བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07



ཤིང་བྱི་སྤྱི་ལོ་1804ལོར་རྟ་ཚག་རྗེ་དྲུང་གིས་བོད་ཀྱི་སྲིད་སྐྱོང་བྱས། ཆོས་སྲིད་གཉིས་ལས་འགན་མཐའ་དག་བཞེས། མེ་ཡོས་སྤྱི་ལོ་1807ལོའི་ཟླ་བ་དགུ་པ་རྒྱལ་བའི་འོས་སྤྲུལ་ཡབ་ཚང་སྐུ་འཁོར་དང་བཅས་པ་ཁམས་སྡེ་དགེའི་ལྡན་ཁོག་ནས་དབུས་སུ་གདན་དྲངས། རྟ་ཚག་སྲིད་སྐྱོང་དང་། བཀའ་བློན་རྣམ་པ། གསོལ་གཟིམ་མཆོད་གསུམ། དྲུང་ཡིག་རྣམ་བཞི་སོགས་འཛོམས་པའི་སར། སྒྲོལ་སྐུ་ལུང་བསྟན་མ་དང་། རྗེ་ཙོང་ཁ་པའི་སྐུ་བརྙན། སྐུ་གོང་མའི་ཕྱག་དྲིལ། ཕྱག་ཌམ་རྣམས་དང་། དེ་མཚུངས་རེ་ཕྱག་ཏུ་ཕུལ་ནས་དངོས་རྫུན་སོ་སོར་འབྱེད་བཅུག་པས་ཉེར་སྤྱད་ངོ་མ་གང་ཡིན་འདི་ངའི་ཡིན་ཞེས་ངོས་འཛིན་ཐུབ་པར་བྱུང་། ② བྱིས་པ་ལ་སྐུ་ཆས་ངོས་འཛིན་བྱ་བཅུག་ནས་ཡང་སྲིད་འདེམ་སྲོལ་ཐོག་མ་འདི་ནས་བྱུང་འདུགས་འབྲུག་སྤྱི་ལོ་1808ལོའི་ཟླ་བ་དགུ་པའི་ཚེ་ཚེ་21ཉིན་རྩེ་ཕོ་བྲང་ཆེན་པོའི་གཟིམ་ཆུང་ཉི་འོད་དུ་ཞབས་སོར་འཁོད། ལོ་དེར་མགོ་ལོག་ཁང་གསར་དང་ཁང་རྒན་གཉིས་ཀྱིས་དགའ་ལྡན་ཕོ་བྲང་གི་བཀའ་མ་བརྩིས་པར། ཞིབ་དཔྱད་དུ་ཞབས་པད་བཤད་སྒྲ་དོན་གྲུབ་རྡོ་རྗེ་དང༌། ཕོགས་དཔོན་ཡེ་ཤེས་རྒྱ་མཚོ་སོགས་ཀྱིས་དམག་ཁྲིད་དེ་དབུས་དམག་ཐོག་སྡེ་དགེའི་འབྲི་ཆུ་ཤར་ནུབ་ནས་ཡུལ་དམག་མི་ཉུང་བ་བཅས་ཀྱིས་མགོ་ལོག་ཏུ་དཔུང་འཇུག་བྱས། དམག་འཁྲུག་ཆེན་པོ་བྱེད་མི་དགོས་པར། གཞུང་ས་དགའ་ལྡན་ཕོ་བྲང་གི་བཀའ་སྤྱི་བརྩི་བཀུར་ཞུ་རྒྱུའི་ཁས་ལེན་དམ་བཅའ་འཇོག སྐབས་དེར་བྱེད་གཏེ་འགའ་ཞིག་ཡུལ་ཕུད་བཏང༌། མཚོ་སྔོན་ཕྱོགས་སུ་འགའ་ཞིག་གིས་ཇག་རྐུན་བྱས་སྟབས། མདོ་སྟོད་སྨད་གཉིས་ཀར་བདེ་འཇགས་ཀྱི་དོན་དུ་སྒར་དཔོན་རེ་བཞག ལྕགས་རྟ་སྤྱི་ལོ་1810ལོའི་ཟླ་བ་བཅུ་གཉིས་པའི་ཚེས་30ཉིན་རྟ་ཚག་བརྟན་པའི་མགོན་པོ་ཀུན་བདེ་གླིང་དུ་སྐུ་གཤེགས། །

ལྕགས་ལུག་དེ་མོ་སྲིད་ཁྲིར་འཁོད། །

ས་ཡོས་འཇལ་དཔལ་ཚུལ་ཁྲིམས་མཆོག།

སྲིད་ཁྲིར་འཁོད་ཅིང་སྲིད་དོན་བསྐྱངས། །

ཁྲལ་ཞིབ་ལྕགས་སྟག་ཞིབ་གཞུང་བསྐྲུན། །

ཁྲལ་དོན་སྤོ་བོ་སྡེ་པ་བཅོམ། །

དེ་མོ་སྐུ་ཕྲེང་གཉིས་པས་སྲིད་སྐྱོང་སྐོར། ལྕགས་ལུག་སྤྱི་ལོ་1811པའི་ཟླ་བ་གསུམ་པ་དེ་མོ་སྐུ་ཕྲེང་གཉིས་པ་ཐུབ་བསྟན་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་སྲིད་སྐྱོང་ཁྲི་ལ་བཞུགས། ལོའི་ཟླ་བ་བཅུ་པར་རྒྱ་གར་བསྡད་པའི་དབྱིན་ཇིའི་དཔོན་མན་ཉིང་ཟེར་བ་ཏཱ་ལའི་བླ་མ་ལུང་རྟོག་ས་རྒྱ་མཚོ་མཇལ་ཁར་བཅར་ཞིང་གུས་བཀུར་ཆེན་པོར་བྱས། ཤིང་ཕག་སྤྱི་ལོ་1815ལོའི་ཟླ་བ་གཉིས་པའི་ཚེས་10ཉིན་རྒྱལ་བ་ལུང་རྟོགས་རྒྱ་མཚོ་སྐུ་གཤེགས། དེ་ནས་བོད་ཡུལ་མཐའ་དབུས་ཀུན་ནས་ཡང་སྲིད་བརྩད་ཞིབ་བྱེད་སྐབས་ཁམས་ལི་ཐང་དུ་ཡང་སྲིད་འཁྲུངས་ཡོད་ཚུལ་གླེང་ཕྱོགས་གང་སར་ཁྱབ་པ་དང་། ལི་ཐང་ཆོས་རྫོང་ནས་ཀྱང་བཀའ་རྒྱ་རིམ་འབྱོར་བྱུང་བར་བརྟེན། ས་སྟག་སྤྱི་ལོ་1818ལོའི་ཟླ་བ་གཉིས་པའི་ནང་། བཀའི་ཕྱིང་སང་ལྷན་རྒྱས་ཀྱིས་གཙོས། རྩེ་ཤོད་ནང་མ་ལས་ཚན། དྲུང་དྲག་འབྲིང་དཀྱུས་གསུམ། སེ་འབྲས་དགའ་གསུམ། རྒྱུད་སྟོད་སྨད། རྣམ་རྒྱལ་གྲ་ཚང་སོགས་ཀྱི་ལས་སྣེ་བཅས་ཚང་མས་བཀའ་བགྲོས་གཅིག་གྱུར་གྱིས་སྲིད་སྐྱོང་དེ་མོ་འཇིགས་མེད་རྒྱ་མཚོ་ལ་སྙན་ཞུ་ཕུལ་དོན། “སྔ་དུས་མེ་ཡོས་ལོ་སྐྱབས་མགོན་དགུ་པ་ཆེན་པོ་གསེར་ཞལ་ངེས་པ་རྙེད་པའི་ལམ་སྲོལ་ལྟར་གསེར་བུམ་རིན་པོ་ཆེར་བརྟག་དཔྱད་ཞུ་མི་དགོས་པར། ལི་ཐང་ཤོག་དྲུག་སྒྲོ་གདོངས་སུ་འཁྲུངས་པ་འདི་གར་ངོས་འཛིན་གདན་ཞུ་ཆོག་པ་ཞིག གོང་མ་བདགན་པོ་ཆེན་པོར་སྙན་སྒྲོན་བརྒྱུད་འགྱངས་མིན་ཐུགས་རྗེ་ཆེ་དགོས་ཞུ་རྒྱུའི་སྐོར་ལ། ལྷ་ལྡན་བླ་བྲང་གཟིམ་ཆུང་ཉི་འོད་དུ་ས་སྟག་ཟླ་བ་བཅུ་པའི་ཚེས་དགེ་བའི་ཉིན། ”ཞེས་པར་ཕུལ། སྲིད་སྐྱོང་འཇིགས་མེད་རྒྱ་མཚོས་ཀྱང་ཐུགས་འགན་བླ་ལྷག་ཏུ་བཞེས་ནས། ཨམ་བན་རྣམ་གཉིས་བརྒྱུད་ཆིང་གོང་མ་ལ་སྙན་ཞུས་ཕུལ་དོན། “ཏཱ་ལའི་བླ་མ་རིན་པོ་ཆེའི་སྐུའི་ཡང་སྲིད་དོགས་གནས་ལི་ཐང་སྒྲོ་གདོངས་སུ་འཁྲུངས་པ་འདི་ཉིད་སྔ་ཕྱིར་ལྟས་རྟགས་དང་། སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་སོགས་ངོ་མཚར་ཆེ་ངེས་ཡོད་ལུགས། ལྷ་བླ་མ་རྣམས་ཀྱི་ལུང་བསྟན་ཁག་ཀྱང་འདི་ཉིད་རང་ལ་གཅིག་ཏུ་ཐུགས་རྩེ་མཐུན་ཚུལ། དེར་བརྟེན་བོད་སེར་སྐྱ་སྤྱི་ཡང་འདི་ཉིད་ཁོ་ནར་མོས་འདུན་འགྱུར་མེད་རྩེ་གཅིག་པ་དེ་ལྟར་ལ། གསེར་བུམ་རིན་པོ་ཆེར་བརྟག་དཔྱད་ཞུ་མི་དགོས་པར་མེ་ཡོས་ཀྱི་ལལམ་ལྟར་ངོས་འཛིན་ཞུ་འཐུས་ཐུགས་རྗེ་ཆེ་དགོས། ”ཞེས་པ་ཕུལ། །

ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པས་སྲིད་སྐྱོང་སྐོར། ས་ཡོས་སྤྱི་ལོ་1819ལོའི་ཟླ་བ་གསུམ་པའི་ཚེས་3ཉིན། སྲིད་སྐྱོང་དེ་མོ་འཇིགས་མེད་རྒྱ་མཚོ་སྐུ་གཤེགས། དེའི་ཕྱི་ཉིན་བཀའི་བློན་ཆེན་རྣམས་དང་།
རྩེ་ཤོད་ནང་མ་ལས་ཚན། དྲུང་བྱིངས། སེ་འབྲས་ཀྱི་བླ་མ་ལས་སྣེ་སྤྱི་འཛོམས་ཀྱི་ཐོག་ནས། དེང་སྐབས་རྒྱལ་བའི་ཡང་སྲིད་གསེར་ཞལ་ངེས་པ་མ་རྙེད་པའི་ཁར། དེ་མོ་སྲིད་སྐྱོང་ཡང་གློ་བུར་སྐུ་གཤེགས་པས། དེས་ན་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་འདི་ཉིད་དེང་སྐབས་གོང་མ་ཆེན་པོ་དགུང་ལོ་དྲུག་ཅུར་ཕེབས་པའི་མཛད་སྒོའི་མཁན་པོར་ཕེབས་ཉེར་གྱུར་ནའང་། བོད་ཀྱི་ལས་དོན་རྩ་འགངས་ཆེ་གཤིས་སྦ་ཡེར་མཁན་པོ་གཞན་ཞིག་གཏོང་འཐུས་དང་། སྤྲུལ་པའི་སྐུ་འདི་ཉིད་དེ་མོ་སྲིད་སྐྱོང་གི་ལས་ཚབ་ཏུ་བསྐོ་བཞག་དང་བཅས་གོང་མ་ཆེན་པོའི་གསེར་སྙན་དུའང་སྒྲོན་བརྒྱུད་ཐུགས་རྗེ་ཆེ་དགོས་ཞེས་མགྲིན་གཅིག་གི་གྲོས་མཐུན་ལྟར། ས་ཡོས་ཟླ་བ་གསུམ་པའི་ཚེས་༥ཉིན་ཚེ་སྨོན་གླིང་འཇལ་དཔལ་ཚུལ་ཁྲིམས་སྲིད་སྐྱོང་གི་ཁྲིར་འཁོད། རྒྱལ་བའི་ཡང་སྲིད་སྐོར་ཀྱི་བཀའ་ལན་མ་འབྱོར་བའི་གོང་ལྕགས་འབྲུག་ལོར་ཆིང་གོང་མ་ཅཱ་ཆིན་(嘉庆)འདས། དེའི་ཕྱི་ལོ་ལྕགས་སྦྲུལ་ལོར་གོང་མ་ཏའོ་ཀོང་(道光)ཁྲིར་ཕེབས་པ་དང་རྒྱལ་བའི་ཡང་སྲིད་སྐོར་གྱི་སྙན་ཞུ་ཕུལ་བའི་བཀའ་ལན་དུ། “ཏཱ་ལའི་བླ་མའི་སྐྱེ་སྲིད་སྐོར་ལ་སྔ་དུས་གོང་མ་ཡབ་རྗེ་ཆེན་པོའི་བཀའ་བཞིན་གསེར་བུམ་བརྟག་དཔྱད་བྱས་ན་ལུགས་སྲོལ་དང་མཐུན་ཅིང་། སྐུ་ཚེ་ཡང་བརྟན་པ་ཡོང་རེ་ལ། ལི་ཐང་གི་སྐྱེ་སྲིད་དོགས་གནས་སྔོན་ཡོད་ཐོགད་དུང་བསྐྱར་འཚོལ་བྱས་པའི་དོགས་གནས་ཁག་གཉིས་བྱུང་བསྟུན་གསེར་སྙན་སྒྲོན་ཐོག་ནས་གསེར་བུམ་དུ་བརྟག་པ་བྱེད་དགོས། ” ཞེས་པའི་བཀའ་ཕེབས། དེ་འཕྲལ་སྲིད་སྐྱོང་འཇམ་དཔལ་ཚུལ་ཁྲིམས་ཀྱིས། བོད་དབུས་གཏང་དང་། སྟོད་མངའ་རིས། བྱང་རིགས། བྱར་དྭགས་ཀོང་གསུམ། མདོ་ཁམས་སྟོད་སྨད་སོགས་ཀྱི་རྫོང་གཞིས་འགོ་ཡོད་ཚང་མར་བསྐྱར་དུ་མཆོག་སྤྲུལ་དོགས་གནས་ཀྱི་ཁྱེའུ་ངོ་མཚར་བ་ཇི་ཡོད་དྲང་འབྲེལ་གྱི་སྙན་ཞུ་འབུལ་དགོས་པའི་ཁྱབ་འདོམས་གནང་བ་ལྟར། ཀོང་པོ་དང་། རིན་སྤུངས། ཁྱུང་པོ་དཀར་རུ། ཆབ་མདོ་ཨ་ཐང་། ཆབ་མདོ་ས་སྒང་བཅས་ནས་ཁྱེའུ་རེ་རེ་སྙན་ཞུ་འབྱོར། ཁྱེའུ་དེ་དག་དང་སྔོན་ཡོད་ལིང་ཐང་གི་འོས་སྤྲུལ་བཅས་པཎ་ཆེན་བསྟན་པའི་ཉི་མ་ལ་བརྟག་པ་ཞུས་པར། ལི་ཐང་གི་ཆུང་སྲིད་དང་། ཆབ་མདོ་ནས་ཡིན་པའི་ཆུང་སྲིད་གཉིས་ཡིན་ངོ་ཆེ་ཞེས་ཕེབས། ཆུ་རྟ་སྤྱི་ལོ་1822ལོའི་ཟླ་བ་དང་པོའི་ཚེས་15ཉིན། ཚང་མ་གྲོས་ཁ་གཅིག་མཐུན་དུ། སྔོན་ཡོད་ལི་ཐང་གི་ཆུང་སྲིད་དང་། ལྷ་བླའི་ལུང་བསྟན་ལ་བབས་པ་ཆབ་མདོའི་ཆུང་སྲིད་གཉིས་བཅས་འོས་སྤྲུལ་གསུམ་པོའི་མིང་ཡིག་ཤིང་བྱང་གི་ངོས་གཉིས་སུ་བོད་ཡིག་དང་། མཉྫུའི་ཡི་གེ་གཉིས་སོ་སོར་བྲིས་ཏེ་གསེར་བུམ་དུ་བཅུག ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དབུས། བོད་ཀྱི་བླ་སྤྲུལ། དཔོན་རིགས་རྣམས་དང་། བོད་བཞུགས་ཨམ་བན་བཅས་འཚོགས་པའི་དབུས་སུ་གསེར་བུམ་ནང་ནས་མིང་བྱང་གཅིག་འཐེན་པར་མཛད་པ་ལི་ཐང་གི་འོས་སྤྲུལ་དེ་ཉིད་ཐོབ། །

ལྕགས་སྟག་ཞིབ་གཞུང་། སྤྱི་ལོ་1823པའི་ཆུ་ལུག་ལོ་ནས་1830པའི་ལྕགས་སྟག་ལོའི་བར་དབུས་གཙང་ཁུལ་དུ་འབངས་མི་སྤྱི་ལ་ཁྲལ་འུ་ཆད་ལྷག་མེད་པར་ལེགས་བཅོས་ཡོང་ཆེད་སྡེ་ཤོག་དང་། རྫོང་འགོ་སོ་སོའི་མངའ་ཁོངས་སུ་ས་ཞིང་དང་། དུད་གྲངས། མི་གྲངས། ལས་རིགས་བཅས་ཇི་ཡོད་དང་། གཞུང་སྒེར་ཆོས་གསུམ་སོ་སོར་དབང་བའི་ས་ཞིང་དང་། སྡེ་འབངས་ཇི་ཡོད་ཞིབ་ཐོ་གསར་བཀོད་བྱས་པ་དེ་ལ་ལྕགས་སྟག་ཞིབ་གཞུང་ཞེས་གྲགས། འདི་ནི་བོད་ཀྱི་སྤྱི་ཚོགས་རྙིང་་པའི་ཐོན་སྐྱེད་བདག་དབང་ལམ་ལུགས་ལ་ཞིབ་འཇུག་བྱ་རྒྱུའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་པོ་ཞིག་ཡིན། ཞེས་གཡུ་ཡི་ཕྲེང་བ་ལས་གསལ། །

སྤོ་བོའི་སྡེ་གཟར་སྐོར། མེ་སྤྲེལ་སྤྱི་ལོ་1836ལོར་སྤོ་བོ་ཀ་གནམ་སྡེ་པས་གཞུང་ལ་བཅའ་ཁྲལ་རིགས་མ་ཕུལ་བས། བཀའ་བློན་བཤད་སྒྲ་དོན་གྲུབ་རྡོ་རྗེས་དམག་དཔུང་ཁག་གཅིག་ཁྲིད་དེ་སྤོ་བོར་ཕྱིན། ཞི་དྲག་ཟུང་འབྲེལ་གྱི་སྒོ་ནས་ཁྲལ་འདེད་དང་། བསླབ་བྱ་བྱས་པར་ཀ་གནམ་སྡེ་དཔོན་ཚང་མས་སླད་ཕྱིན་སྤང་བླང་འཛོལ་མེད་ཞུ་རྒྱུ་ཁས་ལེན་དམ་བཅའ་བཞག་པས་རེ་ཞིག་འགྲིག་པ་བྱུང་། དེའི་ཕྱིར་ལོ་མེ་བྱ་ལོའི་དཔྱ་ཁྲལ་རྣམས་སྔར་བཞིན་མ་ཕུལ་བའི་རྐྱེན་གྱིས་བཀའ་བློན་ཕ་ལྷ་བས་དམག་དཔུང་ཁྲིད་ནས་སྤོ་བོར་ཕྱིན། སྦོ་བོ་སྡེ་པས་གྱེན་ལོག་གི་སྡེ་འཁྲུག་ལངས་པས་སྤོ་བོ་མི་སེར་ལ་བརྡབས་བསིགས་ཆེ་ཙམ་བྱུང་།
མཐར་བྱེད་གཏེ་རྣམས་མཐར་སྐྱོད་བྱས། སྡེ་བྱིངས་ནས་ཕྱིན་ཆད་གཞུང་གི་བཀའ་བཞིན་སྤང་བླང་བྱ་རྒྱུའི་ཐག་གཅོད་བྱས་པར་གྲགས། །

རྒྱལ་བའི་ཡང་སྲིད་སྔ་རྗེས་སྐོར། མེ་བྱ་སྤྱི་ལོ་1837ལོའི་ཟླ་བདུན་པའི་ནང་ནས་གསོལ་ཟས་བཞེས་འདོད་མེད་པའི་སྙུང་གཞི་ཞིག་བཞེས་ཏེ་རིམ་བཞིན་ཇེ་སྡུག་ཏུ་སོང་། ཟླ་བ་དགུ་པའི་ཚེས་1ཉིན་སྐུ་གཤེགས། དེའི་ཡང་སྲིད་བརྩད་འཚོལ་གྱི་སྐོར། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སོགས་ལྷ་བླའི་ལུང་བབས་ཁམས་ཕྱོགས་སུ་བཟང་བས་ལྕགས་བྱི་ཟླ་བ་དགུ་པར་འབྲས་སྤྲུངས་འདུལ་བ་མཁན་པོ་བློ་གྲོས་བརྟན་པ་དང་། རྩེའི་གཟིམ་འགག་པ་སངས་རྒྱས་དཔལ་སོགས་ཏྲེ་ཧོ་བརྒྱུད་ཁམས་མགར་ཐར་དུ་ཕེབས། མཚན་རྟགས་བཟང་བའི་ཁྱེའུ་ཞིག་རྙེན་པ་འོས་སྤྲུལ་གྲས་སུ་བཅུག་ནས་མགར་ཐར་དགོན་དུ་གདན་དྲངས་ནས་རེ་ཞིག་དེ་གར་བཞུགས་སྟན་ཆགས། ལྕགས་གླང་སྤྱི་ལོ་1841ལོར་འོས་སྤྲུལ་ཁག་གསུམ་སྔར་ལམ་གསེར་བུམ་དཀྲུག་འདོན་ཞུ་རྒྱུར་ལྷ་སར་གདན་དྲངས་པ་ལྟར། འོས་སྤྲུལ་འདི་ཡང་ཟླ་བ་གཉིས་པའི་ནང་མགར་ཐར་ནས་ཆིབས་བཏེགས། ཟླ་བ་ལྔ་པ་ལྷ་སར་འབྱོར་ཏེ་བདེ་ཆེན་གསང་སྔགས་མཁར་དུ་བཞུགས། ཚེས་24ཉིན་གསེར་བུམ་དཀྲུག་པས་མགར་ཐར་གྱི་འོས་སྤྲུལ་དེ་ཉིད་ཐོན། །

བོད་སིང་དམག་འཁྲུག་སྐོར། ཆུ་སྟག་སྤྱི་ལོ་1842ལོར་བོད་དང་སིང་པ་དམག་འཁྲུག་ལངས། ཤིང་རྟ་སྤྱི་ལོ་1834ལོར་ཀ་སི་སྨིར་གྱི་རྒྱལ་པོས་སིང་པ་ལ་རོགས་རམ་བྱས་ཏེ། སིང་པའི་དམག་དཔོན་ཝ་ཛིར་ཟོ་ར་ཝར་གྱིས་དམག་དཔུང་འབོར་ཆེན་ཁྲིད་ནས་ལ་དྭགས་ལ་བཙན་འཛུལ་བྱས། སྐབས་དེའི་ལ་དྭགས་མཁར་དཔོན་ས་ཕུད་བཀྲ་ཤིས་དབང་ཕྱུག་ཕ་བུ་དང་། བཀའ་བློན་རྡོ་རྗེ་རྣམ་རྒྱལ་སོགས་ཀྱིས་ཡུལ་དམག་བསྡུས་ཏེ་སིང་དམག་དང་འཐབ་ཀྱང་གོ་མཚོན་བཟང་ཞན་གྱིས་མཐར་བོད་ཀྱི་འགོ་དཔོན་གསུམ་པོ་བསད། བློན་པོ་དངོས་གྲུབ་བསྟན་འཛིན་རྨས་པ་འཛིན་བཟུང་བྱས། དམག་དཔུང་བྱིངས་འཐོར་ཏེ་སིང་དམག་ལ་མགོ་འདོགས་ཞུས། དེ་ནས་བཟུང་ལ་དྭགས་སིང་པས་བཟུང་ཡོད་པའི་སྐབས་དེར། སྤྱི་ལོ་1843ལོར་སིང་པའི་དམག་དཔོན་ཝ་ཛིར་ལ་དྭགས་ལ་སོང་ཞིང་ལ་སིང་གཉིས་ཀྱི་དམག་དཔུང་ཁྲིད་ནས་མངའ་རིས་སྐོར་གསུམ་གྱི་ནང་དུ་འཛུལ། ཐོག་མར་རུ་ཐོག་བཅོམ། དེ་ནས་སྒར་དང་སྤུ་རང་རྣམས་དབང་དུས་བསྡུས་ཤིང་དེ་དག་ལ་སིང་དམག་བཞག་ཅིང་མཁར་དཔོན་བསྐོས། དམག་འཁྲུག་བྱས་པས་བོད་དམག་ཕམ་སྟེ་ལ་སིང་གི་དམག་དཔུང་ས་སྒར་དང་། དྲོ་ཤོད་སོགས་སུ་སླེབས། བོད་ནས་སླར་ཡང་དམག་དཔུང་བསྡུས་ཤིང་བཀའ་བློན་ཚེ་བརྟན་རྡོ་རྗེས་དམག་དཔོན་བྱས་ཏེ་ཝ་ཛིར་དམག་དཔུང་དང་འཐབ། སྐབས་དེར་དགུན་དུས་གྲང་སྒང་སླེབས་ཁར་ཁ་བ་ཆེན་པོ་བབས་པས་སིང་དམག་རྣམས་གྲང་ཟུག་མི་ཐེག་པས། བོད་དམག་གིས་གོ་སྐབས་དེར་བཟུང་ནས་སིང་དམག་ཕམ་པར་བཟོས། དམག་དཔོན་ཡ་སོར་མིག་དམག་གྱིས་སིང་པའི་དམག་དཔོན་ཝ་ཛིར་བསད་དེ་མགོ་བོ་བཅད་དེ་ཁྱེར། མངའ་རིས་སྐོར་གསུམ་སླར་ཡང་བདག་ཏུ་བཟུང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1