ་མཛེས་པའི་རི་བོ་མང་པོས་རྭ་བས་བསྐོར་བ་དང་མཚུངས་ཤིང་སྔོ་མཐིང་ངེར་ཆགས་པ་དང་། ཕྱོགས་ཐམས་ཅད་དུ་གནའ་བོའི་ནགས་ཁྲོད་དང་། གཟུགས་དབྱིབས་འདྲ་མིན་གྱི་བྲག་རི་དང་། ལུང་པ་ལ་ལ་རྡོ་དམར་མདོག་ཅན་གྱིས་ཁེངས་པ་དང་། ལུང་ལག་ཐམས་ཅད་དུ་དབྱར་རྩྭ་དགུ་འབུ་དང་། ལྕུམ་རྩྭ། བེ་མུའུ། རུ་རྟ། ཆང་ཧོ། ཏན་ཕི། ཀྱི་ལྕེ། ཕྱི་སྲན། སྦྲང་སྙིང་སོགས་ཡོད་པ་མ་ཟད། ད་རུང་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པའི་ཤ་མོངས་སོགས་རྩི་ཤིང་ནགས་ཚལ་སྣ་ཚོགས་ཀྱིས་ཕྱུག་པའི་བཅོས་མིན་རང་བཞིན་གྱིས་ཆགས་པའི་ཡུལ་ལྗོངས་སོ། །དེ་ལྟར་གཉན་གྱི་བུ་མོ་ཞེས་མཛེས་སྡུག་ལྡན་ཞིང་ཀུན་གྱི་ཡིད་འཕྲོག་ལ་རི་རྒྱུད་མ་ཉམས་པར་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པ་འདི་མ་ཉམས་གོང་འཕེལ་དང་། སྲུང་སྐྱོང་བྱ་རྒྱུ་ནི། མ་འོངས་པར་སྤྱིར་བརྒྱད་ཟིལ་རྫོང་དང་། སྒོས་སུ་དཀར་མཛེས་ཁུལ་གངས་དཀར་རི་བོའི་ལྷོ་ངོས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་གྱི་ཡུལ་སྐོར་གནས་མཆོག་དང་། རྒྱལ་ཁབ་ཁོངས་ཀྱི་དམིགས་འཛུགས་ཡུལ་སྐོར་གནས་མཆོག་དཔེ་སྟོན་ས་ཁུལ། ལྟ་ན་སྡུག་ཅིང་བླ་ན་མེད་པའི་མཛེས་ལྗོངས་བཅས་གསར་སྐྲུན་བྱ་བ་ལ་མེད་དུ་མི་རུང་བའི་གལ་ཆེའི་དོན་སྙིང་ལྡན་པའོ། ། 
宁吉布莫” 神山,位于甘孜州九龙县斜卡乡洛让村庙儿沟,离九龙县城仅130多公里。“洛让”系藏文音译,其意是物种丰富的好地方。这里历来人口稀少,无任何污染破坏,原始程度高。沟内有雪山、冰川、草原、原始深林、高山湖等景观。生物资源丰富,盛产虫草、大黄、黄芪、黄芩、天麻、雪莲花、龙胆草、天山松针等多种中药材。

“宁吉布莫”神山的开发和保护, 对贡嘎山国家级自然保护区乃至甘孜州创建国际生态文化旅游目的地、国家全域旅游示范区、景区景点提档升级等意义重大。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1