རྔ་བ་རྫོང་གིས་འགྲིམ་འགྲུལ་སྒྲིག་ལམ་སྔར་ལས་ལྷག་པར་ལེགས་པོ་ཡོང་བར་སྲུང་སྐྱོང་བྱེད་པ་དང་། འཁོར་བྱང་དང་སྐོར་ཡིག་མེད་པའི་འཕྲུལ་འཁོར་གྱི་རིགས་གཞུང་ལམ་དུ་བསྐྱོད་པ་རྩ་བ་ནས་མེད་པར་གཏོང་བ་དང་། ཁ་མིན་དོན་གྱིས་མི་དམངས་མང་ཚོགས་ཀྱི་ལུས་ཁམས་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་ཆེད། ཟླ3པའི་ཚེས2ཉིན་ནས་ད་བར། རྔ་བ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་མཁར་དང་གྲོང་རྡལ། ཡུལ་ཚོ་སོ་སོ་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་གཙོ་གནད་ཆེད་དོན་བཅོས་སྒྲིག་གི་བྱ་འགུལ་སྤེལ་ཏེ། རྫོང་ཡོངས་ཀྱི་འགྲིམ་འགྲུལ་གྱི་སྒྲིག་ལམ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་པས་རྫོང་མཁར་གྱི་རྣམ་པ་ལའང་ལེགས་འགྱུར་ཆེན་པོ་བྱུང་།
ཆེད་དོན་བཅོས་སྒྲིག་གི་བརྒྱུད་རིམ་ཁྲོད། རྔ་བ་རྫོང་གིས་ངེས་གཏན་མེད་པའི་སྐོར་ཞིབ་དང་སྔོག་བཤེར་བྱེད་ས་དམིགས་འཛུགས་བཅས་ཐབས་གཉིས་ཟུང་འབྲེལ་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ཞིང་ཆེན་ལམ་ཐིག302དང་རྫོང་དང་ཡུལ་ཚོའི་གཞུང་ལམ་སོགས་སུ་ཉིན་ཧྲིལ་བོར་བསྲུང་ནས་ཞིབ་བཤེར་བྱས་པ་དང་། འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་ཁ་གཏད་རང་བཞིན་གྱིས་བཅོས་སྒྲིག་བྱས་ཤིང་། འཁོར་བྱང་དང་སྐོར་ཡིག་མེད་པའི་རླངས་འཁོར་དང་འཕྲུལ་རྟ། བེད་མེད་ཟུར་འཇོག་གི་འཕྲུལ་སྒུལ་འཁོར་ལོ་སོགས་གནད་ཆེ བའི་འཁོར་ལོའི་རིགས་ཀྱི་བཅོས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དུས་མཚུངས་སུ་འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོའི་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། དམངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་མཐོ་རུ་བཏང་།
རྫོང་གི་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར། རྫོང་ཡོངས་སུ་བསྡོམས་པས་འཁོར་ལོ་1660ལ་ཞིབ་བཤེར་བྱས། གང་ས་གང་དུ་བཞག་པའི་འཁོར་ལོ་171རྩད་ཞིབ་བྱས། འཁོར་བྱང་དང་སྐོར་ཡིག་མེད་པའི་འཕྲུལ་སྒུལ་འཁོར་ལོ་128རྩིས་ལེན་བྱས། སྐོར་ཡིག་མེད་པར་རླངས་འཁོར་སྐོར་མཁན7སྲིད་འཛིན་ཐོག་ནས་བཀག་བསྐྱིལ་བྱས། ཡུལ་དངོས་ནས་མི་59རུ་ཡོ་བསྲང་དང་སློབ་གསོ་བྱས།