ནང་དོན་གནད་བསྡུས། སྤྱིར་ཁ་བ་ཅན་གྱི་རྒྱན་གོས་ལ་སྣ་མང་བོ་ཡོད་ལ་དེའི་ཁྲོད་དུ་བྱུང་བའི་དམངས་སྲོལ་ཡང་བགྲང་གི་མི་ལངས་པ་ཡོད། ཡིན་ཡང་རིག་གནས་དང་ཆོས་ལུགས་དད་མོས་སོགས་ཀྱིས་རྒྱན་རིས་དང་དེའི་མཚོན་དོན་ལ་འདྲ་ས་མང་པོ་ཡོད་པས། དཔྱད་རྩོམ་འདིར་ཆེད་དུ་མདོ་སྨད་མང་རྫོང་བྱ་མདོ་ས་ཆའི་འདོགས་ཆ་སྐྲ་ལོང་གི་རྒྱན་རིས་རེ་རེའི་བཞིན་ངོ་སྤྲོད་བརྒྱུད་ནས། དེའི་འབྱུང་ཁུངས་དང་རིག་གནས་ཀྱི་མཚོན་དོན་ལ་རོབ་ཙམ་དཔྱད་པའོ།
བརྡ་ཆད་གཙོ་བོ། མདོ་སྨད་བྱ་མདོ། སྐྲ་ལོང་། རྒྱན་རིས། རིག་གནས་མཚོན་དོན།
རྒྱན་རིས་ནི་རྒྱན་གོས་དམངས་སྲོལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། འདི་ནི་རྒྱན་གོས་ཞིབ་འཇུག་གི་ལས་ཀ་གཙོ་བོ་ཞིག་ཏུ་གྲུབ། “སྤྱིར་རྒྱན་གོས་དང་རྒྱན་གོས་ཀྱི་རི་མོ་ལ་གྲལ་རིམ་གྱི་དབྱེ་བ་མཚོན་བྱེད་དང་། དབུལ་ཕྱུག་གི་ཤན་འབྱེད་པའི་ནུས་པ། མི་རིགས་དང་ས་ཁུལ་གྱི་དབྱེ་བ་གསལ་བའི་བརྡ་རྟགས་དང་ཕོ་མོའི་སྒེར་གཤིས་བཅས་གསལ་བའི་དན་རྟགས་ཀྱི་ནུས་པ་འཛོམས་པ་མ་ཟད། ཕོ་མོ་ཕན་ཚུན་ཡིད་འགུགས་ཀྱི་མཛེས་སྡུག་རིག་པའི་ནུས་པའང་ལྡན། རྒྱན་གོས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་བརྟག་ན། རྒྱན་གོས་ཀྱི་བྱུང་བ་ཅི་འདྲ་སྔ་ན་མཚོན་པའི་བརྡ་རྟགས་ཀྱི་ནུས་པ་དེ་འདྲའི་དོན་གསལ་ལ་ངེས་སླ་བར་འདོད”[①]གཞན་བོད་རང་གི་རྒྱན་གོས་ཀྱི་རི་མོ་ནི་བཟོ་ལྟ་ཁྱད་པར་ཅན་དང་། དོན་ལ་ཡང་མི་རིགས་འདིའི་ཐུན་མོང་མ་ཡིན་པའི་རང་གཤིས་མཚོན་ལ། དེ་ནི་མཛེས་དཔྱོད་ཀྱི་གཞི་འཛིན་ས་ཁོ་ན་མིན་པར་དེ་ལ་མཚོན་དོན་རེ་དང་བོད་མི་རིགས་ཀྱི་མཛེས་སྡུག་གི་ཕུག་སེམས་དང་སེམས་པའི་སྨོན་འདུན་ཞིག་ཀྱང་བཅོལ་ཡོད། དེ་བཞིན་མདོ་སྨད་བྱ་མདོ་ས་ཁུལ་གྱི་སྐྲ་ལོང་གི་རྒྱན་རིས་ཡང་དེ་ལས་མ་འདའ་འོ།
༡སྐྲ་ལོང་གི་རྒྱན་རིས།
མིག་སྔར་བྱ་མདོ་ས་ཆའི་སྐྲ་ལོང་གི་རྒྱན་རིས་གཙོ་བོ་ནི་མེ་ཏོག་ཡིན་ལ། ས་འདིའི་བུད་མེད་དག་གིས་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་མེ་ཏོག་སྣ་ཚོགས་དྲས་ནས་གཙགས་བཞིན་ཡོད། ཡིན་ཡང་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འགྱུར་བ་ལ་བསྟུན་ནས། དམངས་སྲོལ་མང་པོ་ཞིག་རིམ་བཞིན་ཉམས་པ་དང་འགའ་ཤས་ཤིག་གི་ངོ་བོ་ལ་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད། དེ་བས་སྐྲ་ལོང་ཡང་དེ་བཞིན་དུ་དམངས་སྲོལ་གྱི་ནུས་པ་སོགས་ཉམས་ལ། འདི་ནི་ལོ་གསར་སོགས་དུས་ཆེན་དང་མི་མང་ཚོགས་ས་ཞིག་ལ་རང་ཉིད་མཛེས་པར་བྱེད་པའི་རྒྱན་ཆ་ཙམ་ལས། མེས་པོ་དག་གིས་བཞག་པའི་རྒྱན་རིས་དེས་མཚོན་པར་བྱེད་པའི་དམངས་སྲོལ་རིག་གནས་དང་དེས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་ནི་བོར་དང་འབོར་བཞིན་མཆིས། ད་ལྟ་སྐྲ་ལོང་གཙགས་མཁན་ཚོས་གང་ཡག་དང་གང་འདོད་དུ་གཙགས་པས་དེའི་མཚོན་དོན་སོགས་ཤེས་མཁན་ནི་ཧ་ཅང་ཉུང་། བློ་དམན་ངས་དཔྱད་རྩོམ་འདིར་སྐྲ་ལོང་གི་རྒྱན་རིས་དང་དེའི་མཚོན་དོན་སོགས་ལ་ཐོག་མའི་དཔྱད་པ་རགས་ཙམ་ཞིག་བཏང་ན། རྒྱན་རིས་གཙོ་བོ་མེ་ཏོག་ལ་མེ་ཏོག་པདྨ། ཟར་མའི་མེ་ཏོག སེ་འབྲུ་མེ་ཏོག མེ་ཏོག་གོས་ཁུགམེ་ཏོག་ཅོང་། ཁམ་བུ་མེ་ཏོགད་དུང་མིང་མི་ཐོགས་པའི་མེ་ཏོག་སྣ་ཚོགས་ཡོད། གཞན་གཡུང་དྲུང་། རྒྱ་གྲམ། རྒྱ་ནག་ལྕགས་རི། རྨ་བྱའི་སྒྲོ་མདོངས། ལྗང་ལོ་ཅན་གྱི་རྩི་ཤིང་གི་རིགས། བྱ་བྱེའུ་དང་ཕྱེ་མ་ལེབ་སོགས་སྲོག་ཆགས་ཀྱི་རིགས། དྲ་མ། འཇའ་རིས། གཞན་ད་དུང་དངུལ་ཆ་སོགས་སུ་བཀྲ་ཤིས་རྟགས་བརྒྱད་དང་ཡང་ན་དེའི་ཁྲོད་ཀྱི་རི་མོ་གང་རུང་བཀོད། ས་འདིའི་བོད་པ་ཚོ་ཡང་བོད་པ་སྤྱི་དང་འདྲ་བར་སྐྲ་ལོང་བཟོ་བྱེད་ཀྱི་མ་གཞིའི་རས་ཀྱང་རི་མོ་ཅན་བདམས་རྒྱུ་ཧ་ཅང་དགའ་པོ་ཡོད། སྔོན་དུས་སུ་ཆ་རྐྱེན་སོགས་ཀྱིས་རང་གི་འདོད་པའི་རི་མོ་ཅན་ཧ་ཅང་དཀོན་ཡང་ད་ལྟ་ཚང་མས་སོ་སོའི་འདོད་པ་བཞིན་གོས་ལ་མེ་ཏོག་དང་རྒྱའི་གནའ་ཡིག“寿”﹙རི་མོ་༡༠﹚ལ་སོགས་རི་མོ་སྣ་ཚོགས་ཅན་བདམས་ནས་བཟོ་བཞིན་ཡོད་པ་འདི་ཐམས་ཅད་སྐྲ་ལོང་གི་རྒྱན་རིས་སུ་བཞག་ནས་འོག་གི་ཚན་པར་རེ་རེ་བཞིན་དཔྱད་པར་བྱའོ། །
༢ རྒྱན་རིས་གཙོ་བོ་མེ་ཏོག་གི་མཚོན་དོན།
གོང་དུ་བཤད་པ་བཞིན་རྒྱན་རིས་འདི་དག་ནི་མཛེས་པར་བྱེད་པའི་རྒྱན་གྱི་ནུས་པ་ཁོ་ན་མ་ཡིན་པར་འདིར་འབྱུང་ཁུངས་དང་མཚོན་དོན་སོགས་རིག་གནས་ཀྱི་རྒྱབ་ལྗོངས་གཏིང་ཟབ་ཅིག་ཡོད་པས། ང་ལྟ་བུའི་བློ་དམན་ཞིག་གིས་འདི་ལ་དཔྱད་པ་གཏིང་ཟབ་བཏང་ནས་འགྲེལ་བ་ཡང་དག་ཅིག་བཀོད་རྒྱུ་ནི་ཧ་ཅང་དཀའ་ནའང་། ངས་འདིར་རང་ནུས་གང་འཛོམས་ཀྱིས་རགས་ཙམ་ཞིག་བྲིས་པ་ལ། རྗེས་སུ་མཁས་པ་དག་གིས་བཟོ་བཅོས་དང་ལྟ་བ་ཡང་དག་འདོན་རྒྱུ་ནི་ལྷག་སེམས་རྣམ་དག་གི་རེ་བ་ཉག་གཅིག་ཡིན།
སྐྲ་ལོང་གི་རྒྱན་རིས་གཙོ་བོ་མེ་ཏོག་ལས་ཁྱབ་རྒྱ་ཆེས་ཆེ་ཤོས་ནི་མེ་ཏོག་པདྨ་སྟེ། འདི་ནི་བོད་ཀྱི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། བོད་བརྒྱུད་ནང་བསྟན་གྱི་འགྲེལ་ཚུལ་ལྟར་ན། “པདྨ་ལ་ཆུ་མི་ཆགས་པ་ལྟར་བདག་སོགས་འཁོར་བ་ལ་གནས་ཀྱང་། འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་བྱེད། མེ་ཏོག་པདྨ་ཚོན་དང་མདངས་ཀྱིས་རབ་ཏུ་མཛེས་ཤིང་དྲི་བཟང་པོ་ཕྱོགས་མེད་དུ་འཐུལ་བ། འདབ་སྟོང་རྣམ་པར་བཞད་ཅིང་མཉེན་ལྕུག་གི་ལོ་མ་རྒྱས་པ་ཚེ་རབས་ཀུན་ཏུ་རྫུན་ལ་སོགས་ངག་གི་མི་དགེ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ་ཚིག་འཇམ་པོ་སྨྲ་མཁས་པ། དམ་པའི་ཆོས་ཀྱི་བདུད་རྩི་མྱོང་ནས་འཆད་རྩོད་ལ་ཐོགས་པ་མེད་པའི་ལྗགས་པདྨ་ལྟ་བུ་འཐོབ་པར་བྱེད་པ”[②]ཞེས་གཏིང་ཟབ་པའི་འགྲེལ་བ་དང་མཚོན་དོན་ཡོད་ལ། དམངས་ཁྲོད་དུ་ཡང་མེ་ཏོག་པདྨས་རྒྱན་སྤྲས་པ་ཧ་ཅང་མང་བོ་ཡོད་དེ། དཔེར་ན་ཁང་བ་དང་ཅོག་ཙེ། སྒམ་དང་སྣོད་ཅ་ལགརྒྱན་ཆ་ལ་སོགས་མང་པོ་མཐོང་ཐུབ། འདིའི་སྤྱིའི་མཚོན་དོན་གཙོ་བོ་ནི་བཀྲ་ཤིས་པའི་རྟགས་ཤིག་སྟེ། བོད་ཀྱི་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་པས་སོ། ། གཞན་དམིགས་བསལ་གྱི་དེ་ལས་ལྷག་པའི་མཚོན་དོན་ཡང་ཡོད་པ་སྨྲས་མ་དགོས། དེ་བཞིན་བྱ་མདོ་ས་ཆའི་བུད་མེད་ཚོའི་འདོགས་ཆ་སྐྲ་ལོང་དུ་རྒྱན་རིས་པདྨ་གཙགས་པ་འདི་ལ་འདོགས་མཁན་བུ་མོ་དེ་ལོ་ཚོད་དང་བསྟུན་ནས་མཚོན་དོན་མི་འདྲ་བ་འགའ་ཞིག་ཡོད་ལ། རང་ཉིད་ཀྱིས་རྒྱུས་ལོན་ལྟར་ན་འདི་ནི་བག་གསར་གྱི་སྐྲ་ལོང་དང་བུ་མོ་ཆུང་ཆུང་གི་ཐོད་ལོག་﹙རི་མོ་༡﹚ཏུ་གཙགས་པ་ཧ་ཅང་མང་སྟེ། སྐབས་འདིར་བཀྲ་ཤིས་པའི་མཚོན་རྟགས་ཤིག་ལས་གཞན་ད་དུང་སངས་ཆོས་ཀྱི་འགྲེལ་ཚུལ་དང་མཐུན་པར་དྭངས་གཙང་དང་དྲི་མའི་མ་གོས་པའི་མཚོན་དོན་ཞིག་ཀྱང་ཡོད་པར་བསམ། འདི་ནི་བུ་མོ་དེའི་ལུས་གཙང་མའང་ཤ་གཙང་རུས་གཙང་ཡིན་པའམ་ཡང་ན་ཕ་མ་དང་གཉེན་ཉེ་སོགས་ཀྱི་དེ་ལྟ་བུའི་སྨོན་འདུན་ཞིག་མཚོན་བཞིན་ཡོད། གཞན་གཉེན་སྒྲིག་ཟིན་པ་ལ་མེ་ཏོག་པདྨ་﹙རི་མོ་༢﹚གཙགས་པ་དེས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོའི་ནང་གསེས་ཤིག་སྟེ་བཀྲ་ཤིས་པ་དང་། དེ་མིན་ད་དུང་ཁང་པའི་ནང་དུ་མཛེས་སྤྲས་ཀྱི་རི་མོ་པདྨ་འབྲི་བ་དང་མཐུན་པར་དེ་ནི་རང་ཁྱིམ་ལ་རྒྱུ་འབྱོར་བ་རྒྱས་པའི་རེ་འདུན་ཞིག་ཀྱང་མཚོན་བཞིན་ཡོད་པར་བཤད། ལོ་ལོན་ལ་པདྨ་གཙགས་པ་ཧ་ཅང་ཉུང་ཡང་མེད་པ་ནི་མ་ཡིན་ཏེ། འདི་ནི་ལོ་ལོན་ཚེ་ཐག་རིང་བའི་སྨོན་འདུན་ཞིག་ཡིན་པར་བསམ། ཡིན་ཡང་ལོ་ལོན་ལ་མཚོན་བྱེད་ཙམ་དུ་ཆུང་ངུ་མདོག་མེད་ཅིག་ལས་ལོ་ཆུང་བཞིན་རྒྱས་བར་གཙགས་པ་ནི་མེད།
﹙རི་མོ་༡﹚ ﹙རི་མོ་༢﹚
བག་གསར་ལ་གཞན་ཟེ་འབྲུ་མེ་ཏོག་དང་ཟར་མའི་མེ་ཏོག་གཙགས་པ་ཡང་ཧ་ཅང་མང་། འདི་གཉིས་ཀྱི་འབྲས་བུ་ལ་ཚི་གུའི་ས་བོན་མང་པོ་ལྡན་པའི་ཁྱད་ཆོས་ལ་དམིགས་ན་འདི་ནི་གཞན་མི་རིགས་ཀྱི་བཤད་ཚུལ་དང་མཐུན་པར་རིགས་རྒྱུད་སྤེལ་བའི་རེ་འདུན་ཞིག་མཚོན་པར་བསམ། བག་གསར་ལས་གཞན་བུ་མོ་ཆུང་ཆུང་ལ་མེ་ཏོག་འདིའི་རིགས་གཙགས་པ་ཡང་ཡོད། འདིའི་མཚོན་དོན་ཡང་ཁོ་མོ་གཉེན་སྒྲིག་རྗེས་རང་རྒྱུད་མ་ཆད་པར་བྱིས་པ་མང་དུ་སྐྱེས་ནས་རིགས་རྒྱུད་སྤེལ་པའི་རེ་འདུན་ཞིག་མཚོན་བཞིན་ཡོད། བུ་མོ་ཆུང་ཆུང་གི་འདོགས་ཆ་ཐོད་ལོག་དང་ཁུར་བཏགས་སུ་མེ་ཏོག་གོས་ཁུག་སོགས་འབྲས་བུ་མེད་པའི་རྩི་ཤིང་གི་རིགས་ལྗང་ལོ་ཅན་དང་། པདྨ་སོགས་མེ་ཏོག་འཛུམ་རིས་ཅན། ﹙རི་མོ་༣﹚མྱུ་གུ་འབུས་རྒྱུ་ཡོད་པའི་རྣམ་པ་བཞིན་གཙགས་པ་ལས་སིལ་ཏོག་ཅན་དང་བཞད་ཁ་གང་བའི་མེ་ཏོག་གཙགས་པ་ནི་མེད། དེ་བས་མེ་ཏོག་གོས་ཁུག་སོགས་འབྲས་དུ་མེད་པ་ཚོས་དག་གཙང་ངམ་བུ་མོ་དེའི་ལུས་གཙང་མ་དང་། པདྨ་སོགས་མེ་ཏོག་འཛུམ་རིས་ཅན་སོགས་ཀྱིས་བུ་མོ་དེའི་ལང་ཚོ་འཕེལ་བའི་རེ་འདུན་ཞིག་སྟེ། ད་དུང་ཡར་རྒྱས་དང་གོང་འཕེལ་ཡོང་བ་སོགས་རང་གི་ཕ་མ་དང་གཉེན་ཉེ་རྣམས་ཀྱི་སྨོན་འདུན་ཞིག་མཚོན་བཞིན་ཡོད་པར་བསམ། བུ་མོ་ཚོས་རྒྱན་ཆ་རིན་པོ་ཆེའི་རིགས་ལོ་ལོན་དང་བསྡུར་ན་ཅུང་མང་ལ་བག་མ་དང་བསྡུར་ན་ཉུང་ངུ་འདོགས། གཙོ་བོ་དངུལ་དཀར་དང་གཡུ་འདོགས་པ་མང་། དར་མ་ཚོར་མེ་ཏོག་ཅོང་དང་ཁམ་བུའི་མེ་ཏོགསྲན་མའི་མེ་ཏོག་སོགས་མང་དུ་གཙགས། མེ་ཏོག་ཅོང་ཞེས་པ་ནི་ཅོང་གི་དབྱིབས་དང་འདྲ་བར་གཙགས་པའི་མེ་ཏོག་ཅིག་སྟེ། དངོས་སུ་མེ་ཏོག་འདི་འདྲ་ཞིག་ཡོད་པ་མཐོང་མ་མྱོང་ལ། འདི་ནི་ས་འདིའི་བུད་མེད་དག་གིས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བྱུང་བའི་ཐོན་རྫས་སམ་གསར་གཏོད་ཀྱི་ཆ་ཞིག་ཡིན་པར་འདོད། གཞན་ད་དུང་ཁམ་བུ་མེ་ཏོག་དང་སྲན་མའི་མེ་ཏོག་སོགས་ཀྱང་ཡོད་ལ་འདི་དག་ནི་རང་གི་ཁོར་ཡུག་ཏུ་དངོས་སུ་ཡོད་པའི་མེ་ཏོག་དག་ལ་དཔེ་བྱས་ཏེ་གཙགས་པ་ཞིག་ཡིན་པར་འདོད་དོ། ། ལོ་ལོན་ལ་ཕལ་ཆེར་སིལ་ཏོག་གམ་མེ་ཏོག་ཆུང་ངུ་རེ་གཙགས་ལ། སྐྲ་ལོང་ཡང་བག་མ་དང་དར་མ་ལས་ཆུང་ལ། རིན་པོ་ཆེ་ཡང་ཉུང་ངུ་སྟབས་བདེ་རེ་འདོགས་པར་དགའ།
﹙རི་མོ་༣ཁུར་བཏགས་ཀྱི་རྒྱན་རིས﹚
༣ མེ་ཏོག་ལས་གཞན་པའི་རྒྱན་རིས་ཀྱི་མཚོན་དོན།
གནས་གཞིའི་བརྟག་དཔྱད་ལས་སྔོན་དུས་སུ་སྲོག་ཆགས་ཀྱི་རིགས་བྱ་དང་ཕྱེ་མ་ལེབ་གཙགས་པ་ཡང་ཡོད་པར་བཤད། རྩི་ཤིང་སོགས་ལྗང་ལོ་ཅན་གཙགས་པ་འདི་ནི་བོད་མི་རིགས་ཀྱི་མེས་པོ་དག་གིས་གདོད་མའི་དུས་ནས་རང་བྱུང་ཁམས་དང་མིའི་བར་ལ་འཆམ་མཐུན་གྱི་ལྟ་ཚུལ་ཞིག་བཟུང་ཡོད་པས། དེ་ལ་དགའ་བ་དང་ཡང་ན་གདོད་མའི་དད་མོས་ཤིག་ཀྱང་མཚོན་ཐུབ།
སྐྲ་ལོང་གི་སྒྲོག་གདན་ལ་རྒྱ་གྲམ་གཙགས་པ་མང་ལ། སྤྱིར་རྒྱ་གྲམ་གྱི་མཚོན་དོན་ལ་མི་རིགས་སོ་སོའི་རིག་གནས་ཁྲོད་འགྲེལ་བ་མི་འདྲ་བ་མང་པོ་ཞིག་ཐོན་བཞིན་ཡོད་དེ། “ནུབ་གླིང་ས་ཆར་རྒྱ་གྲམ་གྱི་ཡེ་ཤེས་ཆོས་ལུགས་མཚོན་ལ། ཡ་གླིང་དུ་འདི་ནི་མེ་དང་ཉི་མ། ཚེ་སྲོག་བཅས་མཚོན། 《ཀྲུང་གོའི་མཚོན་དོན་རིག་གནས》ཞེས་པར། རྒྱ་གྲམ་ནི་གཅིག་ནས་ཕོ་མོའི་མཚན་མའི་དད་མོས་དང་། གཉིས་ནས་ཆོས་ལུགས་དད་མོས་ཏེ་ཉི་མའི་དད་མོས་མཚོན”[③]པ་སོགས་ཡོད་ཀྱང་“བོད་ཀྱི་རིག་གནས་ཁྲོད་རྒྱ་གྲམ་ནི་ཕན་ཚུན་མཐུན་སྒྲིལ་ལམ་ཕོ་མོ་ཟུང་སྦྱོར་གྱི་རིགས་རྒྱུད་སྤེལ་བ་མཚོན”[④]ལ་ལས་རྒྱ་གྲམ་ཞེས་རྒྱ་ལ་བལྟས་ནས་འདི་ནི་རྒྱ་ནག་ནས་བོད་ལ་དར་བར་བཤད་མོད། འདི་ནི་མ་ངེས་ཏེ་བོད་རང་ཉིད་ནི་གནའ་དུས་ནས་རྒྱ་གར་དང་། བལ་བོ། ལ་དྭགས་སོགས་མི་རིགས་མང་པོར་འབྲེལ་བ་ཡོད་པས་སོ། ། འདིའི་འབྱུང་ཁུངས་གང་ལ་བཤད་ཀྱང་བོད་མི་རིགས་ཀྱི་རིག་གནས་ནང་འདྲེན་ནི་གཞན་གྱི་རི་མོ་ཚུར་བསྐྱར་དཔེར་ཙམ་ནི་མིན་པར་དེ་ནི་བཅོས་བསྒྱུར་དང་གསར་གཏོད་ཀྱི་གོ་རིམ་ཞིག་ཡོད་པར་འདོད།
བྱ་མདོ་ས་ཆའི་སྐྲ་ལོང་ཁ་ལེ་སྟེང་གི་སྒྲོག་གདན﹙རི་མོ་༤﹚ནི་ད་ལྟ་གཉིས་ལས་མེད་ཀྱང་འདིའི་འབྱུང་ཁུངས་དཔའ་ལུང་སོགས་ན་གསུམ་ཡོད་དེ། ﹙རི་མོ་༥﹚སྒྲོག་གདན་སྐོར་བ་ལ་ས་འདིའི་བུད་མེད་དག་གིས་མྱིག་རིས་སྐོར་ཞེས་བརྗོད། གཞན་ང་ཚོ་བོད་པ་དག་གིས་མིག་འབྲས་ཀྱི་དབྱིབས་འདྲ་བ་དག་ལ་དངོས་པོ་དེའི་མིང་སྔོན་དུ་སྦྱར་ནས་དེའི་མིག་ཅེས་མིང་འདོགས་པར་ཧ་ཅང་དགའ་པོ་ཡོད། དཔེར་ན་གཟི་མིག་དགུ་བ་དང་སྟག་ལྤགས་ཀྱི་མིག་ལྟ་བུའོ། ། དེ་བཞིན་རྨ་བྱའི་སྒྲོ་མདོངས་ལ་ཡང་དེ་ལྟར་བརྗོད་པ་ནི་མ་དཔེ་བ་ཞིག་མིན་ལ། ལྷག་པར་དུ་སྒྲོག་གདན་གྱི་དབྱིབས་ནི་འདི་དང་ཧ་ཅང་འདྲ་ལ། སྒྲོག་གདན་ཞེས་པའི་མིང་འདི་ནི་རྗེས་སུ་བྱུང་བ་ཞིག་སྟེ། སྒྲོག་གུ་འདོགས་བྱེད་ཀྱི་ལོང་བུ་ཡིན་པས་ན་དེ་ལྟར་བརྗོད། ཡིན་ཡང་སྔོན་དུས་སུ་འདི་ནི་དབྱིབས་ཙམ་གཙགས་པ་ལས་འདི་ལ་སྒྲོག་ལུང་དངོས་ཀྱི་ནུས་པ་མེད་དེ། སྐབས་དེར་སྐྲའི་ལན་བུ་ཐད་ཀར་སྐྲ་ལོང་ནང་དུ་འཚེམ་དགོས་པ་ཞིག་ཡིན། དེ་བས་འདི་ནི་རྨ་བྱའི་སྒྲོ་མདོངས་ལ་བལྟས་ནས་གཙགས་པའི་རྒྱན་རིས་ཤིག་ཡིན་པར་བསམ་ནས་འདི་ལྟར་བཀོད་པའོ། ། འདི་ཡང་དག་ཡིན་མིན་ལ་རྗེས་ཕྱོགས་མཁས་པ་དག་གིས་ད་དུང་དཔྱད་པར་འཚལ། རྨ་བྱའི་སྒྲོ་མདོངས་ནི་ང་ཚོའི་འཚོ་བའི་ཁྲོད་འབྲེལ་འདྲིས་ཅུང་མང་སྟེ་དུག་སེལ་ཀྱི་ཆོ་ག་སོགས་ལས་རྒྱུན་དུ་མཐོང་ཐུབ། གཞན་ནང་བསྟན་དུ“རྨ་བྱའི་སྒྲོ་མདོངས་གསུམ་མཉམ་དུ་གནས་པས་འདོད་ཆགས། ཞེ་སྡང་། གཏི་མིག་སྟེ་དུག་གསུམ་མཚོན་ལ། སྒྲོ་མདོངས་ལྔ་མཉམ་དུ་ཡོད་ཚེ་དེས་འདོད་ཆགས། ཞེ་སྡང་། གཏི་མིགང་རྒྱལ། ཕྲག་དོག་སྟེ་དུག་ལྔ་མཚོན་བྱེད་ཡིན། སྒྲོ་མདོངས་ཀྱི་མིག་འབྲས་ཀྱིས་ཤེས་རབ་མཚོན་ལ། མཐའ་སྐོར་གྱི་འོད་ཟེར་དེས་བདག་ཅག་གི་སྟོན་པའི་བགྲང་མེད་ཀྱི་ཆོས་བཤད་ཐབས་མཚོན”[⑤]གོང་གི་བཤད་པ་འདི་བཞིན་སྒྲོ་མདོངས་ཀྱིས་དུག་གསུམ་མམ་ཡང་ན་དུག་ལྔ་མཚོན་བཞིན་པའི་སྒྲུབ་བྱེད་ཅིག་ནང་བསྟན་དུ་ཡོད་པ་མ་རྙེད་ལ། དགོན་པའི་གྲྭ་བ་འགའ་ཤས་ལ་སྐད་ཆ་ཡང་བྲིས་མྱོང་མོད། གསལ་བོར་ཞིག་ཤེས་མཁན་ནི་མ་བྱུང་། སྤྱིར་རྨ་བྱའི་དུག་ཟ་བ་ལ་རང་ཉིད་ཀྱི་སྒྲོ་མདོངས་སོགས་མཛེས་པར་ཐོན་པའི་དོན་དངོས་ལ་བརྟག་ནས་ནང་བསྟན་གྱི་དུག་ལྔ་སོགས་ཀྱི་སེལ་བྱེད་དམ་སེལ་པའི་མཚོན་དོན་ཞིག་ཡོད་པ་ཤེས་ཐུབ། དེ་ལྟར་དུག་སེལ་གྱི་ཆོ་ག་སོགས་སུ་ཡང་ཆགས་མེད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། དེ་ལ་བལྟས་ནས་བུད་མེད་ཚོས་རང་གི་རིག་པའི་རྩལ་དང་མཛེས་དཔྱོད་ཀྱི་ལྟ་སྟངས་བཞིན་འདོགས་ཆ་རུ་རྨ་བྱའི་སྒྲོ་མདོངས་གཙགས་པར་བསམ། འདིའི་འབྱུང་ཁུངས་གཞན་ཞིག་ནི་བོད་རང་ལ་ཞྭ་ཐོག་ཏུ་སྒྲོ་འདོགས་པའི་སྲོལ་ནི་སྔ་མོ་ནས་ཡོད་དེ། “བོད་དམག་གི་རྨོག་ཞྭའི་ཐོག་ཏུ་ཡང་རྨ་བྱའི་སྒྲོ་ཡིས་རྒྱན་སྐོར་ཡོད”[⑥]ཅེས་པ་ལས་སྐབས་དེའི་རྨོག་ཞྭའི་ཐོག་གི་སྒྲོ་དེ་རྨ་བྱའི་སྒྲོ་ཡིན་པ་ནི་བཤད་དཀའ་ཡང་། བོད་ལ་འདིའི་སྲོལ་ཡོད་པ་ནི་མཁས་དབང་དམུ་དགེ་བསམ་གཏན་ལགས་ཀྱིས“ཞྭ་ཐོག་ཏུ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་ཏེ། སློབ་དཔོན་པདྨའི་དབུ་ཞྭ་བྱ་སྒྲོ་ཅན་གྱོན་པའི་སྐུ་འབྲི་བའང་བོད་རང་གི་ལུགས་ལྟར་བྲིས་པ་དང་། གླིང་སེང་ཆེན་གྱི་སྐུ་འབྲི་ཚེ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་པ་འབྲི་བ་དང་། སྐུ་རྟེན་དང་ལྷ་བའི་རྨོག་ཞྭའི་ཐོག་ཏུ་བྱ་སྒྲོ་མང་པོ་འཛུགས་པ་ནི་བོད་རང་གི་ཆ་ལུགས་རེད། གནའ་སྲོལ་དཔའ་བོ་ལ་རྒོད་ཀྱི་སྒྲོ་དང་། སྡར་མ་ལ་ཁྭ་ཏའི་སྒྲོ་འདོགས་པའི་སྲོལ་ཡང་ཡོད”[⑦]ཡིན་ཡང་འདི་ནི་རྗེས་སུ་མཛེས་པ་ལ་བལྟས་ནས་ཞྭ་མོ་ལ་རྨ་བྱའི་སྒྲོ་འཛུགས་པས་སྲོལ་བྱུང་། ད་ལྟ་ཡང་མདོ་སྨད་སོགས་ཡུལ་གྲུ་མང་བོ་ཞིག་ཏུ་སྲོལ་འདི་ད་དུང་མ་ཉམས་པར་ཡོད་པ་བཞིན་ནོ། །
﹙རི་མོ་༤བྱ་མདོའི་སྐྲ་ལོང་གི་སྒྲོག་གདན﹚﹙རི་མོ་༥དཔའ་ལུང་ས་ཆའི་སྒྲོག་གདན﹚
འཇའ་རིས་﹙རི་མོ་༧﹚ཀྱི་མཚོན་དོན་ནི་ནང་བསྟན་དང་འབྲེལ་ན་རྒྱུ་མཚན་ཟབ་མོ་ལྡན་ཏེ། “རང་རེའི་སྤྱན་སྔར་རྟག་ཏུ་རིག་རྒྱུ་མང་བའི་ནམ་མཁའི་འཇའ་ཚོན་ནི་ཚོན་འདོག་སྣ་ཁ་བདུན་ལས་གྲུབ་པར་གསུང་རུང་། རང་ཅག་བོད་ལུགས་ཀྱི་སྲོལ་ལ་འཇའ་ནི་ཚོན་མདོག་སྣ་ལྔ་ལས་གྲུབ་པའི་ངོས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་གང་ལགས་ཤེ་ན། དེའང་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་གཏིང་ཟབ་ཡོད་པར་བསམ། བོད་མིས་དད་གུས་ཆེན་པོ་བྱེད་པའི་ཤར་རྡོ་རྗེ་མཁའ་འགྲོལྷོ་རིན་ཆེན་མཁའ་འགྲོ ནུབ་པདྨ་མཁའ་འགྲོ བྱང་ལས་ཀྱི་མཁའ་འགྲོ དབུས་སངས་རྒྱས་མཁའ་འགྲོ་བཅས་མཁའ་འགྲོ་སྡེ་ལྔ་དེ་འཇའ་ཡི་ཚོན་མདོག་སྣ་ལྔ་ལས་མཚོན་པར་བྱེད་སྲོལ་ཡོད”[⑧]དེ་བས་དམངས་ཁྲོད་དུ་འཇའ་ཚོན་ཤར་བ་ནི་སྣང་ཚུལ་ཁྱད་པར་ཅན་དང་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཏུ་བརྩི་ལ། བླ་མ་གང་ཞིག་དང་མི་དབང་སུ་ཞིག་འཁྲུངས་པ་ལ་འཇའ་ཚོན་ཤར་བ་དང་དུང་སྐད་གྲགས་པ་སོགས་ཀྱི་སྣང་ཚུལ་དང་བྲལ་ཐབས་མེད་པ་ལྟ་བུ་ཡིན་པས། སྐྲ་ལོང་གིས་བོད་པ་སྤྱིའི་བསམ་པའི་འདུ་ཤེས་འདི་རི་མོས་མཚོན་པར་བྱས་པའོ། །
སྐྲ་ལོང་གི་ཁ་ལེ་ཡི་རྣམ་པ་དང་དངུལ་ཆ་ལ་བུམ་པ་སོགས་ཡོད་པ་ནི་ནང་ཆོས་ཀྱི་ལུགས་བཞིན་འགྲེལ་ན“བུམ་པ་ནི་དེ་བཞིན་གཤེགས་པའི་མགུལ་གྱི་རྣམ་པ་སྟེ། གསེར་གྱི་བུམ་པ་འཆི་མེད་བདུད་རྩིས་གང་བའམ། ཡང་ན་རིན་པོ་ཆེས་གང་བ་ཟད་མི་ཤེས་པའི་གཏེར་ཆེན་པོའི་བུམ་པས་སྐྱེ་རྒུ་ཐམས་ཅད་བུམ་པ་བཅུད་ཀྱིས་གང་བ་ལྟར་རང་རྒྱུད་ཆོས་ཀྱི་གང་ནས་གདུལ་བྱའི་རྒྱུད་ཚིམས་པ་དང་ཡང་ན་འདོད་དགུ་ལོངས་སྤྱོད་ཐམས་ཅད་འབད་མེད་དུ་འབྱུང་བའི་གཏེར་གྱི་བུམ་པ”[⑨]ཞེས་པ་ཡིན་ལ་དམངས་ཁྲོད་དུ་དེའི་མཚོན་དོན་གསལ་བོ་ཞིག་ཤེས་ཡོད་པ་བཤད་དཀའ་ཡང་། བུམ་པ་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་ཡིན་པས་དེ་ནི་བཀྲ་ཤིས་པའི་མཚོན་བྱེད་དུ་བཀོད་བཞིན་ཡོད་པ་འདི་བྱ་མདོ་ཡུལ་གྱི་བུད་མེད་ཚོར་ཐེབས་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་དང་ཁོ་མོ་ཚོའི་ཆོས་ལུགས་དད་མོས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན།
﹙རི་མོ་༦གཡུང་དྲུང﹚ ﹙རི་མོ་༧འཇའ་རིས﹚
གཞན་རྒྱ་ནག་ལྕགས་རི་ཡང་གཙགས་ལ་འདི་ལ་ས་འདིའི་མི་དམངས་ཀྱིས་གཡུང་དྲུང﹙རི་མོ་༦﹚ཞེས་འབོད་བཞིན་ཡོད། འདི་ནི་སྔོན་དུས་སུ་གཡུང་དྲུང་ཡིན་པར་བསམ་ཏེ། རྗེས་སུ་བདེ་བའམ་མཛེས་པའི་དབང་གིས་རྒྱ་ནག་ལྕགས་རི་གཙགས་ལ། འདི་གཉིས་གང་ཡིན་རུང་མཚོན་དོན་ནི་མི་འགྱུར་བའམ་བརྟན་པོ་ཡིན་པ་མཚོན། གཡུང་དྲུང་གིས་མཚོན་དོན་ལ་མི་རིགས་མི་འདྲ་བ་དང་ས་གནས་མི་འདྲ་བ། ཆོས་ལུགས་མི་འདྲ་བ་ལ་རང་རང་གི་འགྲེལ་ཚུལ་མི་གཅིག་པ་མང་པོ་ཡོད་དེ། ཞབས་དཀར་དབང་འདུས་ལགས་ཀྱིས་ཁོང་གི་དཔྱད་རྩོམ་དུ་བཀོད་པ་ལྟར་ན། “གཅིག་ནི་རྒྱའི་ཡི་གེ་ཁྲོད་ཀྱི་“万”ཞེས་པ་འདི་ཡིན་པ་དང་། གཉིས་ནི་སྟོན་པའི་བྲང་ཁར་རི་མོ་འདི་ཡོད་པས་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཚེ་སྔ་ཕྱི་མཚོན། གསུམ་ནི་རི་མོ་འདི་ལ་རྒྱ་ཡིག་གྲུ་བཞི་དབྱིབས་ཅན་གྱི་རྣམ་པ་ལྡན་པས་འདི་ལོ་ངོ་སྟོང་ཕྲག་དྲུག་གི་ཡར་སྔོན་དུ་བོར་བརླག་བྱུང་བའི་ཀན་སུའུ་མཱ་ཅ་ཡོའོ་རིག་གནས་ཁྲོད་ཀྱི་ཚོན་ལྡན་རྫ་ཆས་སྟེང་གི་རྒྱ་ཡིག་ཅིག་ཡིན་པར་འདོད། བཞི་ནི་རྟགས་འདི་ནི་ཀྲན་གོ་སྐབས་ཀྱི་ཀྲུང་ཧྲན་རྒྱན་ཕྲན་གྱི་སྲིད་དབང་གི་དོན་མཚོན་བྱེད་ལི་ཆས་སྟ་རེ་དབྱིབས་ཅན་ཞིག་གི་སྟེང་དུ་བཀོད་ཡོད་པས་དེ་ནི་སྐབས་དེའི་རིགས་རྒྱུད་ཅིག་གི་བླ་དད་ཀྱི་མཚོན་རྟགས་ཤིག་གམ་ཡང་ན་ཐུན་མོང་མ་ཡིན་པའི་རིགས་རྒྱུད་ཀྱི་མཚོན་རྟགས་ཤིག་ཡིན་པར་འདོད། ལྔ་ནི་གདོད་མའི་ས་མན་ཆོས་ལུགས་གི་རྣམ་ཤེས་ལ་འཇིག་པ་མེད་པའི་འདུ་ཤེས་གམ་མེས་པོར་དད་མོས་ཀྱི་སྒྱུ་རྩལ་མཚོན་རྟགས་ཤིག་ཡིན། དྲུག་ནི་གཡུང་དྲུང་གི་རི་མོ་ནི་ཉི་མ་འགྱུར་ནས་བྱུང་ལ། འདི་ནི་གདོད་མའི་ཉི་མའི་དད་མོས་མཚོན། བདུན་ནི་ཕོ་མོའི་མཚན་མའི་དད་མོས་ཕྱིའི་སྣང་ཚུལ་ཞིག་ཡིན། ད་དུང་འདིས་རླུང་དང་མེའི་འཁོར་ལོ་མཚོན་པ་སོགས”མང་པོར་བཤད། “ཡིན་ཡང་བོད་ཀྱི་རིག་གནས་ལས་གཡུང་དྲུང་གི་འགྲེལ་སྟངས་དང་མཐུན་པར་ཡོད་པ་ནི། གཡུང་དྲུང་གི་རི་མོ་ནི་ཉི་མ་འགྱུར་ནས་བྱུང་ལ། འདི་ནི་གདོད་མའི་ཉི་མའི་དད་མོས་མཚོན་པ་དང་། ཕོ་མོའི་མཚན་མའི་དད་མོས་ཕྱིར་མངོན་པའི་སྣང་ཚུལ་ཞིག་ལས་གཞན་ད་དུང་དམངས་ཁྲོད་དུ་སྤྱི་ཁྱབ་ཀྱི་འགྲེལ་ཚུལ་ཞིག་ནི་གཡུང་དྲུང་གིས་གཏན་དུ་མི་འགྱུར་བ་དང་། གཏན་འཇགས་རྒྱུན་རིང་། བདེ་སྐྱིད་དང་བསོད་ནམས་འཕེལ་བ་སོགས་མཚོན”[⑩]གཞན“གཡང་སྒྲུབ་ལས། “ཚེ་ཡི་ཉི་མ་མི་ནུབ་རབ་ཏུ་གསལ། བསོད་ནམས་ཟླ་བ་ཡར་ངོའི་ཟླ་ལྟར་འཕེལ། རིགས་རྒྱུད་མི་འགྱུར་གཡུང་དྲུང་ཇི་ལྟར་བརྟན། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག”ཅེས་གསལ་བ་ཇི་བཞིན་ཉི་ཟླ་གཡུང་དྲུང་ལས། ཚེ་རིང་བ་དང་། བསོད་ནམས་འཕེལ་བ། རིགས་རྒྱུད་མི་འགྱུར་བ་ལ་སོགས་ཀྱི་རྟེན་འབྲེལ་མང་པོ་ཞིག་མཚོན་གྱིན་ཡོད”[11]ཅེས་པ་སོགས་འགྲེལ་ཚུལ་མི་འདྲ་བ་དང་མཚོན་དོན་མི་འདྲ་བ་མང་པོ་ཐོན་ཡང་། བྱ་མདོ་ས་ཆའི་སྐྲ་ལོང་ལ་གཡུང་དྲུང་བཀོད་པ་ནི་ཕོ་མོའི་བརྩེ་བ་དམ་ཞིང་འགྱུར་བ་མེད་པ་དང་རིགས་རྒྱུད་མི་འགྱུར་པའི་རྟེན་འབྲེལ་མཚོན་པར་བཤད།
གཞན་དངུལ་ཆ་སོགས་ལ་བཀྲ་ཤིས་པ་མཚོན་བྱེད་དུ་བཀྲ་ཤིས་རྟགས་བརྒྱད་མཉམ་དུ་བཀོད་པ་དང་ཡང་ན་དེའི་མཚོན་བྱེད་ཅིག་བདམས་ནས་གང་རུང་བཀོད་པ།
གོས་དང་རས་ཀྱི་མ་གཞི་ལ་རྒྱའི་གནའ་རབས་ཡི་གེ “ 寿”﹙རི་མོ་༨﹚ཅན་མང་པོ་ཡོད་པ་འདི་ནི་གནའ་དུས་སུ་གོས་རྒྱ་ནག་ནས་ནང་འདྲེན་དགོས་པའི་དེ་ལྟར་དར་ལ། རྒྱའི་མཚོན་དོན་ནི་ནད་མེད་ཚེ་རིང་ཡིན་ལ། སྐབས་དེར་བོད་མི་ཚོས་དེའི་ཧ་མ་གོ་བར་དབྱིབས་ལ་བལྟས་ནས་དེ་ནི་མདུང་དང་འདྲ་བོ་ཡོད་པ་ལ། མཚོན་ཆར་དགྲ་འགོག་པའི་ནུས་པ་དང་ལྡན་པས། བོད་མི་ཚོས་གསར་གཏོད་ལ་བརྟེན་ནས་རི་མོ་འདི་མཚོན་དོན་ལ་འགྱུར་བ་བྱུང་བར་བཤད། རི་མོ་འདི་ནི་བོད་ལྭའི་མཐའ་རྒྱན་གྱི་སྲམ་དང་ཆབ་མ་ལ་སོགས་པར་བཀོད་པ་ཧ་ཅང་མང་། གོང་གི་བཤད་ཚུལ་ལྟར་ན་འདིས་བོད་ཡུལ་དུ་དགྲ་བགེགས་ཀྱི་ནུས་པ་ཞིག་མཚོན་བཞིན་ཡོད།
﹙རི་མོ་༨ རྒྱའི་ཡི་གེ་寿﹚
གོང་དུ་སྐྲ་ལོང་གི་རི་མོ་དག་ངོ་སྤྲོད་རགས་ཙམ་ཞིག་བྱས་མོད། ཡང་དག་ཡིན་མིན་ལ་ད་དུང་བརྟག་དཔྱད་དང་ཞིབ་འཇུག་བྱས་ནས་ནོར་པ་ཐེར་འདོན་བྱེད་རྒྱུ་ནི་བློ་དམན་ངའི་རེ་བ་དང་། གཞན་ད་ལྟ་མང་ཚོགས་ལས་འདི་དག་གི་མཚོན་དོན་ཤེས་མཁན་ཧ་ཅང་ཉུང་བས། སྐྲ་ལོང་དང་འབྲེལ་པའི་རིག་གནས་མང་པོ་ཞིག་རིམ་གྱིས་ཉམས་རྒུད་དུ་སོང་ལ་འགྲོ་བཞིན་ཡོད། དེ་བཞིན་བོད་ས་གནས་ཡོངས་ཀྱི་རྒྱན་གོས་རིག་གནས་སམ་ཡང་ན་གཞན་པའི་དམངས་སྲོལ་མང་པོ་ཡང་དེ་དང་འདྲ་བས་འདིའི་ཕྱོགས་ལ་སྤྲོ་སེམས་དང་ཞིབ་འཇུག་བྱེད་མཁན་ཚོས་རང་ནུས་གང་ཡོད་ཀྱིས་འཚོལ་བསྡུ་དང་བརྟག་དཔྱད་གཏོང་རྒྱུ་ནི་གལ་ཆེན་ནང་གི་འགེངས་ཆེན་ཡིན་ནོ།
[①]གཅན་ཚ་བཀྲ་བྷོ། 《དམངས་སྲོལ་རིག་པའི་སྤྱི་དོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ༡པར། ཤ ༡༣༣
[②]དཀོན་མཆོག་བསྟན་འཛིན། 《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ལོའི་ཟླ༨པར། ཤ ༣༠༥
[③]李玉琴:《藏族服饰文化研究》,人民出版社 2010年5月第一版,第42页。
[④]གཅན་ཚ་བཀྲ་བྷོ། 《དམངས་སྲོལ་རིག་པའི་སྤྱི་དོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ༡པར། ཤ ༡༣༤
[⑤]【英】罗伯特•比尔:《藏传佛教象征符号与器物图解》,中国藏学出版社 2007年4月版,第187页。
[⑥]【英】罗伯特•比尔:《藏传佛教象征符号与器物图解》,中国藏学出版社 2007年4月版,第188页。
[⑦]དམུ་དགེ་བསམ་གཏན། 《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་པོ་དྲུག་པ་གཞུགས་སོ》སི་ཁྲོན་མི་རིགས་དཔེ་སྐྲུང་ཁང་། ༢༠༠༩ལོའི་ཟླ༤བར། ཤ ༤༣༠
[⑧]ས་གོང་དབང་འདུས། 《བོད་མིའི་ཡུལ་སྲོལ་གོམས་གཤིས༡༠༠》མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའིཟླ་༢་པར། ཤ ༦༡
[⑨]དཀོན་མཆོག་བསྟན་འཛིན། 《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ ལོའི་ཟླ་༨པར། ཤ ༣༠༥
[⑩]夏格旺堆 白伦•占堆:《“雍仲”符号文化现象散论》《西藏研究》2006年第2期。
[11]ས་གོང་དབང་འདུས། 《བོད་མིའི་ཡུལ་སྲོལ་གོམས་གཤིས༡༠༠》མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའིཟླ་༢་པར། ཤ ༤༢