དམངས་ཕན་དོན་བཟང་འཁྱོངས་ན། ། བསམ་པ་གཅིག་ཏུ་མཐུན་ཡོང་། །

རྡོ་རྗེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-18


        དམངས་ལ་ཕན་པའི་དོན་བཟང་བསྒྲུབ་ན་ཚ་ཚ་འུར་འུར་དང་ཟང་ཟིང་ལང་ལོང་ཞིག་མིན་པར། རྩ་བ་ནི་ཞིབ་ཕྲ་དང་དོན་དངོས་ལ་འཁེལ་ཐུབ་མིན་དེ་ཡིན།
        དམངས་ལ་ཕན་པའི་དོན་ནི་བྱ་གཞག་ཐམས་ཅད་ཀྱི་སྔོན་འགྲོ་ཡིན། 2012ལོ་ནས་བཟུང་། འཛམ་ཐང་གིས་དམངས་ལ་ཕན་པའི་དོན་ནི་ཏང་ཨུ་དང་སྲིད་གཞུང་གི་བྱ་གཞག་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཁ་ཐོག་ལག་ཐོག་ལ་སྨིན་པའི་དོན་བཟང་རབ་དང་རིམ་པ་བསྒྲུབས་པས། དབུལ་བྲལ་གནད་སྒྲོལ་དང་རང་ཁུལ་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་ཡོང་བར་རྨང་གཞི་བརྟན་པོ་བཏིང་འདུག

        ཟླ3པའི་ཚེས3ཉིན། འབྲོག་པ་ཚེ་རིང་གིས་བརྙན་འཕྲིན་ལ་ལྟ་ཞོར་ཁྱིམ་དུ་ཐོན་པའི་ལས་བྱེད་པ་ལ་མཐེ་བོང་མཐོན་པོར་བསྒྲེངས་ཏེ། ཁ་དྲོ་བཀྲ་ཤིས། གློག་འཕྲོད་ཐལ། ཧ་ཅང་སྟབས་བདེ་ཀི་ཞེས་ཁ་མིན་དོན་གྱིས་བཀའ་དྲིན་ཞུ་བའི་གཏམ་བཟང་ངག་ལས་ཤོར།  ཁོ་ཚང་ནི་རྔ་བ་ཁུལ་འཛམ་ཐང་རྫོང་རྡོ་སྟོད་ཡུལ་ཚོར་གནས་བཅས་ཡོད་ལ། ཉིན་གཉིས་ཀྱི་སྔོན་ལ། དྲག་རླུང་ཆེན་པོ་ཐེངས་མང་པོར་འཚུབ་པས་སྡེ་བའི་གློག་སྐུད་ལ་ལ་ཆད་ཀྱང་། འཛམ་ཐང་རྫོང་འཕེལ་རྒྱས་སྒྱུར་བཅོས་ཅུས་ཀྱི་ཅུས་ཀྲང་ཐང་ཞན་ཧའེ་ཡིས་སྡེ་བ་དེར་མང་ཚོགས་ཀྱི་ལས་ཀ་སྒྲུབ་བཞིན་པ་དང་འཁེལ་བས། ཁོས་གནས་ཚུལ་ཤེས་མ་ཐག་རྫོང་གློག་ཤུགས་ཀུང་སིར་འབྲེལ་བ་བྱས་ཏེ། དུས་ཚོད་གཅིག་ཙམ་གྱི་རྗེས་སུ་གློག་སྐུད་མཐུད་ནས་གློག་འོད་ཆེམ་ཆེམ་དུ་འཕྲོས་བྱུང་བས། མི་སེར་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས།

         ཟླ3པའི་ཚེས1ཉིན་ནས་འཛམ་ཐང་རྫོང་གིས་དམངས་ཕན་དོན་བཟང་ཟླ་འཁོར་ཅེས་པའི་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས་ཤིང་། རྫོང་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་1200ལྷག་གིས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་དམངས་ཕན་ལས་སྒྲུབ་ཐབས་ཤེས་ལག་ཏུ་བསྟར་བ་དང་། འབྲེལ་གཏུག་བྱ་ཡུལ་གྱི་སྡེ་བ་དང་ཁྱིམ་ཚང་སོ་སོར་སོང་ནས་ཕྱུགས་འཚོ་རོགས་དང་ཞིང་རྨོ་རོགས། སློབ་གསོ་གཏོང་བ། དབུལ་ཁྱིམ་ལ་ཕྱུག་སྒྱུར་གྱི་ལམ་བུ་སྟོན་པ། རྒན་པ་རྣམས་ལ་ཡ་རབས་སྤྱོད་བཟང་གི་སྲོལ་བཟང་ཁ་བརྡ་གློད་པ་དང་སྦྲགས། ཏང་གི་དམངས་ཕན་སྲིད་ཇུས་འགྲེལ་བཤད་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་རྒྱུས་ལེན་པ་སོགས་དམངས་ལ་ཕན་པའི་དོན་བཟང་ཁ་བཤད་ཙམ་མིན་པར་དངོས་སུ་སྒྲུབ་བཞིན་པའི་སྒང་ཡིན། བྱེད་སྒོ་དེ་ནི་ཟླ་3པའི་ཚེས་30ཉིན་བར་དུ་སྤེལ་རྒྱུ་རེད།

        2012ལོ་ནས་བཟུང་། ལོ་རེའི་ཟླ3པ་ནི་འཛམ་ཐང་རྫོང་གིས་དམངས་ཕན་དོན་བཟང་ཟླ་འཁོར་དུ་གཏན་ལ་ཕབ་ནས་ད་བར་ལོ8འདས་ཡོད། རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ། འཛམ་ཐང་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་འཇམ་དཔལ་གྱིས་དམངས་ཕན་དོན་བཟང་ཟླ་འཁོར་སྤེལ་བའི་དམིགས་ཡུལ་ནི། ཕྱོགས་གཅིག་ནས་ལས་བྱེད་པ་མང་ཚོགས་ཁྲོད་ན་ཡོད་ཀྱང་སེམས་གླིང་དཀར་སྟོད་ན་ཡན་པའི་རྣམ་པ་བཅོས་ནས་མང་ཚོགས་ཀྱི་ཡིད་མཐུན་གྲོགས་མཆོག་ཅིག་ཏུ་འགྱུར་ཆེད་ཡིན། ཕྱོགས་གཞན་ཞིག་ནས་མང་ཚོགས་སུ་བྱུང་བའི་མངོན་སུམ་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་སེལ་ཆེད་ཡིན་ཞེས་བཤད་བྱུང་།

        ལོ་དུ་མའི་རིང་། དམངས་ཕན་དོན་བཟང་ཟླ་འཁོར་སྤེལ་ནས། འཛམ་ཐང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ལ་འབྲེལ་བ་ཟབ་མོ་ཆགས་ཤིང་ཕན་ཚུན་བར་གྱི་སྙིང་གཏམ་ལ་ཉན་པར་སྤྲོ་བ། དཀའ་ངལ་སྣ་ཚོགས་བསལ་ཡོད། ཁྱོན་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་1100འབྱོར་བ་ལས་1078སྒྲིག་བཅོས་དང་ལེགས་བཅོས་བྱས་ཡོད་པས། སྒྲིག་བཅོས་དང་ལེགས་བཅོས་ཀྱི་ཚད་བརྒྱ་ཆ་98ཟིན་ཡོད། ཐེངས་420ལ་སྲིད་ཇུས་དང་ཁྲིམས་སྲོལ་འཆད་འགྲེལ་བྱས་ཤིང་། ཡུལ་དངོས་ནས་མང་ཚོགས་ཀྱི་རེ་ཞུ་1500ཐག་བཅད་པ་རེད།
        དེ་མིན་བསྐྲུན་ཟིན་པའི་དམངས་འཚོའི་ལས་གཞི་500དེ་རིགས་ཕྱེས་ནས་གནད་དོན་བྱང་ཐོ་བཟོས་ཤིང་། སྒྲིག་བཅོས་ཐབས་ལམ་700བཀོད་དེ་གྲོན་དངུལ་སྒོར་ཁྲི་2000ལྷག་བཏང་ནས། ཆག་སྐྱོན་ཐེབས་པའི་དམངས་འཚོ་ལས་གཞི་200ཙམ་རྩ་བ་ནས་སྒྲིག་བཅོས་བྱས་ཡོད་པས། ལས་བྱེད་པ་དང་མང་ཚོགས་བར་ལ་ཡིད་མཐུན་ཟམ་པ་ཞིག་བསྐྲུན་འདུག་ཅེས་བཤད་ཆོག

        དེང་སང་། འཛམ་ཐང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ནི་ཆུ་དང་འོ་མ་བཞིན་དུ་འདྲིས་ཡོད་ལ། ཆུ་དང་ཉ་མོ་བཞིན་དུ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། ལས་བྱེད་པ་རྣམས་ཀྱིས་མ་བསྐུལ་དང་བླངས་སྒོས་མང་ཚོགས་ཀྱི་དཀའ་ངལ་འདྲི་བ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ་དང་། མང་ཚོགས་ལའང་བསམ་འཆར་དང་གྲོས་གཞི། དཀའ་ངལ་ཅི་ཡོད་ན་སྦ་གསང་མེད་པར་ལས་བྱེད་པར་བཤད་པ་རེད། དེ་ལྟར་ལས་བྱེད་པ་དང་མང་ཚོགས་ཡིད་སེམས་གཅིག་ཏུ་མཐུན་པ་དང་། འབད་ཕྱོགས་གཅིག་ལ་སྙེག་བཞིན་ཡོད་པས། འཛམ་ཐང་ཡུལ་གྲུ་ཀུན་ཏུ་འཆམ་མཐུན་མཉམ་གནས་དང་འཕེལ་རྒྱས་ལ་བརྩོན་པའི་རེ་བ་གསར་བའི་དཔྱིད་དཔལ་ཡོངས་སུ་རྒྱས་འདུག 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1