སེ་འབྲུའི་མེ་ཏོག་གི་དྲི་ཞིམ་མཚོ་སྔོན་ས་གཞིར་ཁྱབ།
སྡེ་ཁུལ་གཅིག་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་མང་པོ་ཞིག་གི་གྲོང་མི་སྟོང་ཕྲག་ལྷག་ཙམ་མཉམ་དུ་སྡོད་ཀྱི་ཡོད་ལ། ཚང་མས་འཆམ་མཐུན་མཉམ་གནས་ངང་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ཅིན་ཨན་སྡེ་ཁུལ་ནས་ཐོན་པའི་གཏམ་བཟང་ཞིག་རེད།
དེ་འདྲའི་འཆམ་མཐུན་ཇི་ལྟར་བསྒྲུབས་པ་ཡིན་ནམ་ཞེ་ན། སྡེ་ཁུལ་གྱི་གྲོང་མི་འཇམ་དབྱངས་ཀྱིས་“ས་གནས་གཅིག་ཏུ་བསྡོད་པས། ཁྱིམ་ཚང་གཅིག་ལྟར་ཡིན་”ཞེས་གསུངས་པ་ལྟར་ཡིན།
མཚོ་སྔོན་ནི་མི་རིགས་མང་པོ་མཉམ་དུ་འདུས་ཤིང་། ཆོས་ལུགས་མང་པོ་མཉམ་དུ་གནས་ལ། རིག་གནས་མང་པོ་མཉམ་དུ་འདྲེས་པའི་ས་གནས་ཤིག་ཡིན་ཞིང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡོམས་འབོར་གྱིས་47%ཟིན་གྱི་ཡོད། དེ་ནི་བོད་ལྗོངས་ཕུད་པའི་བོད་རིགས་ས་ཁུལ་ཆེ་གྲས་གཉིས་པ་དེ་ཡིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་8ཀྱི་ཁྲོད་དུ་མི་རིགས་རང་སྐྱོང་ཁུལ་6ཡོད་ལ། མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་གྱི་བསྡུར་ཚད98%ཟིན་གྱི་ཡོད།
འདས་པའི་ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་པ་གཅིག་ཏུ་བསྒྲིལ་བ་དང་། ཕན་ཚུན་ལྟ་སྐྱོང་། མཉམ་འཕེལ་མཉམ་དར་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་ཟམ་མི་ཆད་པར་བྱེད་བཞིན་ཡོད། མི་སེམས་གཅིག་བསྒྲིལ་དང་། དཔལ་འབྱོར་གོང་འཕེལ། དམངས་འཚོ་ལེགས་བཅོས། རིག་གནས་དར་རྒྱས། སྤྱི་ཚོགས་བརྟན་ལྷིང་གི་འཐབ་ཇུས་དམིགས་འབེན་ཕྱོགས་སུ་མུ་མཐུད་བསྐྱོད་བཞིན་ཡོད་ལ། ས་མཐོའི་ས་གཞི་ཆེ་མོའི་གང་ས་གང་དུ་“མི་རིགས་ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་”མེ་ཏོག་འདབ་བརྒྱ་བཞད་བཞིན་ཡོད་པ་རེད།