རོལ་དབྱངས་ཀྱི་དག་ཞིང་།ཨོ་སི་ཐྲི་ཡ།
དབྱངས་སྐྱིད་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07
ཨོ་སི་ཐྲི་ཡ་སྤྱི་མཐུན་རྒྱལ་ཁབ་སྟེ། བསྡུས་མིང་ལ་ཨོ་སི་ཐྲི་ཡ་ཞེས་པ་ནི་ཡོ་རོབ་གླིང་དབུས་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། གནའ་དཔྱད་ཞིབ་འཇུག་པ་དག་གིས་བསྟན་པ་ལྟར་ན། རྡོ་ཆས་རྙིང་མའི་དུས་ནས་འགྲོ་བ་མིའི་རིགས་ཨོ་སི་ཐྲི་ཡ་རུ་འཚོ་སྡོད་བྱས་མྱོང་བ་དང་། རོ་མའི་སྔོན་དུ་ཁེན་ཨེར་ཐི་མིའི་ཚོ་བས་གནས་དེར་དབང་བསྒྱུར་མྱོང་བར་བཞེད། ས་ཆེན་མཐའ་ནས་བསྐོར་པའི་ཨ་ཨེར་ཕིས་སི་རི་རྒྱུད་དང་གཡུ་འབྲུག་ཐང་ནས་རྒྱུ་འདྲའི་ཏའོ་ནའོ་གཙང་བོས་ཨོ་སི་ཐྲི་ཡའི་ལོ་རྒྱུས་དང་ཤེས་རིག་སྦྲུམ་ཡོད། ཨོ་སི་ཐྲི་ཡའི་རི་བོ་དང་གཙང་པོ། མཚེའུ་དག་ལ་ལྷད་མ་ཞུགས་པའི་རང་བྱུང་གི་མཛེས་པ་མངོན་ཞིང་། གནས་དེའི་གྲོང་ཁྱེར་དང་ཞིང་གྲོང་དག་ལ་བབ་ཆགས་ཀྱི་ཉམས་དང་གསོན་ཤུགས་ཀྱིས་བརྟས་ཡོད། ཨོ་སི་ཐྲི་ཡའི་རྒྱ་ཁྱོན་མི་ཆེ་ཞིང་མི་གྲངས་ཉུང་ནའང་ཡོ་རོབ་གླིང་གི་དཀྱིལ་དབུས་སུ་གནས་པའི་རྒྱལ་ཁབ་འདི་ལ་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་དང་ལོ་རྒྱུས་སྲོལ་རྒྱུན་ལྡན་པ་ཡིན། ཨོ་སི་ཐྲི་ཡའི་གནའ་རབས་རོལ་དབྱངས་དང་རིག་གནས་སྒྱུ་རྩལ། རིག་གནས་འཚོ་བ། བཟོ་བཀོད་སྒྱུ་རྩལ། ཆོས་ལུགས་དད་མོས་བཅས་ལ་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བསྟོད་པའི་མེ་ཏོག་གཏོར་བཞིན་མཆིས།
ཝེ་ཨེན་ན་ལ་རོལ་དབྱངས་ཀྱི་དག་ཞིང་ཞེས་པའི་མཚན་སྙན་བསྩལ་ཡོད་པ་དང་། འཛམ་གླིང་ན་མིང་དུ་གྲགས་པའི་རོལ་དབྱངས་པ་ཧའེ་ཏོན་དང་མའོ་ཀྲ་ཐི། ཧྲའོ་བྷོ་ཐི་དང་། གཞན་འཇར་མན་ནས་འཁྲུངས་ཤིང་དུས་ཡུན་རིང་པོར་ཨོ་སི་ཐྲི་ཡ་རུ་འཚོ་བཞེས་གནང་བའི་སྦེ་ཊོ་ཝེན་སོགས་ཀྱིས་གནས་མཆོག་འདིར་ཡུལ་དུས་ལས་འགོངས་པའི་རོལ་དབྱངས་བརྩམས་ཆོས་མང་པོ་བརྩམས། དུས་རབས་གཉིས་ལྷག་གི་རིང་ལ་རོལ་དབྱངས་པ་དེ་དག་གིས་ཨོ་སི་ཐྲི་ཡ་ལ་རིག་གནས་ཀྱི་ཤུལ་བཞག་ཕུན་སུམ་ཚོགས་པ་བསྐྲུན་ཏེ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྲོལ་རྒྱུན་གྲུབ་པ་རེད། གཞན་ཝེ་ཨེན་ན་རུ་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་སྨོན་པ་འཆོར་ཞིང་ཡིད་ཀྱི་དང་བ་འདྲེན་པའི་སྲོལ་རྒྱུན་གྱི་རོལ་དབྱངས་དུས་ཆེན་མང་པོ་ཡོད་དེ། འཛམ་གླིང་ན་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་ཞིང་ཆུ་ཚད་ཆེས་མཐོ་བ། གཞི་ཁྱོན་ཆེས་ཆེ་བའི་གནའ་རབས་རོལ་དབྱངས་དུས་ཆེན་ཏེ། སཱ་ཨེར་སི་བྷོ་རོལ་དབྱངས་དུས་ཆེན་དང་ལོ་རེར་ཐེངས་རེར་སྤེལ་བཞིན་པའི་ཝེ་ཨེན་ནའི་ལོ་སེར་རོལ་དབྱངས་དུས་ཆེན་སོགས་མང་ངོ་། །
ཀུན་གྱིས་ཝེ་ཨེན་ན་ལ་གནའ་རབས་རོལ་དབྱངས་ཀྱི་ཕ་སར་བསྔགས། ཝེ་ཨེན་ནའི་གནའ་རབས་རོལ་དབྱངས་ཀྱི་བྱུང་འཕེལ་ནི་སྔོན་མའི་ཕོ་བྲང་དང་ཆོས་ཚོགས་རོལ་དབྱངས་ཀྱི་བྱུང་འཕེལ་དང་འབྲེལ་བ་དམ་ཟབ་ལྡན། མིང་དུ་གྲགས་པའི་རོལ་དབྱངས་པ་མང་པོ་ཞིག་གིས་གོང་མའི་ཕོ་བྲང་དང་ཆོས་ལུགས་ལ་རོལ་དབྱངས་བརྩམས་ཆོས་ཀྱིས་ཞབས་ཞུ་བསྒྲུབས་མྱོང་། རོལ་དབྱངས་བ་དེ་དག་གིས་མི་རྣམས་ཀྱི་ནང་སེམས་ལ་བརྗེད་དུ་མེད་པའི་སྒྱུ་རྩལ་གྱི་མྱོང་བ་ཞིག་དང་དུས་རབས་ཀྱི་དྲན་པ་ཞིག་བཞག་མྱོང་བས་རྗེས་རབས་པས་ཝེ་ཨེན་ནའི་སྤྱི་གླིང་དང་ཐང་ཆེན་སོགས་སུ་རོལ་དབྱངས་མཁན་པོ་དེ་དག་གི་སྐུ་བརྙན་བཞེངས་ནས་དད་སེམས་དང་བཀུར་བསྟི་མཚོན་པར་བྱས་ཤིང་། ཕྱག་ལ་རོལ་ཆས་ཐོགས་ཤིང་གདོང་ལ་གཟབ་ནན་གྱིས་ཁེངས་པའི་རོལ་དབྱངས་མཁན་པོ་དག་གི་སྐུ་བརྙན་ནི་གྲོང་ཁྱེར་དེའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་འཁུམས།
མའོ་ཀྲ་ཐི་ནི་ཨོ་སི་ཐྲི་ཡའི་མིང་དུ་གྲགས་པའི་དབྱངས་རྩོམ་མཁན་དང་ཝེ་ཨེན་ནའི་གནའ་རབས་རོལ་དབྱངས་གྲུབ་མཐའི་ཚབ་མཚོན་མི་སྣར་ངོས་འཛིན། མའོ་ཀྲ་ཐིའི་རོལ་དབྱངས་བརྩམས་ཆོས་ལ་དམངས་གཙོ་དང་རང་དབང་ལ་འཚོལ་སྙེག་བྱེད་པའི་སྙིང་སྟོབས་ཀྱིས་ཕྱུག་པར་མ་ཟད། བརྩམས་ཆོས་ལས་སྤྱི་ཚོགས་ཀྱི་གནོན་ཤུགས་ཆེན་པོ་ཐེག་པའི་བློ་སྤོབས་དང་བརྩོན་སེམས་ཀྱང་མངོན་ཡོད། ཁོང་གིས་མི་རིགས་སོ་སོའི་རོལ་དབྱངས་སྲོལ་རྒྱུན་དང་ཡོ་རོབ་ཀྱི་སྲོལ་རྒྱུན་རོལ་དབྱངས་གཉིས་འོ་ཆུ་འདྲེས་པ་བཞིན་མཐུན་སྦྱོར་བྱས་ཏེ་ནུབ་གླིང་རོལ་དབྱངས་ཀྱི་འཕེལ་རྒྱས་ལ་ལམ་ཁ་གསར་པ་ཞིག་ཕྱེས་པ་རེད།
ཧིན་ཐི་ལུའུ་བྷོ་ས་འོག་མཚེའུ་ནི་ཡོ་རོབ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་ས་འོག་མཚེའུ་ཞིག་ཡིན་ཞིང་།
ཨོ་སི་ཐྲི་ཡའི་མིང་དུ་གྲགས་པའི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཀྱང་ཡིན། དེ་ལ་ཀུན་གྱིས་ས་འོག་གི་བྱིས་སྒྲུང་རྒྱལ་ཁབ་ཅེས་འབོད། གསང་བས་ཕྱུག་པའི་ས་འོག་གི་མཚེའུ་འདི་ནི་འཕྲུལ་སྣང་གི་འཇིག་རྟེན་ཞིག་དང་མཚུངས་པར་སྔར་མཐོང་མ་ཡིན་པའི་ཡུལ་ལྗོངས་མང་པོ་ཞིག་མི་རྣམས་ཀྱི་མཚར་འཛིན་གྱིས་ཕྱུག་པའི་བློ་ངོར་བསྟར་ཡོད། ས་འོག་མཚེའུ་ནི་མགོ་འཁོར་ཕོ་བྲང་ཞིག་དང་འདྲ་བར་ཕྱོགས་བཞིའི་དབྱེ་བ་འབྱེད་དཀའ་ཞིང་། རྡོ་སྐས་རེ་རེ་བརྒྱུད་དེ་སོང་ན་ས་འོག་མཚེའུའི་འགྲམ་ངོགས་སུ་སླེབས་ཐུབ།
ཝེ་ཨེན་ན་རྒྱལ་ཁབ་གླུ་གར་ཁང་ནི་ལོ་ངོ་200ལྷག་གི་ལོ་རྒྱུས་ལྡན་པའི་འཛམ་གླིང་ན་མིང་དུ་གྲགས་པའི་གླུ་གར་ཁང་ཞིག་ཡིན། འཛམ་གླིང་གི་མིང་དུ་གྲགས་པའི་རོལ་དབྱངས་བ་མང་པོས་གླུ་གར་ཁང་འདིར་ཕུགས་བསམ་གྱི་མཁའ་དབྱིངས་ལ་མཛེས་སྡུག་གི་རི་མོ་བྲིས་མྱོང་། དེ་ནི་རོལ་དབྱངས་ཀྱི་ཞིང་ཁམས་སུ་གྲགས་པའི་ཝེ་ཨེན་ན་གྲོང་ཁྱེར་གྱི་ཚབ་མཚོན་གཙོ་བོ་ཞིག་ཡིན་ཞིང་། ཀུན་གྱིས་འཛམ་གླིང་གླུ་གར་གྱི་ལྟེ་གནས་ཞེས་འབོད་དོ། །
奥地利共和国,简称奥地利,国名在德语中意为“东方之国”。奥地利是一个位于欧洲中部的内陆国家,与多国接壤,东面是匈牙利和斯洛伐克,南面是意大利和斯洛文尼亚,西面是列支敦士登和瑞士,北面是德国和捷克。因历史上产生了众多名扬世界的音乐家:海顿、莫扎特、舒伯特等,以及维也纳新年音乐会,奥地利又称为音乐之乡。
(དབྱངས་སྐྱིད་སྒྲོལ་མ། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཡིན།)