༄༅།། བོད་ཀྱི་གནའ་བོའི་མྱོང་རྩིས་སམ་དུས་བརྟག་གནམ་དཔྱད་ཀྱི་རྩིས་ལ་དཔྱད་པ།

སྙིང་མོ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-25


 སྙིང་མོ་རྒྱལ།

[ནང་དོན་གནད་བསྡུས]བོད་ཀྱི་སྐར་རྩིས་རིག་པའི་ནང་གསེས་མྱོང་རྩིས་སམ་དུས་བརྟག་གནམ་དཔྱད་ཀྱི་རྩིས་ནི་རང་རེའི་མེས་པོ་རྣམས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་ལག་ལེན་ཁྲོད་བསགས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་། དངོས་ཡོད་འཚོ་བའི་ཁྲོད་དུ་ཕན་སྒྲུབ་གནོད་སྲུང་གི་ནུས་པ་གལ་ཆེན་འདོན་ཐུབ་པའི་ཚན་རིག་དང་མཐུན་པའི་རིག་ཚན་ཞིག་ཡིན་པས། དཔྱད་རྩོམ་འདིར་གནའ་བོའི་མྱོང་རྩིས་ཀྱི་བྱུང་ཚུལ་དང་དབྱེ་བ། ཁྱད་ཆོས་བཅས་ཀྱི་སྐོར་ལ་དཔྱད་གླེང་བྱས་ཡོད།
[བརྡ་ཆད་གཙོ་བོ།] མྱོང་རྩིས། གནམ་དཔྱད་དུས་བརྟག་གི་རྩིས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]P194[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)02-105 -10
           མྱོང་རྩིས་སམ་དུས་བརྟག་གནམ་དཔྱད་ཀྱི་རྩིས་ནི་བོད་ཀྱི་ཡབ་མེས་ཚོས་དུས་ཡུན་རིང་པོའི་འཚོ་བ་དང་ཐོན་སྐྱེད་ཁྲོད་ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་དང། རླུང་དང་སྤྲིན་གྱི་རྒྱུ་ཚུལ།འཇའ་ཚོན་དང་སྨུག་པ། འབྲུག་སྒྲ་གློག་ཞགས། བྱ་བྱེའུ་རི་དྭགས་སོགས་བྱ་དངོས་མང་པོའི་སྣང་ཚུལ་དང་དེ་འབྲེལ་གྱི་ལྟས་དང་རྟགས་སྣ་ཚོགས་ལ་བརྟེན་ནས་དུས་ཀྱི་འགྱུར་བ་དང་།གནམ་གཤིས་ཀྱི་འགྱུར་ལྡོག རང་བྱུང་གི་གནོད་འཚེ་སོགས་ལ་བརྟག་དཔྱད་བྱེད་པའི་རིག་པ་ཞིག་ཡིན། དེས་ཞིང་པའི་ས་ཞིང་འདེབས་བཀོལ་དང་ཞིང་ཆུ་འདྲེན་གཏོང། འབྲུ་རིགས་བསྡུ་ལེན་སོགས་དང། འབྲོག་པའི་བེའུ་ལུ་གུའི་སྐྱེ་བསུ། རུ་བ་སྐྱས་སྤོས་སོགས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་སྒྲུབ་པར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད་པས། དེང་སྐབས་ཀྱང་བོད་རོང་འབྲོག་ས་ཁུལ་དུ་དར་སོ་ཆེ་བ་དང་། བོད་ཀྱི་ལོ་ཐོའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།   
དང་པོ། མྱོང་རྩིས་བྱུང་ཚུལ།
           མདོ་དབུས་མཐོ་སྒང་དུ་བསྐལ་པ་ཡ་ཐོག་ནས་བཟུང་གདོད་མའི་མི་ཚོགས་བྱུང་ཡོད་པ་དང། ཁོ་ཚོས་རི་ལུང་དང་ནགས་ཁྲོད། བྲག་ཕུག་སོགས་སུ་གནས་བཅས་ཤིང། རྩྭ་འབྲས་དང་ཤིང་ཏོག་འཐུ་བ། རི་དྭགས་རྔོན་པ་སོགས་ལ་བརྟེན་ནས་འཚོ་བ་བསྐྱལ་བ་དང། དུས་ཡུན་རིང་པོའི་ཐོན་སྐྱེད་དང་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་རང་བྱུང་ཁམས་ཀྱི་བྱ་དངོས་དང་སྣང་ཚུལ་སྣ་ཚོགས་ལ་ཉམས་ཞིབ་དང་རྟོག་ཞིབ་བྱས་མཐར། ཉི་མའི་འཆར་ནུབ་དང་ཟླ་བའི་འཕེལ་འགྲིབ། ནམ་ཟླའི་འགྱུར་ལྡོག ཆུ་བོའི་རྒྱས་འགྲིབ། རྩི་ཤིང་གི་སྐྱེ་འཕེལ་སོགས་རང་བྱུང་ཁམས་ཀྱི་བྱ་དངོས་མང་པོའི་འགྱུར་ལྡོག་ལ་འཁོར་རྒྱུན་རང་བཞིན་ངེས་ཅན་ཞིག་ལྡན་པ་ཤེས། དཔེར་ན། ཉི་མའི་འཆར་ནུབ་ནི་མི་རྣམས་ཀྱི་འཚོ་བར་ཤུགས་རྐྱེན་ཆེས་ཆེ་བ་དང་མིག་ལམ་དུ་ཆེས་མངོན་པར་གསལ་བ་ཞིག་ཡིན་པས། གདོད་མའི་མི་རྣམས་ཀྱིས་ཉི་མའི་འཆར་ནུབ་ལ་གཞིགས་ནས་རྩི་ཏོག་འཐུ་བ་དང་རི་དྭགས་རྔོན་པ་སོགས་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱས་རྗེས། རིམ་གྱིས་“ཉི་ཤར་དུས་སུ་ལས་ལ་ཞུགས་ཤིང། ཉི་ནུབ་དུས་ལ་ངལ་གསོ་བྱ་བའི་”གོམས་གཤིས་ཆགས་པ་རེད། ཟླ་བ་ལ་མཆོན་ནའང་སྐབས་འགར་དཀར་ཆ་འཕེལ་ཏེ་ཟླུམ་པོར་འགྱུར་བ་དང། སྐབས་འགར་དཀར་ཆ་འགྲིབ་སྟེ་གཞུ་ལྟར་འགྱུར་བ།དེ་ནས་རིམ་གྱིས་མི་མཐོང་པར་འགྱུར་བ་དང་དུས་ངེས་ཅན་ཞིག་གི་ནང་སླར་ཡང་ཉ་གང་ནས་ཡོང་བ་སོགས་ཟླ་བའི་འཕེལ་འགྲིབ་ལ་ཆོས་ཉིད་ཡོད་པ་རྟོགས་པ། རང་བྱུང་ཁམས་ལ་མཆོན་ནའང་སྐབས་འགར་རྩི་ཤིང་རྒྱས་ཤིང་མེ་ཏོག་སྣ་ཚོགས་བཞད་པ་དང། སྐབས་འགར་ཉི་མ་ཚ་ཞིང་ཆར་ཆུ་མོད་པ།སྐབས་འགར་རྩྭ་འབྲས་ཤིང་འབྲས་སྨིན་ཞིང་གནམ་གཤིས་བསིལ་དུ་འགྲོ་བ། སྐབས་འགར་གྲང་ལྷགས་འཚུབ་ཅིང་ཁ་བ་འབབ་པ་སོགས་དྲོད་གྲང་ཚབ་སིལ་གྱི་འགྱུར་བ་ཡོད་པ་ཤེས་རྟོགས་བྱུང་བ། དེ་བཞིན་མཚོ་དང་མཆེའུ་ཡི་རྒྱས་འགྲིབ། རྩྭ་དང་རྩི་ཤིང་གི་སྐྱེ་འཕེལ། བྱ་བྱིའུ་འབའ་འབུ་དང་རི་དྭགས་གཅན་གཟན་གྱི་འགྲོ་སྡོད་སོགས་ལའང་ཆོས་ཉིད་ངེས་ཅན་ལྡན་པ་ཤེས་རྟོགས་བྱུང་བ་མ་ཟད། དེ་དག་གི་ཆོས་ཉིད་དང་བསྟུན་ཏེ་ཟས་གོས་འཚོལ་སྒྲུབ་བྱས་ཚེ་ཡོང་འབབ་ལྷག་ཏུ་བཟང་བ་ཤེས་ནས་ཉི་ཟླའི་འཆར་ནུབ་དང། གཟའ་སྐར་གྱི་གནས་ཡུལ། དུས་ཀྱི་འགྱུར་ལྡོག་སོགས་ལ་བརྟེན་ནས་ལྟོ་རྒྱབ་སྒྲུབ་པ་དང། ཁ་ཕྱོགས་ངོས་འཛིན། གནམ་གཤིས་འགྱུར་ལྡོག་ཚོད་དཔག་དང་ནམ་དུས་ཚོད་འཛིན་སོགས་བྱས་པ་རེད།
           སྤྱི་ཚོགས་འཕེལ་རྒྱས་དང་མི་རྣམས་ཀྱི་བློ་རིག་ཡར་རྒྱས་སུ་སོང་བ་དང་བསྟུན་ནས་ཞིང་ཕྱུགས་ལས་སོགས་ལས་རིགས་སྣ་ཚོགས་དར་བ་དང། ཞིང་འབྲོག་ཐོན་སྐྱེད་ཀྱི་དགོས་མཁོའི་དབང་གིས་མི་རྣམས་ཀྱིས་རང་འགུལ་དང་དམིགས་ཡུལ་འདོན་ཐུབ་པའི་སྒོ་ནས་གཟའ་སྐར་གྱི་འཆར་ནུབ། རླུང་སྤྲིན་གྱི་རྒྱུ་ཚུལ། གངས་ཆར་གྱི་འབབ་དུས། སྲོག་ཆགས་ཀྱི་འགྲོ་སྡོད་སོགས་དང་དེ་འབྲེལ་གྱི་སྔོན་རྟགས་སྣ་ཚོགས་ལ་དེ་བས་བརྟག་དཔྱད་ཞིབ་པ་བྱས་ཤིང་། མྱོང་བ་དངོས་ནང་ར་སྤྲོད་ཐུབ་པའི་དུས་བརྟག་གནམ་དཔྱད་ཀྱི་ཤེས་བྱ་ཇི་སྙེད་ཅིག་ཕྱོགས་བསྡོམས་ཀྱིས་ཉི་ཟླ་གཟའ་སྐར་ལ་བརྟག་པའི་རྩིས་དང་། རླུང་དང་སྤྲིན་ལ་བརྟག་པའི་རྩིས། བྱ་དང་ཤིང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པའི་རྩིས་སོགས་དུས་བརྟག་གནམ་དཔྱད་ཀྱི་རྩིས་རིག་ཕུན་སུམ་ཚོགས་པ་ཞིག་བྱུང་བ་དང་། དེ་དག་ཞིང་འབྲོག་མང་ཚོགས་ཀྱི་ངག་ཐོག་ལ་བརྟེན་ནས་མི་རབས་ནས་མི་རབས་བར་བརྒྱུད་ཡོད།   
གཉིས་པ། མྱོང་རྩིས་ཀྱི་དབྱེ་བ།
           མྱོང་རྩིས་ཀྱི་བརྟག་བྱ་ནི་ཁ་ཆར་དང་ཐན་ཞོད་སད་སེར་ཡོད་མེད། གྲང་ལྷགས་རླུང་འཚུབ་དང་ས་གཡོ་ཤྭ་འོད་འབྱུང་མིན་སོགས་གནམ་སའི་འགྱུར་ལྡོག་ལ་སྔོན་དཔག་བྱ་རྒྱུ་དེ་ཡིན་ལ། བརྟག་བྱེད་ལ་ཉི་ཟླ་སྐར་གསུམ་དང་རླུང་། སྤྲིན། སྨུག་པ། འཇའ། འབྲུག་སྒྲ་དང་གློག་འོད། སྐྱེ་དངོས་དང་སྲོག་ཆགས་ཀྱི་རིགས་སོགས་མང་པོ་ཞིག་ཡོད་པས། མྱོང་རྩིས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད། དེས་ན་དེའི་རིགས་དགར་ཚུལ་ཐད་རྣམ་པ་དང་གནམ་གཤིས་སྔོན་བརྡའི་ཡུན་ཚད།བརྟག་བྱ། བརྟག་བྱེད་བཅས་ཕྱོགས་མི་འདྲ་བའི་སྒོ་ནས་དབྱེ་ཆོག་པར་འདོད། འདིར་སྔ་མ་གསུམ་མདོར་བསྡུས་ཙམ་དང་ཕྱི་མ་ཅུང་རྒྱས་པར་བཤད་ན་འདི་ལྟར།   
གཅིག རྣམ་པའི་ཐད་ནས་དབྱེ་བ།   
           མྱོང་རྩིས་ལ་རྣམ་པའི་ཐད་ནས་དབྱེ་ན། ཚིགས་སུ་བཅད་པ་གཏམ་དཔེའི་རིགས་དང་ལྷུག་པར་བརྗོད་པ་གཏམ་དཔེ་མ་ཡིན་པའི་རིགས་གཉིས་ཡོད། གཏམ་དཔེའི་རིགས་ལའང་ཚིག་རྐང་གཅིག་ཅན་དང་གཉིས་ཅན། གསུམ་ཅན་སོགས་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། ཚིག་འབྲུ་ལའང་མང་ཉུང་སྣ་ཚོགས་ཡོད་པ། དེ་ལས་“དགོང་དམར་མེ། ཞོགས་དམར་ཆུ་”ལྟ་བུ་ཚིག་འབྲུ་གསུམ་ཅན་ནས་“བྱང་སྤྲིན་ལྷོ་ལ་སོང་ན་ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར། ལྷོ་སྤྲིན་བྱང་ལ་སོང་ན་བྱང་གི་རྒྱ་མཚོ་ཆེན་པོ་དགུང་དུ་འཕྱུར་”ཞེས་པ་ལྟ་བུ་ཚིག་འབྲུ་བཅོ་ལྔ་ཅན་གྱི་བར་དེ་རྒྱུགས་ཆེ། གཏམ་དཔེ་གཅིག་གི་ཚིག་རྐང་དོ་མཉམ་མིན་དང་ཚེག་ཁྱིམ་མང་ཉུང་ཡོད་མེད་གཉིས་ཀ་འབྱུང་ཡང། མང་ཆེ་བ་ནི་ཚིག་རྐང་དོ་མཉམ་ཞིང་ཚིག་འབྲུར་མང་ཉུང་མེད།   
གཉིས། གནམ་གཤིས་སྔོན་བརྡའི་ཡུན་ཚད་ཀྱི་ཐད་ནས་དབྱེ་བ།
           གནམ་གཤིས་སྔོན་བརྡའི་ཡུན་ཚད་ཀྱི་ཐད་ནས་རིགས་གསུམ་དུ་དབྱེ་ཆོག་སྟེ།
           ༡ དུས་ཐུང་སྔོན་བརྡ། ཉིན་གསུམ་གྱི་ནང་དུ་གནམ་གཤིས་ལ་འགྱུར་ལྡོག་ག་འདྲ་འབྱུང་མིན་སྟོན་པ་དཔེར་ན།“ལྷོ་རླུང་དྲག་པོ་བརྒྱབ་ན། བྱང་ལྷགས་མྱུར་དུ་ཡོང་བར་ངེས་”ཞེས་དང་། “སྔ་དྲོ་འཇའ་ཤར་ན་ཆར་པ་འབབ་རྒྱུ་དང་། ཕྱི་དྲོ་འཇའ་ཤར་ན་གནམ་དྭངས་རྒྱུ་” ཞེས་དང།“བཞུད་ཁའི་ཉི་འོད་རྐང་པ་བརྐྱང། ཉིན་གསུམ་མ་འགོར་ཆར་པ་འབབ་”“སྦལ་བས་ཆུ་ཁར་སྐད་བརྒྱབ་ན། ཡུན་རིང་མ་སོང་གནམ་གཤིས་འགྱུར་”ཞེས་པ་ལྟ་བུ་ཡིན།   
           ༢ དུས་འབྲིང་སྔོན་བརྡ། ཉིན་གསུམ་ནས་བཅུ་བར་གྱི་གནམ་གཤིས་འགྱུར་ལྡོག་སྟོན་པ་དཔེར་ན། “ལྷོ་སྤྲིན་བྱང་ལ་རྒྱུ་ན་བྱང་ལྷ་གཡག་ཞོལ་པོའི་རྭ་ཅོ་སྦང། བྱང་སྤྲིན་ལྷོ་ལ་རྒྱུ་ན་ལྷོ་ཙན་དན་སྡོང་པོ་མེ་ལ་འབར་”ཞེས་དང་། “ཆར་རྗེས་གྲང་ངར་ཆེ་ན། ཆར་པའི་འབབ་རྒྱུན་མི་ཆད། ཁ་རྗེས་གནམ་གཤིས་དྲོ་ན། ཁ་བའི་འབབ་རྒྱུན་མི་ཆད་”ཅེས་དང། “གང་དུ་སྲོག་ཆགས་གནས་འཆའ་ཞིང། དེར་ནི་མི་གནས་རིང་དུ་བྲོས། ཞག་བདུན་ནང་དུ་ཆར་ཆེན་འབབ་”ཅེས་པ་ལྟ་བུ་ཧ་ཅང་མང་།   
           ༣ ཡུན་རིང་གི་སྔོན་བརྡ། ཉིན་བཅུའི་ཡན་ཆད་ཀྱི་གནམ་གཤིས་སམ་ནམ་ཟླའི་འགྱུར་ལྡོག་སྟོན་པ་དཔེར་ན།“དབྱར་སྟོད་འཇམ། དབྱར་སྨད་འཚུབ། དབྱར་སྟོད་འཚུབ།དབྱར་སྨད་འཇམ་་'ཞེས་དང། “དཔྱིད་ཀ་གྲང་ན་དབྱར་སྨད་ཞོད་ཆེ དགུན་དར་ཆེ་ན་དབྱར་ཆར་ཆུ་མང་”ཞེས་དང་།“དགུན་སྟོད་དྲོ་ན་དཔྱིད་གྲང་ཡོད་”ཅེས་པ་ལྟ་བུའོ།   
གསུམ། བརྟག་བྱའི་ཐད་ནས་དབྱེ་བ།
           མྱོང་རྩིས་ལ་བརྟག་བྱའི་ཐད་ནས་དབྱེ་ན་ཁ་བ་བརྟག་པའི་རྩིས་དང་ཆར་པ་བརྟག་པའི་རྩིས། སེར་བ་བརྟག་པའི་རྩིས། ས་གཡོ་བརྟག་པའི་རྩིས་སོགས་རིགས་མང་པོ་ཡོད།བརྟག་ཐབས་ཀྱང་སྣ་ཚོགས་ཡོད་དེ། དཔེར་ན། སྤྲིན་དང་རླུང། འཇའ་གུར། སྲོག་ཆགས་སོགས་ལ་བརྟེན་ནས་ཁ་ཆར་འབབ་མིན་དང་ཆེ་ཆུང། རྒྱུན་རིང་ཐུང་སོགས་བརྟག་པ། ས་འགུལ་ཡོད་མེད་བརྟག་པར་ཡང་ནམ་མཁའི་གསལ་ཚད་དང་ཁ་མདོག རླུང་ཤུགས་ཀྱི་ཆེ་ཆུང། སྤྲིན་གྱི་རྒྱུགས་ཤུགས། སྲོག་ཆགས་ཀྱི་འགྲོ་འདུག་སོགས་ལ་བརྟག་པ་ལྟ་བུ་སྟེ། རང་བྱུང་ཁམས་ཀྱི་བྱ་དངོས་དུ་མ་དང་དེ་འབྲེལ་གྱི་སྔོན་ལྟས་ལས་ཁ་ཆར་སོགས་བརྟག་པའི་རྩིས་ཐབས་མང་ངོ་།   
བཞི། བརྟག་བྱེད་ཐད་ནས་དབྱེ་བ།
           སྤྱིར་གནམ་དཔྱད་དུས་བརྟག་གི་རྩིས་སམ་མྱོང་རྩིས་ནི་ཞིང་འབྲོག་རོང་ཁུལ་མང་ཚོགས་ཀྱིས་ཡུན་རིང་གི་འཚོ་བ་དང་ཐོན་སྐྱེད་ལག་ལེན་ཁྲོད་བསགས་པའི་ཉམས་མྱོང་ལས་བྱུང་བ་ཞིག་ཡིན་པས། འཚོ་སྡོད་བྱེད་སའི་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྟངས་སོགས་མི་འདྲ་བའི་དབང་གིས་མྱོང་རྩིས་ཀྱི་བརྟག་བྱེད་ལའང་ས་ཁུལ་རང་བཞིན་ངེས་ཅན་ལྡན་ཞིང། འདིར་ཐུན་མོང་གི་བརྟག་བྱེད་འགའ་གཞིར་བཟུང་ནས་མྱོང་རྩིས་ཀྱི་རིགས་དབྱེ་ན་གཤམ་གསལ་ལྟར།
༡ སྤྲིན་ལ་བརྟག་པའི་རྩིས།
           སྤྲིན་ནི་སའི་གོ་ལའི་སྟེང་གི་མཚོ་ཆུ་དང་གཙང་པོ། སྐྱེ་དངོས་ཀྱི་ཆུ་སོགས་རླན་གཤེར་ཅན་རྣམས་རླངས་པར་གྱུར་ཏེ་མཁའ་དབྱིངས་སུ་འཕྱུར་ནས་གྲུབ་ཅིང། ཁ་ཆར་སད་སེར་དང་འབྲུག་སྒྲ་གློག་འོད་སོགས་ཀྱི་འབྱུང་ཁུངས་ཡིན། ཚན་རིག་དཔེ་དེབ་ཁག་ཏུ་སྤྲིན་ནི་ཁ་ཆར་སེར་གསུམ་གྱི་ལས་སྣོན་བཟོ་གྲྭ་དང་གནམ་གཤིས་ཀྱི་མཚོན་བྱེད་ལྟ་བུར་བརྗོད་ཡོད་པ་དང། “སྤྲིན་གྱི་དབྱིབས་སམ་རྣམ་པར་འགྱུར་ལྡོག་ཆེ་བ་དང་། དེའི་དབྱིབས་འགྱུར་བ་དང་ཆབས་ཅིག་གནམ་གཤིས་ཀྱང་འགྱུར་འགྲོ་བས། སྤྲིན་གྱིས་རླུང་ཁམས་ཆེན་པོའི་འགུལ་སྐྱོད་དང་བརྟན་བརླིང་རང་བཞིན། རླངས་པའི་གནས་ཚུལ་སོགས་མཚོན་ཐུབ་པ་མ་ཟད། མ་འོངས་གནམ་གཤིས་སྔོན་བརྡ་གཏོང་ཐུབ་པའི་ནུས་པའང་ལྡན་”①པར་བཤད་ཡོད།
           དེང་སྐབས་སྤྲིན་གྱི་འབྱུང་རྐྱེན་དང་རྣམ་པ། མཐོ་དམའ་བཅས་ཀྱི་སྒོ་ནས་རིགས་མི་འདྲ་བ་བཅུ་གཅིག་②ཏུ་དབྱེ་ཞིང་། འདིར་སྤྲིན་དབྱིབས་མི་འདྲ་བ་ལས་བྱུང་བའི་གནམ་གཤིས་ཀྱི་གནས་ཚུལ་ཕྱོགས་བསྡོམས་ཙམ་བྱས་ན་གཤམ་གསལ་ལྟར།   

           རང་རེའི་མེས་པོ་རྣམས་ཀྱིས་ཀྱང་སྤྲིན་གྱི་གྲུབ་ཚུལ་དང་ཆར་གྱི་འབྱུང་ཁུངས་སོགས་གཏམ་དཔེའི་སྒོ་ནས་ཕྱོགས་བསྡོམས་བྱས་ཡོད་པ་འདི་ལྟར།“གནམ་ས་གཉིས་ལ་གཟུ་བརྒྱབ་ན། །ས་དོག་མོའི་རླངས་པ་གནམ་ལ་འགྲོ །དགུང་ཨ་སྔོན་དཀྱིལ་ནས་ལྷོ་སྤྲིན་ཆགས། །ལྷོ་སྤྲིན་ཀློང་ནས་ཆར་རྒྱུན་འབབ། །རྩྭ་རྩི་ཤིང་ས་གཞིའི་རྒྱན་དུ་འཁྲུངས། །དེ་གནམ་ས་གཉིས་ཀྱི་ཆགས་གཟུ་ཡིན། །”ཞེས་པ་ལྟ་བུ་དང། སྤྲིན་ལ་གནམ་གྱི་ཆུ་འཛིན་དང་ཆུ་ཁུར། གློག་ལྡན། སྒྲ་ལྡན། རླུང་གི་ཤིང་རྟ་སོགས་མིང་གི་རྣམ་གྲངས་དུ་མ་ཡོད་པ་ལས་སྤྲིན་གྱི་ངོ་བོ་སོགས་སྔར་ནས་གསལ་རྟོགས་བྱུང་ཡོད་པ་ཤེས་ཐུབ། ད་དུང་སྤྲིན་གྱི་དབྱིབས་དང་རྒྱུ་ཕྱོགས། ཁ་མདོག མཐོ་དམའ་སོགས་ལ་བརྟེན་ནས་གནམ་གྱི་དྭངས་འཐིབ་དང་། ཁ་ཆར་སད་སེར་ཡོད་མེད་སོགས་བརྟག་པའི་མྱོང་རྩིས་མཐའ་ཡས་པ་གསར་སྐྲུན་བྱས་ཡོད་དེ། དཔེར་ན། “ཁྱི་དཀར་གནམ་མཆོང་ངམ།སོག་ཐལ་གནམ་དུ་གཏོར་འདྲ་བ།  གཡག་རྔ་གནམ་ལ་གཟེངས་འདྲ་བ། འཕྱར་ནག་གནམ་དུ་གཏིང་འདྲ་དང་།ཕྱོགས་ཀུན་ལེགས་པར་བཀྲམས་འདྲ་དང་། ཁམ་དག་མཐའ་བཞི་ནོན་པའམ། དམར་ནག་ས་བདག་གཟུགས་འདྲ་སོགས།སེར་བ་འབབ་པའི་སྤྲིན་དུ་ངེས་”ཞེས་དང། “ནམ་ལངས་ཤར་ཕྱོགས་སྤྲིན་དམར་པོ། ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུགས། ལྷ་ཡི་ཆར་པ་མྱུར་དུ་འབབ་”ཅེས་དང། “སྤྲིན་པ་ཁ་སེར་གཏིང་ནག སད་དང་སེར་བའི་གཞི་མ་”ཞེས་དང།“ནམ་ལངས་ཤར་ཕྱོགས་ནམ་མཁའ་ལ། ཕྱིང་དཀར་བཏིང་འདྲའི་སྤྲིན་དཀར་གསུམ།  ཇི་ལྟར་བྱུང་ཡང་མྱུར་དུ་ནི། མཚོ་སྨན་འཁྲུགས་པའི་སེར་བ་འབབ་”ཅེས་པ་ལྟ་བུ་མང་ངོ།   
           ༢ རླུང་ལ་བརྟག་པའི་མྱོང་རྩིས།   
           རླུང་ནི་དབུགས་ཁམས་ཆེན་པོའི་དྲོད་གྲང་སྙོམས་འགྱུར་ལ་བརྟེན་ནས་བྱུང་ཞིང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་འབྲེལ་བ་དམ་པོ་ཡོད་སྟབས། ད་ལྟ་རྒྱལ་སྤྱིའི་གནམ་གཤིས་བརྟག་དཔྱད་ལྷན་ཚོགས་( WMO)ཀྱིས་ཀྱང་གཙོ་བོ་རླུང་གི་ཁ་ཕྱོགས་དང་རླུང་གི་མྱུར་ཚད། དྲོད་གྲང་དང་རླན་གཤེར་འདུས་ཚད་སོགས་ཀྱི་རྒྱུ་གྲངས་འཆོལ་བསྡུ་དང་སྡོམ་རྩིས་ལས་མ་འོངས་གནམ་གཤིས་ལ་ཚོད་དཔག་བྱེད་ཀྱིན་ཡོད། དཔེར་ན། དྲག་རླུང་གི་རིགས་ནི་ཆུ་རླངས་དང་འཁྱག་ཤེལ་ཆུང་ངུ་སྦྲུམ་པའི་དབུགས་སྤྲིན་གྱི་གཡོ་འགུལ་ལས་བྱུང་བ་ཡིན་པས།ཁ་ཆར་སེར་གསུམ་གྱི་རྒྱུ་རུ་འདོད་པ་དང། ལྷོ་རླུང་དྲག་པོ་འཚུབ་ན་བྱང་རླུང་མི་འཚུབ་རང་འཚུབ་ཅེས་ལྷོ་ཕྱོགས་ནས་རླུང་ཆེན་པོ་ལྡང་ན་དེ་ནི་དབུགས་སྤྲིན་ཁྲོད་ཆུ་རླངས་འདུས་ཚད་ཆེས་མང་བར་འདོད་པ་ལྟ་བུ་ཡིན། བོད་ཀྱི་གནམ་དཔྱད་དུས་བརྟག་གི་རྩིས་སུ།  “ལྷོ་རླུང་དྲག་པོ་བརྒྱབ་པ་ན། བྱང་ལྷགས་མྱུར་དུ་ཡོང་བར་ངེས་”ཞེས་དང་། “ལྷོ་རླུང་ནག་པོ་ཆུ་ཁྲིད་དེ། གནམ་དེ་རིང་མི་འབབ་སང་ཉིན་འབབ། འབབ་ཞོད་ཆེ་བ་གནང་ཉིན་ཡིན་” ཞེས་དང། ཡང་“ནུབ་ལྷགས་བརྒྱབ་ན་ཆར་པ་མེད། བྱང་ལྷགས་བརྒྱབ་ན་ཐན་པ་འབྱུང་”ཞེས་པ། “རླུང་དམར་འཚུབ་པའི་རྗེས་ན་ཁ་ཆར་གྱི་ར་མདའ་ཡོད་”ཅེས་པ་སོགས་ཀྱི་བརྗོད་སྲོལ་ཡོད། དེ་ནི་རླུང་གི་འཕེལ་ཕྱོགས་ལ་བརྟེན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་བརྟག་པའོ།    
           ༣  སྨུག་པ་ལ་བརྟག་པ།   
           སྨུག་པ་ནི་ང་ཚོས་རྒྱུན་པར་མཐོང་བའི་གནམ་གཤིས་ཀྱི་སྣང་ཚུལ་ཞིག་སྟེ། རྒྱང་ནས་བལྟ་དུས་སྤྲིན་དཀར་དང་འདྲ་ལ།ཉེ་ས་ནས་བལྟས་ཚེ་རླངས་པ་འཕྱུར་བ་དང་མཚུངས། དེ་ནི་ས་ངོས་དང་ཉེ་བའི་མཁའ་རླུང་ཁྲོད་ཀྱི་ཆུ་ཐིགས་ཆུང་ངུའམ་འཁྱག་ཟིལ་འདུས་འཛོམས་བྱས་པས་གྲུབ་ཅིང། ངོ་བོའི་ཐད་ནས་སྤྲིན་དང་ཁྱད་པར་གང་ཡང་མེད་པས།  སྤྲིན་ནི་ནམ་མཁར་རྒྱུ་བའི་སྨུག་པ་དང། སྨུག་པ་ནི་ས་ལ་རྒྱུ་བའི་སྤྲིན་པ་ཡིན་པར་བརྗོད་ཡོད། དེར་བརྟེན། སྨུག་པ་ལའང་སྤྲིན་དང་འདྲ་བར་གནམ་གཤིས་ཀྱི་འགྱུར་ལྡོག་ལུང་དུ་སྟོན་པའི་ནུས་པ་ལྡན་ཏེ། བོད་ཀྱི་དམངས་ཁྲོད་དུ།   “སྨུག་པ་མཐུག་པོ་འཁྲིགས་ན་ཉིན་ཤས་ཆར་འབབ་པ་དང་སྨུག་པ་ཐུར་དུ་རྒྱུགས་ན་འཕྲལ་དུ་ཆར་པ་འབབ་”ཅེས་པའི་བཤད་སྲོལ་ཡོད། ལྷག་པར་དུ་“རི་སྐེད་ན་བུན་དཀར་པོ་འདུས། སྐེ་རགས་རིམ་པ་གཉིས་སམ་གསུམ། བཅིངས་ན་དེ་ཚེ་ཆར་ཆེན་འབབ་”ཅེས་སྨུག་པ་དམའ་སར་བབ་ཅིང་འཐོར་མ་ཐུབ་པར་འདུག་པ་ནི། དེའི་སྟེང་ན་ཆར་སྤྲིན་མཐུག་པོ་ཡོད་པ་དང་། ཆར་སྤྲིན་ཞབས་ངོས་ནས་མར་བབ་པའི་ཆར་པ་དེ། སྤྲིན་རིམ་འོག་མ་དག་ལས་རླངས་པར་འགྱུར་བ་དང། དེ་ནས་ས་ངོས་དང་ཉེ་ས་ནས་སླར་ཡང་གོང་བུར་གྱུར།
དེ་ལྟར་ཆར་སྤྲིན་ཇེ་མཐུག་ཏུ་སོང་བ་དང་བསྟུན་ནས། སྤྲིན་ཞབས་ཀྱི་རླངས་པའང་ཇེ་མང་ཇེ་གྲང་དུ་འགྱུར་པས། ཆར་ཐིགས་སྤྲིན་ཞབས་ནས་རླངས་པར་འགྱུར་མ་ཐུབ་པར།  ཐད་ཀར་མར་ལྷུངས་ནས་ཆར་པ་འབབ་པའི་སྣང་ཚུལ་བྱུང་བར་འདོད་པ་དང་། དེ་བཞིན་“སྨུག་པ་ཐུར་དུ་རྒྱུགས་པ་དེ། རྒན་པོའི་ཁ་ཆུ་གཏོར་བ་འདྲ་”སྔ་དྲོ་སྨུག་པ་བྱུང་མ་ཐག སྡུད་པར་གྱུར་ན་གནམ་ངོ་དྭངས། སྔ་དྲོ་སྨུག་པ་རྒྱུན་རིང་འཐིབས། ཆར་པ་སིལ་བུ་འབབ་པར་འགྱུར།  ཉིན་གསུམ་སྨུག་པ་སྟུག་པོར་འཐིབས། ངེས་པར་རླུང་ཆེན་ལྡང་བར་འགྱུར་”ཞེས་པ། “ཚ་སྨུག་རི་བོའི་གསེབ་ཏུ་རྒྱུ།  ཆར་སྨུག་རི་བོའི་རྩེ་རུ་འཐིབ་”ཅེས་པ་སོགས་སྨུག་པ་ལ་བརྟག་པའི་ཉམས་མྱོང་མང་པོ་ཕྱོགས་བསྡོམས་བྱས་ཡོད།   
           ༤ འཇའ་ཚོན་ལ་བརྟག་པ།   
           འཇའ་ནི་སྤྲིན་ནང་གི་ཆུ་ཐིགས་སམ་རླངས་པའི་སྟེང་ཉི་འོད་འཕྲོས་ནས་ཤར་བའི་ཁ་མདོག་བདུན་ལྡན་གྱི་ཟླ་གམ་གཟུགས་ཀྱི་མདངས་དེ་ལ་ཟེར་ཏེ། སྤྱིར་བཏང་དུ་ཆར་རྗེས་དང་ལྷག་པར་དུ་འབྲུག་ཆར་བབ་ནས་སླར་ཉི་མ་འཆར་ཚེ་འཇའ་ཚོན་ཤར་བ་ཡིན། ནམ་རྒྱུན་ང་ཚོས་ཉི་འོད་ལ་བལྟས་ཚེ་ཁ་མདོག་དཀར་པོར་སྣང་ཡང། དོན་དངོས་སུ་དེ་ནི་དམར།  སེར།  སྔོ །ལྗང་། ལི། རྒྱ་བོ། མཐིང་སོགས་ཚོན་མདོག་མི་འདྲ་བའི་འོད་བདུན་འདུས་སྦྱོར་ལས་གྲུབ་པ་ཡིན། ཆར་རྗེས་སུ་མཁའ་རླུང་ནང་དུ་ཆུ་ཟིལ་ཆུང་ངུ་གྲངས་མེད་ཡོད་པས། ཉི་འོད་དེའི་སྟེང་དུ་འཕྲོས་པས་ན་འོད་ཀྱི་འཁྱོག་འཕྲོ་དང་ལྡོག་འཕྲོ་ལས་གཞུ་དབྱིབས་ཅན་གྱི་འཇའ་ཚོན་གྲུབ་ཅིང་། འཇའི་ཁ་མདོག་གི་གསལ་ཚད་ནི་མཁའ་རླུང་ཁྲོད་ཀྱི་ཆུ་ཟིལ་ཆེ་ཆུང་ལ་རག་ལས་ཡོད་དེ། ཆུ་ཐིགས་ཆེ་ན་འཇའི་ཁ་མདོག་གསལ་ཞིང་།ཞེང་ཚད་ཆུང་བ་དང་། ཆུ་ཐིགས་ཆུང་ཚེ་འཇའི་ཁ་མདོག་མི་གསལ་བ་ཡོད། ཆུ་ཐིགས་ཇེ་ཆུང་དུ་སོང་བ་དང་བསྟུན་ནས་མཐར་འཇའ་ཡང་ཡལ་འགྲོ་བ་ཡིན། དེ་ཡང་མཇའ་ཚོན་ནི་ཉི་མའི་ཕར་ཕྱོགས་སུ་ཤར་བ་ཡིན་ལ། གལ་ཏེ་ཤར་ལྷོ་ཕྱོགས་སུ་འཇའ་ཤར་ཚེ་ཕྱོགས་དེའི་རླུང་ཁམས་ཆེན་པོའི་ནང་དུ་ཆུ་ཟིལ་མང་པོ་ཡོད་པ་མཚོན་ཞིང་། ཤར་ལྷོར་འཇའ་ཤར་ན་གནམ་ངོ་མི་འགྱངས་པར་དྭངས་པ་དང། གལ་ཏེ་ནུབ་བྱང་དུ་འཇའ་ཤར་ན་དེའི་ཕྱོགས་ཀྱི་ཆུ་ཟིལ་རྣམས་གོ་ལའི་འཁོར་ཕྱོགས་དང་རླུང་ཆེན་པོའི་རྒྱུ་ཕྱོགས་ལྟར།  ཤར་ཕྱོགས་སུ་སླེབས་འོང་བས་ཡུལ་དེར་ཆར་པ་འབབ་ངེས། གོང་ཞུས་དེ་དག་ལས་འཇའ་དང་གནམ་གཤིས་ཀྱི་འབྲེལ་བ་རྟོགས་ཐུབ། བོད་དུ་འཇའ་ཚོན་གྱི་རིས་གསལ་ཚད་དང་ཁ་ཞེང་ཆེ་ཆུང། འཆར་ཕྱོགས་དང་འཆར་དུས་སོགས་ལ་བརྟེན་ནས་གནམ་ངོའི་འགྱུར་བ་བརྟག་པའི་མྱོང་རྩིས་མང་པོ་ཡོད་དེ། དཔེར་ན། “ཤར་ལྷོའི་འཇའ་དེ་ཉི་མའི་འཇའ།  ནུབ་བྱང་འཇའ་དེ་ཆར་པའི་འཇའ་”ཞེས་དང། “འཇའ་ཤར་ལ་ཟུག་ན་ཉི་མ་འཆར།  ནུབ་ལ་ཟུག་ན་ཆར་པ་འབབ་”ཅེས་དང། “སྔ་དྲོ་འཇའ་ཤར་ན་ཆར་པ་འབབ་རྒྱུ་དང། ཕྱི་དྲོ་འཇའ་ཤར་ན་གནམ་དྭངས་རྒྱུ་”ཞེས་པ། “ཆར་པ་འབབ་བཞིན་འཇའ་ཤར་ན། ནམ་མཁའ་སྒྲིབ་མེད་གསལ་བར་འགྱུར་”ཅེས་པ་ལྟ་བུའི་ཉམས་མྱོང་གི་ཚིག་མང་པོ་ཡོད།   
           ༥ ཉི་ཟླ་གཟའ་སྐར་ལ་བརྟག་པའི་རྩིས། 
           ཉི་ཟླ་གཉིས་ནི་མི་རྣམས་ཀྱི་མིག་ལམ་དུ་ཆེས་མངོན་པར་གསལ་བ་དང། འཚོ་བ་དང་ཐོན་སྐྱེད་ལ་འབྲེལ་ཆེ་བ། གནམ་གཤིས་དྲོད་གྲང་གི་འགྱུར་ལྡོག་དང་ཐད་ཀར་འབྲེལ་བ་ཡོད་པས། བོད་ཀྱི་ཡབ་མེས་ཚོས་ཉི་ཟླ་གཟའ་སྐར་གྱི་འཆར་ནུབ་ལ་བརྟེན་ནས་ནམ་དུས་ཚོད་འཛིན་དང་ཁ་ཕྱོགས་ངོས་འཛིན།གནམ་གྱི་དྭངས་འཐིབ་དང་ཁ་ཆར་ཡོད་མེད། རླུང་འབྱུང་མིན་སོགས་གནམ་སའི་འགྱུར་ལྡོག་ལ་ཡུན་རིང་བརྟག་ཞིབ་བྱས་མཐར།  ཉི་ཟླ་གཟའ་སྐར་དང་འབྲེལ་བའི་མྱོང་རྩིས་ཕུན་སུམ་ཚོགས་པོ་ཕྱོགས་བསྡོམས་བྱས་ཡོད་པ་དཔེར་ན། “སྔ་དྲོ་ཉི་དཀྱིལ་རྣ་ལུང་བྱུང་། དྲག་རླུང་ལྡང་བར་འགྱུར་བ་ཡིན་” ཞེས་དང། “ཉི་མ་སྤྲིན་ནག་དང་འབྲེལ་ན། མྱུར་དུ་ཆར་པ་འཐིག་པར་འགྱུར་”ཅེས་པ། “སྲོད་ལ་རྨེ་བདུན་རྐང་པ་ལ།སྤྲིན་པ་སེར་པོས་བཀབ་གྱུར་ན། ཉིན་དང་མཚན་དུ་ཆར་མི་འབབ། སྔོ་དམར་བཀབ་ན་ཆར་པ་ཆེ།  རྨེ་བདུན་སྒྲེན་མོར་འདུག་པ་ན། ཐན་པ་ཆེན་པོ་འབྱུང་བ་ཡིན་” ཞེས་དང་།“དགུང་ཁའི་ཉི་མས་ཕྱིར་མིག་འཕེན། མཚན་གུང་ཆར་ཆུ་འབབ་པའི་རྟགས་”ཞེས་པ་ལྟ་བུའོ།   
           ༦ འབྲུག་སྒྲ་དང་གློག་འཁྱུག་ལ་བརྟག་པའི་རྩིས།   
           དབྱར་དུས་ཚ་བ་ཆེ་བའི་སྐབས་སུ་སྤྲིན་ནག་ལང་ལོང་འཕྱུར་བཞིན་གློག་དམར་འཁྱུག་པ་དང་འབྲུག་སྒྲ་ལྡིར་ལྡིར་སྒྲོག་པ་ནི་གནམ་གཤིས་ཀྱི་སྣང་ཚུལ་ཞིག་སྟེ། དེ་ནི་ཆར་སྤྲིན་སྟུག་པོའི་ཁྲོད་ཀྱི་དྲོད་གྲང་དང་མཐོ་དམའ་མི་འདྲ་བའི་སྤྲིན་ཕུང་དག་ཕན་ཚུན་ཕྲད་པ་དང་གཙུབ་བརྡར་ལས་ཕོ་གློག་མོ་གློག་བྱུང་བ་དང་། དེས་སྤྲིན་ཕུང་གི་སྟེང་འོག་གཉིས་སུ་གློག་གསོག་ར་བ་ལྟ་བུ་ཞིག་བྱུང་དུ་བཅུག་པ་དང་། དེ་ཇེ་ཆེར་སོང་བ་དང་བསྟུན་ནས་གློག་ཕྱིར་ཐོན་ཞིང་སྒྲ་གྲགས་པ་དེའོ། ནམ་རྒྱུན་གློག་འཁྱུག་པའམ་འབྲུག་སྒྲ་སྒྲོག་པའི་དུས་སུ་རླུང་ལྡང་ཞིང་དྲག་ཆར་འབབ་པའམ་སྐབས་འགར་སེར་བ་དང་རླུང་འཚུབ་དྲག་པོ་འབྱུང་ངེས། བོད་དུ་འབྲུག་སྒྲ་དང་གློག་འཁྱུག་ཀྱང་མྱོང་རྩིས་ཀྱི་བརྟག་བྱེད་དུ་གྱུར་ཡོད་དེ། དཔེར་ན། “འབྲུག་ངར་སྐད་ཆེ་བ་དྭངས་རྟགས་ཡིན། འབྲུག་གཏིང་ནས་གྲགས་ན་ཆར་རྒྱུན་རིང་”ཞེས་དང་། “དཔྱིད་ཀྱི་འབྲུག་སྒྲ་སྔ་བ་ན།དབྱར་ཁ་སེར་བའི་ཉེན་ཁ་ལྡང་”ཞེས་དང། “ལྷོ་ནས་གློག་འཁྱུག་ཆར་མི་འབབ། བྱང་ནས་གློག་འཁྱུག་གནམ་མི་དྭངས་”ཞེས་དང། “འབྲུག་དུས་གློག་འོད་དྲག་པོ་འཁྱུག ངེས་པར་རླུང་ཆེན་ལྡང་པར་འགྱུར་”ཞེས་པ་ལྟ་བུ་ནི་འབྲུག་སྒྲ་གློག་འཁྱུག་ལ་བརྟེན་ནས་ཆར་དང་སེར་བ་འབབ་མིན་དང་རླུང་གི་ཆེ་ཆུང་སོགས་ལ་བརྟག་པའོ།   
           ༧ སྲོག་ཆགས་ལ་བརྟག་པའི་རྩིས།   
           རང་བྱུང་ཁམས་སུ་འཚོ་གནས་བྱེད་པའི་རི་དྭགས་དང་གཅན་གཟན། བྱ་བྱེའུ་འབའ་འབུ་སོགས་སྲོག་ཆགས་ཀྱི་རིགས་ལ་མཚོན་ནའང་དུས་ཀྱི་འགྱུར་བར་བསྟུན་ནས་གནས་ཡུལ་སྤོ་བ་དང་བཟའ་ཆས་འཚོལ་བ་དང་། སྐད་སྒྲོག་པ་སོགས་སྲོག་ཆགས་ཀྱི་འགྲོ་སྡོད་དང་གོམས་གཤིས་ལ་ཆོས་ཉིད་ངེས་ཅན་ཞིག་ཡོད་པ་དང། སྤྱིར་སྲོག་ཆགས་ཀྱི་རིགས་ལ་རང་བྱུང་གི་འགྱུར་ལྡོག་སྣ་ཚོགས་ཚོར་ཐུབ་པའི་ཚོར་ཤེས་ཁྱད་པར་བ་ཡོད་པར་གྲགས་པས། བོད་ཀྱི་ཞིང་འབྲོག་རོང་ཁུལ་མང་ཚོགས་ཀྱིས་སྲོག་ཆགས་རིགས་ཀྱི་སྐྱས་སྤོ་དང་བྱ་འགུལ་ལ་བརྟག་ནས་དུས་བཞི་ངོས་འཛིན་པ་དང་ཟླ་བ་བཅུ་གཉིས་བརྩི་བ། ཞིང་འབྲོག་ཐོན་སྐྱེད་བཀོད་སྒྲིག་བྱེད་པ། དེ་བཞིན་ཁ་ཆར་འབབ་མིན་དང་བཙའ་སད་ཡོད་མེད་སོགས་གནམ་གཤིས་ཀྱི་འགྱུར་ལྡོག་དང་དྲོད་གྲང་ལ་བརྟག་པ། གཞན་ཡང་སྲོག་ཆགས་ཀྱི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་སྣ་ཚོགས་ལ་བརྟེན་ནས་གངས་རྡིབ་དང་ས་གཡོ་འབྱུང་མིན་སོགས་བརྟག་པའི་མྱོང་རྩིས་ཕུན་སུམ་ཚོགས་པོ་ཡོད་དེ། དཔེར་ན། “བྱེའུ་ཅོ་ག་འཕུར་རྩལ་སྦྱོང་ཞིང་འགྱུར་སྐད་སྒྲོག་པ་དང། པིང་ཀྱུར་སླེབས་དུས་ཞིང་ལས་སྔ་འདེབས་སྔ་མ་ཟིན། པུ་ཤུད་ཀྱིས་སྐད་འདོན་དུས་བར་འདེབས་སྔ་མ། བྱེའུ་ལུག་རྫི་ཕོ་མོ་སླེབས་དུས་བར་འདེབས་ཕྱི་མ་བྱེད། ཁུག་རྟ་འབྱོར་དུས་ཁུག་རྟའི་ཆར་དང་ཕྱི་འདེབས་ཟིན་པ། ཁུ་བྱུག་སླེབས་དུས་དབྱར་འགོ་ཟིན་པས་ཞིང་ཀུན་བཏབ་ཚར་བ་”ཞེས་དང། “སྦལ་པས་ཆུ་ཁར་སྐད་བརྒྱབ་ན།ཡུན་རིང་མ་སོང་གནམ་གཤིས་འགྱུར་”ཞེས་དང། “ཁ་ལས་མི་དགེ་ལྕུང་ཀ་མཆུ་དམར་མ། རླུང་སེར་བུ་འབོད་ཀི་སྔུན་མ་ཡིན་”ཞེས་དང། “སྟོན་འབྲུ་དྲུག་རྒྱས་ཁར་སྦལ་ཁ་བཙུམ་”ཞེས་པ། “ཁུ་བྱུག་སླེབས་པའི་ཉི་མ་དེར། ཁ་ལྷགས་ཆེ་ལ་སྤྲིན་སྣ་མང་”ཞེས་པ་ལྟ་བུ་དང། ཡང་ནམ་མཁར་རྡུལ་རླངས་འཐིབས་པ་དང་དྲག་རླུང་འཚུབ་པ། རྟ་ཡིས་གཟན་རྩྭ་མི་ཟ་བར་ལག་བརྡབ་བྱེད་པ། ཁྱི་རྣམས་མཚན་མོར་གང་སར་རྒྱུག་པ། སྤྲེའུ་ཤིང་རྩེར་མི་སྡོད་པར་ཐང་ལ་རྒྱུག་པའམ་གཅིག་ཏུ་ཚོགས་པ། ཕྱི་རོལ་དང་ཁྱིམ་ནང་གི་ཙི་ཙི་གང་སར་རྒྱུག་པ།ར་ལུག་དང་སྒོ་ཕྱུགས་རྣམས་རང་རང་གི་ར་བར་སྡོད་མི་ཚུགས་པའི་སྣང་ཚུལ་ཉིན་འགའི་ནང་བྱུང་ཚེ་ཡུལ་དེའམ་དེའི་ཉེ་འཁོར་དུ་ས་འགུལ་ཡོང་བའམ། ཡང་ན་ཆུ་བརྡོལ་བ། དྲག་རླུང་འབྱུང་བ་སོགས་རང་བྱུང་གི་གནོད་འཚེ་ཡོད་ངེས་པར་བརྗོད་པ་ལྟ་བུ་སྲོག་ཆགས་དང་འབྲེལ་བའི་མྱོང་རྩིས་ཧ་ཅང་མང་།   གཞན་རྩི་ཤིང་ལ་བརྟག་པ་དང་ཁ་ཆར་ལ་བརྟག་པ། རྒྱུ་སྐར་ཉེར་བརྒྱད་ལ་བརྟག་པ། མཚོ་དང་མཚེའུ་ལ་བརྟག་པ།དུས་ཚིགས་ལ་བརྟག་པ་སོགས་མྱོང་རྩིས་གྲངས་ལས་འདས་པ་ཡོདམོད། འདིར་དེ་དག་རེ་ཞིག་སྐུང་བར་བྱའོ།
གསུམ་པ། མྱོང་རྩིས་ཀྱི་ཁྱད་ཆོས་མདོ་ཙམ་གླེང་བ།   
           གཅིག མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ་བ།
           བོད་ཀྱི་གནའ་བོའི་མྱོང་རྩིས་ནི་མདོ་དབུས་མཐོ་སྒང་དུ་འཚོ་ཞིང་གནས་པའི་བོད་ཀྱི་ཡབ་མེས་དག་གིས་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་རང་ཉིད་ཀྱི་འཚོ་བར་འབྲེལ་ཆེ་བའི་བྱ་དངོས་དག་དང་། དེ་འབྲེལ་གྱི་སྔོན་ལྟས་ལ་ཡུན་རིང་ཉམས་ཞིབ་དང་བརྟག་དཔྱད་བྱས་པའི་བསྡོམས་ཚིག་ཡིན་པས།བརྟག་བྱེད་དང་བརྟག་འབྲས་སོགས་ལ་མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ་ཏེ། གནའ་བོའི་གཏམ་དཔེར།“བྱ་དང་ཤིང་ལ་བརྟག་པ་ལྷོ་མོན་གྱི་རྩིས། །རླུང་དང་སྐར་མར་བརྟག་པ་བྱང་ཐང་གི་རྩིས། །ཉི་ཟླའི་བགྲོད་ལམ་བརྟག་པ་བོན་ཞང་རྩིས། །རི་ཕྱུགས་མཚོ་ལ་བརྟག་པ་གམ་འབྲོག་རྩིས། །”③ཞེས་པ་ལྟར་གནས་ཡུལ་དང་ལས་རིགས་མི་འདྲ་བ་ལས་ས་ཁུལ་སོ་སོའི་བརྟག་བྱེད་ཀྱང་མི་འདྲ་སྟེ། ལྷོ་མོན་ནི་ལྷོ་པ་དང་མོན་པའི་བསྡུས་མིང་ཡིན་ཏེ། བོད་ལྗོངས་ཀྱི་ཤར་ལྷོའི་ས་ཆར་གནས་ཡོད་ཅིང་ས་བབ་དམའ་ཞིང་ས་བཅུད་བཟང་བ། གནམ་གཤིས་ཀྱི་དྲོད་གྲང་རན་པ། རྩི་ཤིང་མང་བས་ཡུལ་དེར་འཚོ་སྡོད་བྱེད་པའི་མི་རྣམས་ཀྱིས་འདབ་ཆགས་ཀྱི་འགྲོ་འོང་དང། ལྗོན་ཤིང་གི་སྐྱེ་ཚད་ལ་བརྟེན་ནས་ས་ཞིང་རྨོ་འདེབས་ཀྱི་དུས་ཚོད་དང་ཆར་ཆུ་འབབ་ཚད་སོགས་ཚོད་དཔག་བྱེད་པ་དང། བྱང་ཐང་ནི་གཙོ་བོ་དབུས་གཙང་བྱང་ཕྱོགས་ཀྱི་འབྲོག་ཁུལ་ཏེ། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། སྤྲིན་རླུང་གི་འགྱུར་ལྡོག་ཆེ་བ། ཡུལ་བབ་མཐོ་ཞིང་གྲང་ངར་ཆེ་བ་བཅས་ཀྱི་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་དང་བསྟུན་ནས་དེའི་ཡུལ་མི་ཚོས་སྐར་མའི་མང་ཉུང་དང་འཆར་ནུབ། སྤྲིན་གྱི་རྒྱུ་ཕྱོགས་བཅས་ལ་བརྟེན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་སོགས་བརྟག་སྟེ་རུ་བ་སྐྱས་སྤོ་དང་སྒོ་ཕྱུགས་གསོ་ཚགས་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད། བོན་ཞང་ནི་དེང་གི་མངའ་རིས་ས་ཁུལ་ཏེ། ས་ཁྱོན་ཡངས་ཞིང་རྒྱ་ཆེ་ལ། མཐོང་རྒྱ་ཁད་ཡངས་པ་བཅས་ཀྱི་རྒྱུ་མཚན་གྱིས་ཞང་ཞུང་གི་མི་རྣམས་ཉི་ཟླའི་འཁོར་འགྲོས་ལ་བརྟེན་ནས་གནམ་སའི་འགྱུར་ལྡོག་བརྟག་པར་མཁས། གམ་འབྲོག་ནི་གྲོང་ཁྱེར་གྱི་ཉེ་ལོགས་རྩྭ་ཁ་ལེགས་པོ་ཡོད་པའི་འབྲོག་པ་སྟེ། གཙོ་བོར་མ་ཕམ་གཡུ་མཚོ་དང་ཡར་འབྲོག་གཡུ་མཚོའི་ཉེ་མཐའི་ས་ཁུལ་ལ་གོ་ཞིང་། ཡུལ་དེ་དག་ཏུ་གནས་པའི་བོད་མི་ཚོས་ཕྱུགས་ཟོག་གི་གོམས་གཤིས་དང་།མཚོ་དང་མཆེའུ་ཡི་རྒྱས་འགྲིབ། རི་སྟེང་གི་ཉི་འོད་སོགས་ལ་བརྟག་ནས་དུས་ཚིགས་ཀྱི་འགྱུར་ལྡོག་དང་ནམ་དུས་བརྩི་བ་ཡིན། ས་དེ་དག་གི་ཡུལ་མི་ཚོས་དེང་སྐབས་ཀྱང་ཡར་འབྲོག་གཡུ་མཚོའི་དར་གྱི་ཆགས་ཞུ་ལ་བརྟེན་ནས་ནམ་ཟླའི་འགྱུར་ལྡོག་བརྟག་པར་བརྗོད། དེ་བཞིན་མཚོ་སྔོན་པོའི་ཉེ་མཐའི་འབྲོག་པས་ཀྱང་མཚོ་དར་ལ་བལྟས་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་པའི་སྲོལ་ཡོད་པ་སོགས། བོད་ཀྱི་མྱོང་རྩིས་ལས་མང་ཤོས་ཤིག་ནི་ས་ཁུལ་སོ་སོའི་ནམ་ཟླའི་ཁྱད་ཆོས་དང་ལས་རིགས་སོགས་དང་འབྲེལ་ཆེ་བས། རྩིས་འབྲས་གང་ཡིན་ཡང་ཡུལ་བབས་དང་བསྟུན་ནས་དཔྱད་དགོས་པ་ལས། ཡུལ་དང་གནས་གང་དུ་ཡང་གནམ་གཤིས་ཀྱི་ལྟས་དེ་ལ་འབྲས་བུ་དེ་ལྟ་བུ་ཞིག་འབྱུང་བའི་ངེས་པ་ཆེར་མེད་པ་ཤེས་དགོས་སོ།   
གཉིས། ཚན་རིག་གི་རང་བཞིན་ལྡན་པ།   
           གནའ་བོའི་མྱོང་རྩིས་ཀྱི་བརྟག་བྱ་ནི་དེང་གི་གནམ་གཤིས་རིག་པ་དང་སྐྱེ་དངོས་དུས་བརྟག་རིག་པ་སོགས་དང་ཀུན་ནས་མཚུངས་ཕྱིར།  དེའི་བརྟག་ཐབས་དང་བརྟག་འབྲས་མང་ཆེ་བ་གནས་ལུགས་དང་མཐུན་ཞིང། ཚན་རིག་གིས་འགྲེལ་བཤད་རྒྱག་ཐུབ་ལ། དེང་སྐབས་ཀྱང་བོད་ཀྱི་ཞིང་འབྲོག་རོང་ཁུལ་དུ་དར་སོ་ཆེ་ཞིང་བོད་ཀྱི་ལི་ཐོའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། བོད་ཀྱི་སྐར་རྩིས་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱིས་ལོ་གཉིས་གསུམ་རེའི་མཚམས་སུ་དམངས་ཁྲོད་དུ་ཞིབ་འཇུག་མི་སྣ་མངག་གཏོང་བྱས་ཏེ་གནམ་དཔྱད་དུས་བརྟག་སྐོར་གྱི་གཏམ་དཔེ་གསར་པ་འཚོལ་སྡུད་བྱེད་ཅིང། དེའི་བརྟག་འབྲས་ལ་ཉམས་ཞིབ་བྱས་ཏེ་ལི་ཐོའི་ནང་དུ་འགོད་པ་སོགས།བོད་ཀྱི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་རྩལ་ལས་ཐོན་པའི་མྱོང་རྩིས་ལ་ཚན་རིག་གི་རང་བཞིན་ལྡན་པ་ཤེས་ཐུབ། འདིར་དཔེ་མཚོན་འགའ་བཀོད་ནས་དབྱེ་ཞིབ་ཙམ་བྱེད་ན།   
           ༡ ཆར་པ་འབབ་པའི་སྔོན་རྟགས་ལས། “ཕྱི་དྲོ་མཐའ་སྤྲིན་དཀར་པོ་དབྱིབས་རུས་སྦལ་གྱི་མགོ་དང་། རྟ་གླང་གི་མགོ་འདྲ་བ་ཐོན་པ། ཕྱོགས་བཞི་ནས་སྤྲིན་དཀར་རྡོ་སྤུངས་དང་འབྲུ་སྤུངས་འདྲ་བ་ལངས་པ་”ཞེས་པ་ལས་སྤྲིན་དཀར་རུས་སྦལ་གྱི་མགོ་དང་རྟ་གླང་གི་མགོ རྡོ་སྤུངས་དང་འབྲུ་སྤུངས་འདྲ་བ་ནི་ཚོགས་སྤྲིན་གྱི་ནང་གསེས་ཚོགས་སྤྲིན་སྲབ་མོ་(淡积云)དང་སྤྲིན་དཔངས་མཐུག་པོ།(浓积云)ཆར་སྤྲིན་(积云雨)གསུམ་ལས་ཆར་སྤྲིན་ལ་གོ་ཞིང། ཚ་དྲོད་གཏད་རྒྱུག་ལས་བྱུང་བའི་ཚོགས་སྤྲིན་ལ་མཚོན་ན་ཉིན་གཅིག་གི་ནང་དུའང་འགྱུར་ལྡོག་ཅུང་ཆེ་སྟེ། སྤྱིར་བཏང་སྔ་དྲོ་བྱུང་བའི་ཚོགས་སྤྲིན་ནི་སྤྲིན་སྲབ་མོ་ཡིན་པ་དང་། ཚ་དྲོད་གཏད་རྒྱུག་ཇེ་ཆེར་ཕྱིན་པ་དང་སྦྲགས་རིམ་གྱིས་སྤྲིན་དཔངས་མཐུག་པོར་འགྱུར་ལ། ཕྱི་དྲོ་གཏད་རྒྱུག་བྱེད་པ་ཆེས་ཆེ་བས་ཆར་སྤྲིན་དུ་འགྱུར་སྲིད། ས་སྲོས་དུས་སུ་ཚ་དྲོད་གཏད་རྒྱུག་ཇེ་ཞན་དུ་འགྲོ་བས་ཆར་སྤྲིན་རིམ་གྱིས་ཡལ་འགྲོ། དེ་བས། གལ་ཏེ་ཕྱི་དྲོའི་དུས་སུ་ནམ་མཁར་ཚོགས་སྤྲིན་སྲབ་མོ་རྒྱུ་ཚེ།  དེས་མཁའ་རླུང་ཅུང་བརྟན་བརླིང་ཡིན་པ་མཚོན་ཞིང་། སྤྲིན་སྲབ་དེ་ཇེ་ཆེར་མི་འགྱུར་བར་གནམ་གཤིས་ལེགས་པས། ཚོགས་སྤྲིན་སྲབ་མོ་ནི་གནམ་དྭངས་པའི་སྔོན་རྟགས་ཡིན་པ་དང་།གལ་ཏེ་ཞོགས་པ་ནས་ནམ་མཁར་སྤྲིན་དཔངས་སྟུག་པོ་བྱུང་ཚེ་མཁའ་རླུང་བརྟན་བརླིང་མིན་པ་མཚོན་ཞིང་། རིམ་གྱིས་དེ་ཆར་སྤྲིན་ཏུ་འགྱུར་སྲིད་པས། ཞོགས་པ་སྤྲིན་དཔངས་མཐུག་པོ་བྱུང་བ་ནི་འབྲུག་ཆར་ཡོད་པའི་སྔ་ལྟས་ཡིན་ཚུལ་གནམ་གཤིས་རིག་པའི་དཔེ་དེབ་ཏུ་བཀོད་འདུག་ཕྱིར།   གོང་གི་སྤྲིན་གཟུགས་དག་ཕྱི་དྲོ་བྱུང་ནས་ཆར་འབབ་པར་འདོད་པ་ནི་ཚན་རིག་གི་བརྗོད་ཚུལ་དང་མཐུན་ནོ།   
           ༢ “ལྷོ་ཕྱོགས་ནས་སྤྲིན་དཀར་ཞིང་འོད་འཚེར་བ་རིམ་པ་ལྔ་ཙམ་ལངས་ཏེ་སྤྲིན་རྩེ་མ་ཟིང་པ་བྱང་དུ་དལ་པོར་འཁྱིལ་བ་”ནི་ཆར་ཡོད་པའི་སྔོན་རྟགས་ཡིན་པར་བརྗོད་ལ། འདིའི་སྤྲིན་རིམ་པ་ལྔ་ཅན་ཟེར་བ་ནི་སྤྲིན་བྱང་རིམ་ཅན་གྱི་ནང་གསེས་ཆར་སྤྲིན་བརྩེགས་རིམ་ཅན(雨层云)ལ་གཏོགས་ཏེ། གནམ་གཤིས་རིག་པའི་དཔེ་དེབ་ཏུ། “གལ་ཏེ་སྤྲིན་རིམ་འཁྱིལ་མ་(卷层云)ཚུར་ནུར་བྱེད་པའི་ཚེ་མ་འོངས་པར་ཆར་སྤྲིན་བརྩེགས་རིམ་ཅན་འབྱུང་ངེས་” ④ཞེས་དང་།“ཆར་སྤྲིན་བརྩེགས་རིམ་ཅན་བྱུང་བ་ནི་ཆར་འབབ་པའི་སྔ་ལྟས་ཡིན་”⑤ཞེས་པས་གོང་གི་སྤྲིན་གྱི་བརྟག་ཐབས་དེ་ཚན་རིག་དང་མཐུན་པ་ཤེས་ཐུབ།   
           ༣ “ཉི་མའི་གུར་དེ་འོད་ཀྱི་གུར།   ཟླ་བའི་གུར་ཁང་ཆར་གྱི་གུར་”ཞེས་པ་ལྟ་བུར་མཚོན་ན། ཉི་གུར་དང་ཟླ་གུར་ནི་འོད་རིག་པའི་སྣང་ཚུལ་ཞིག་སྟེ། སྤྲིན་རིམ་འཁྱིལ་མའི་ཁྲོད་ཀྱི་འཁྱགས་ཟིལ་སྟེང་དུ་ཉི་འོད་དང་ཟླ་འོད་ཕོག་པས་འོད་ཀྱི་འཁྱོག་འཕྲོ་དང་ལྡོག་འཕྲོ་ལས་བྱུང་བའི་ཨ་ལོང་དབྱིབས་ཅན་ནམ་གཞུ་དབྱིབས་ཅན། ཀ་དབྱིབས་ཅན་གྱི་འོད་གུར་དེ་ལ་ཟེར་ཞིང། སྤྱིར་བཏང་དཔྱིད་ཀ་དང་དབྱར་དུས་སུ་འབྱུང་ལ།ཉི་གུར་ནི་གནམ་གཤིས་འགྱུར་ལྡོག་འབྱུང་བའི་སྔོན་རྟགས་ཡིན་པར་གྲགས། དེ་ཡང་འོད་གུར་ནི་སྤྲིན་རིམ་འཁྱིལ་མའི་ཆུ་ཟིལ་སྟེང་དུ་འོད་ཕོག་པ་ལས་བྱུང་བ་དང། ཉི་མའི་ཚ་དྲོད་ཀྱིས་སྤྲིན་ནང་གི་ཆུ་རླངས་སམ་ཆུ་ཐིགས་ཟེགས་མ་རྣམས་རླངས་པར་འགྱུར་སྲིད་པས་གནམ་ངོ་ཇེ་དྭངས་སུ་འགྲོ་བ་དང་། ཟླ་བའི་བསིལ་གྲང་གི་རང་བཞིན་གྱིས་བར་སྣང་གི་ཆུ་རླངས་ཟེགས་མ་དང་ཆུ་ཐིགས་ཇེ་མང་དུ་བཏང་སྟེ་ཆར་པར་འགྱུར་སྲིད་པས་གོང་གི་བསྡོམས་ཚིག་དེ་རིགས་བྱུང་བ་རེད།   
           ༤ “སྤྲིན་པ་དམར་ནག་གི་གུ་འདྲ། ས་ལ་ཐལ་ཆགས་ཤིང་སད་འབབ་”ཅེས་པའི་སྤྲིན་གི་གུ་འདྲ་བ་ནི་སྤྲིན་འཁྱིལ་མའི་ནང་གསེས་ཤིག་སྟེ། དེ་ལ་ཚན་རིག་དཔེ་དེབ་ཏུ་སྤྲིན་འཁྱིལ་མའི་ནང་གསེས་སྤྲིན་གུག་འཁྱིལ་མ་(钩卷云)དང་སྤྲིན་སྐུད་འཁྱིལ་མ་(毛卷云)ཞེས་བརྗོད། དེ་འདྲའི་སྣང་ཚུལ་བྱུང་ཚེ་གནམ་གཤིས་ངན་པར་འགྱུར་བའི་སྔོན་རྟགས་ཡིན་པར་བརྗོད།   
           ༥ “སྟོན་དགུན་ཤར་ལྷོའི་རླུང་བྱུང་ན། དེ་ཉིན་ཆར་པ་འབབ་མི་འགྱུར། དཔྱིད་དབྱར་ནུབ་བྱང་རླུང་ལངས་ན།ནམ་མཁའ་ངེས་པར་དྭངས་པར་འགྱུར་”ཞེས་དང། “ནུབ་ལྷགས་བརྒྱབ་ན་ཆར་པ་མེད་པ་དང་། བྱང་ལྷགས་བརྒྱབ་ན་ཐན་པ་འབྱུང་བ་”ཅེས་པར་མཚོན་ན། སྤྱིར་གནམ་གཤིས་རིག་པ་ལས་ཤར་རླུང་དང་ནུབ་རླུང་ནི་མཚོ་རླུང་(海风)དང་སྐམ་རླུང་(陆风)ལ་གོ་ཞིང་། རླུང་དེ་གཉིས་ནི་རླུང་ཚོམ་སྣ་གཅིག་ཅན་གྱིས་ཁ་ལོ་བསྒྱུར་ཞིང་འཕར་ཆག་མེད་པའི་གནམ་གཤིས་མ་ལག་ཁྲོད་འབྱུང་བ་ཡིན་པས། རླུང་དེ་རིགས་ནི་མ་འོངས་པར་གནམ་ངོ་དྭངས་པའི་སྔ་ལྟས་ཡིན་པར་བརྗོད་པས། གོང་གི་གནམ་གཤིས་བརྟག་ཚུལ་ནི་ཚན་རིག་དང་མཐུན་པ་ཞིག་ཡིན་པ་ཤེས་ཐུབ།   
གསུམ། ངག་ནས་བརྗོད་བདེ་ཞིང་གོ་སླ་བ།
           མྱོང་རྩིས་ནི་དམངས་ཁྲོད་དུ་བྱུང་ཞིང་ངག་ཐོག་ནས་མི་རབས་ནས་མི་རབས་བར་བརྒྱུད་པས། དེའི་སྐད་ཆའི་སྒྱུ་རྩལ་ཐད་ནས་ངག་ཐོག་རང་བཞིན་གྱི་ཁྱད་ཆོས་མངོན་པར་གསལ་ཏེ། དཔེར་ན། “སྔ་དྲོ་སྨུག་པ་ས་ལ་བཞག་ན། ཕྱི་དྲོ་ཙད་ནག་ཀླད་འཁོར་རྒྱག་ངེས་”ཞེས་དང། “དགུང་ཁའི་སྤྲིན་དམར་མེ་ཡིན། ནངས་སྔ་སེའི་སྤྲིན་དམར་ཆུ་ཡིན་”ཞེས་པ།“བྱང་རང་རྒྱབ་དྭངས་ན་དྭངས་ནི་ཡིན། ལྷོ་སྡུག་སྡུག་བྱས་པ་སྡུག་གྱོང་ཡིན་” ཞེས་པ། “དཔྱིད་དགུང་ཐང་བརྒྱབ་ན་ལུག་རྫི་རྒད་པོས་ལྷམ་སྒྲོག་སྡོམ། སྟོན་དགུང་ཐང་བརྒྱབ་ན་ཞིང་འབྲེག་རྒད་པོས་ཟོར་བ་རྡོར་”ཞེས་པ་ལྟ་བུ་སྐད་ཆའི་བཀོལ་སྤྱོད་ཐད་ནས་མང་ཚོགས་ཀྱི་ཁ་སྐད་ལས་ཐད་ཀར་བྱུང་བས། བརྡ་རྙིང་དང་མངོན་བརྗོད་ཀྱིས་མ་བཅིངས་པར་རྗོད་བྱེད་ཚིག་རྣམས་བབ་ཆགས་དང་ཁ་སྐད་རང་བཞིན་ལྡན་པས། ཡིད་ལ་ངེས་སླ་བ་དང་བརྒྱུད་སྤེལ་བྱེད་སླ་བའི་ཁྱད་ཆོས་མངའོ།   
མདོར་ན། བོད་ཀྱི་མྱོང་རྩིས་ནི་ཡབ་མེས་ཚོས་དུས་ཡུན་རིང་པོའི་འཚོ་བ་དང་ངལ་རྩོལ་ཁྲོད་མཐོང་ཐོས་མྱོང་གསུམ་བརྒྱུད་དེ་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་བྱ་དངོས་ཀྱི་རང་བཞིན། ནུས་པ་དང་འཕེལ་རིམ་སོགས་ལ་ངོས་འཛིན་དང་བརྟག་དཔྱད་བྱས་ནས་བྱུང་བའི་ཤེས་བྱའི་ཉིང་བཅུད་ཡིན་ཞིང་། དམངས་ཁྲོད་དུ་ངག་ནས་ངག་ཏུ་བརྒྱུད་པའི་རྩིས་ཀྱི་བྱེ་བྲག་ཅིག་ཡིན་པ་དང། དེས་ཞིང་འབྲོག་རོང་ཁུལ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་སོགས་ཕྱོགས་གང་ཐད་ལ་མཛུབ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་དང་འཐོན་བཞིན་ཡོད། །
           ལུང་འདྲེན་དཔྱད་ཡིག
           ①②④⑤姜世中:《气象学与气候学》  科学出版社,2011.11 P .115 .118 .117 .118
           ②黄明信:《西藏的天文历算》  青海人民出版社,2002.10 P.13
           དཔྱད་གཞིའི་ཡིག་ཆ།
           1. སྟོད་གཙང་དཔལ་ཆེན་རྒྱལ། 《བོད་ཀྱི་རྩིས་གཞུང་བརྟག་ཐབས་ཤེས་རབ་རལ་གྲི་》མི་རིགས་དཔེ་སྐྲུན་ཁང་། 2004.6
           2. ཡུམ་པ། 《རྩིས་རིག་ལ་འཇུག་པའི་སྒོ་》 མི་རིགས་དཔེ་སྐྲུན་ཁང། 2006.4
           3. རྫ་ཤུལ་བློ་བཟང་རྒྱ་མཚོ 《བོད་རྩིས་ཀྱི་བྱུང་འཕེལ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། 2004.7

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1