ཤ་བོ་སྒྲོལ་མས་གཙང་གསུམ་འབྱུང་ཡུལ་གྱི་ཁོར་སྲུང་ཐད་འདི་འདྲ་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-12



            སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཕུལ་བའི་ལས་དོན་སྙན་ཞུའི་ནང་ཁྲིམས་ལུགས་འཛུགས་སྐྱོང་སྐོར་གྱི་ལས་འགན་གླེང་སྐབས། ད་ལོ་ནས་བཟུང་འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པའི་སྐོར་གསུངས་གནང་ཡོད།
            མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤ་བོ་སྒྲོལ་མས་ཀྱང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བའི་གཙོ་གནད་དུ་འཇོག་དགོས་པའི་གྲོས་འགོ་བཏོན་འདུག
            འཐུས་མི་ཤ་བོ་སྒྲོལ་མས། མཚོ་བོད་ས་མཐོ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་གལ་ཆེན་དང་། རང་རྒྱལ་གྱི་ཚྭ་མེད་ཆུ་བོའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་དང་། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་གལ་འགངས་ཆེ་བའི་འབྱུང་ཁམས་བྱེད་ནུས་ལྡན་པའི་དབང་གིས་རང་རྒྱལ་གྱི་འབྱུང་ཁམས་སྲུང་སྐྱོབ་ཐད་དམིགས་བསལ་གྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེ་བས་དེར་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་ཡིན་ཞེས་དང་། ཁོང་གིས། དེ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་འབྱུང་ཁམས་སྲུང་སྐྱོབ་ཐད་མངོན་གསལ་དོད་པའི་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ཡིན་ནའང་དེར་ད་དུང་དཀའ་ཁག་དང་གནད་དོན་མི་ཉུང་བ་ཞིག་གནས་ཡོད། དཔེར་ན་ལམ་ལུགས་སྒྲིག་གཞི་འཐུས་སྒོ་མི་ཚང་བ་དང་། འབྱུང་ཁམས་སྲུང་སྐྱོབ་ཐད་ཀྱི་མ་དངུལ་བསྡུ་རུབ་དང་དོ་དམ་སོགས་ཀྱི་ཐད་རྒྱལ་ཁབ་རིམ་པའི་ཚད་ལྡན་ལམ་ལུགས་མེད་པ། གཞན་ད་དུང་འབྱུང་ཁམས་ཁ་གསབ་ཐད་ཀྱི་སྲིད་ཇུས་ཉུང་བ་དང་། ཁ་གསབ་ཚད་གཞི་དམའ་བ། མ་དངུལ་གྱི་ཡོངས་ཁུངས་མི་འདང་བ་སོགས་ཀྱི་གནད་དོན་མཆིས་པས། གལ་ཏེ་གནད་དོན་དེ་དག་ཐག་གཅོད་བྱེད་པའི་སྒྲིག་གཞིར་ཁྲིམས་ལུགས་ཀྱི་འགན་སྲུང་མེད་ཚེ། འབྲི་ཆུའི་འབྱུང་ཁུངས་ཀྱི་འབྱུང་ཁམས་སྲུང་སྐྱོབ་ལ་ཤུགས་རྐྱེན་ངན་པ་བཟོ་རྒྱུ་མ་ཟད། ཐ་ན་འབྲི་ཆུའི་བཞུར་རྒྱུན་ཁུལ་ཡོངས་ཀྱི་སྲུང་སྐྱོབ་ལས་དོན་ལའང་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པས། དེ་འབྲེལ་གྱི་གཏན་འབེབས་ཁ་གསལ་བཟོ་རྒྱུ་དེ། མཚོ་སྔོན་ཙམ་མ་ཡིན་པར་འབྲི་ཆུའི་རྒྱུག་ཁུལ་ཚང་མའི་འབྱུང་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་། ཆུའི་ཐོན་ཁུངས་རྒྱུན་མཐུད་བདེ་འཇགས་ངང་གོང་འཕེལ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1