ལེའུ་བཞི་བ། མེ་སྐྱོན་བྱུང་རྗེས་ཀྱི་བཀོད་སྒྲིག་སྐོར།
དོན་ཚན་སོ་དྲུག་པ། རྩྭ་ཐང་མེ་སྐྱོན་བསད་རྗེས། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གམ་དེའི་དམིགས་བཙུགས་སྡེ་ཚན་གྱིས་མེ་སྐྱོན་བྱུང་སར་སྒོ་ཀུན་ནས་ཞིབ་བཤེར་བྱས་ཏེ། མེ་རོ་གཙང་སེལ་བྱེད་དགོས་པ་མ་ཟད། མི་སྣ་འདང་ཚོད་ཅིག་བཞག་ནས་གནས་དེར་ལྟ་སྲུང་བྱེད་དགོས། རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་དང་མཐུན་ན། ལྟ་སྲུང་མི་སྣ་ད་གཟོད་ཕྱིར་འཐེན་ཆོག
དོན་ཚན་སོ་བདུན་པ། རྩྭ་ཐང་གི་མེ་སྐྱོན་བསད་རྗེས། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ། དུས་ལྟར་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་རོགས་སྐྱོབ་བྱ་ལེགས་པར་བསྒྲུབ་དགོས་པ་དང་། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལ་འགན་སྲུང་དང་འཕྲོད་བསྟེན་རིམས་འགོག་བྱ་བ་ལེགས་སྒྲུབ་བྱས་ཏེ། འགོས་ནད་འབྱུང་བ་དང་མཆེད་པར་སྔོན་འགོག་བྱེད་དགོས།
དོན་ཚན་སོ་བརྒྱད་པ། རྩྭ་ཐང་མེ་སྐྱོན་བསད་རྗེས། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་དུས་ལྟར་རྩྭ་ཐང་སླར་གསོ་བྱེད་པའི་འཆར་གཞི་གཏན་འཁེལ་བྱེད་དགོས་པ་དང་། རྩྭ་སོན་འདེབས་པ་དང་མིའི་ཐབས་ཀྱིས་རྩྭ་འདེབས་པ་སོགས་ལག་རྩལ་བྱེད་ཐབས་སྤྱད་དེ།
རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱེད་དགོས་པ་མ་ཟད། ཕྱུགས་བྱའི་ནད་ཡམས་ལ་བརྟག་དཔྱད་བྱེད་པའི་བྱ་བ་ལེགས་པར་བསྒྲུབས་ཏེ། སྲོག་ཆགས་ལ་ནད་ཡམས་འབྱུང་བར་སྔོན་འགོག་བྱེད་དགོས།
དོན་ཚན་སོ་དགུ་བ། རྩྭ་ཐང་མེ་སྐྱོན་བསད་རྗེས། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་དུས་ལྟར་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། མེ་སྐྱོན་བྱུང་བའི་དུས་ཚོད་དང་ས་གནས། རྒྱུ་རྐྱེན། ད་རུང་མེ་སྐྱོན་བཟོ་མཁན་སོགས་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད། ཐག་གཅོད་སྐོར་གྱི་བསམ་འཆར་འདོན་དགོས།
རྩྭ་ཐང་མེ་འགོག་གཙོག་གཉེར་སྡེ་ཁག་གིས་གནོད་འཚེ་ཐེབས་པའི་རྩྭ་ཐང་གི་རྒྱ་ཁྱོན་དང་གནོད་ཐེབས་ཕྱུགས་བྱའི་རིགས་སྣ་དང་གྲངས་འབོར། གནོད་ཐེབས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་རིགས་སྣ་དང་གྲངས་འབོར། མི་སྣ་ཤི་རྨས་དང་དེ་མིན་དངོས་རྫས་ཟད་ཚད་དང་དཔལ་འབྱོར་གྱི་གྱོང་གུན་གཞན་དག་སོགས་ཀྱི་གནས་ཚུལ་སྡོམ་རྩིས་བྱེད་དགོས་པ་དང་། རྩྭ་ཐང་མེ་སྐྱོན་གྱིས་མཁར་གྲོང་གི་སྡོད་དམངས་ཀྱི་འཚོ་བ་དང་བཟོ་ལས་དང་ཞིང་ལས་ཐོན་སྐྱེད། སྐྱེ་ཁམས་ཁོར་ཡུག་བཅས་ལ་བཟོས་པའི་གནོད་འཚེ་གདེང་འཇོག་བྱེད་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩྭ་ཐང་སྲིད་འཛིན་གཙོག་གཉེར་སྡེ་ཁག་གི་གཏན་ཁེལ་ལྟར་ཡར་ཞུ་བྱེད་དགོས།
དོན་ཚན་བཞི་བཅུ་བ། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རྩྭ་ཐང་མེ་སྐྱོན་གྱི་སྡོམ་རྩིས་རེའུ་མིག་སྟེང་གི་བླང་བྱ་ལྟར། རྩྭ་ཐང་མེ་སྐྱོན་སྡོམ་རྩིས་བྱས་ཏེ། གོང་རིམ་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པ་མ་ཟད། རིམ་པ་གཅིག་པའི་སྤྱི་བདེ་སྡེ་ཁག་དང་སྡོམ་རྩིས་ལས་ཁུངས་ལ་བཤུས་འབུལ་བྱེད་དགོས། རྩྭ་ཐང་མེ་སྐྱོན་གྱི་སྡོམ་རེའུ་མིག་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་གིས་མཉམ་དུ་གཏན་འཁེལ་བྱེད་དགོས་པ་དང་། རྒྱལ་ཁབ་སྡོམ་རྩིས་སྡེ་ཁག་ལ་ཡར་ཞུ་བྱས་ནས་སྙན་སེང་ཐོ་འགོད་བྱེད་དགོས།
དོན་ཚན་ཞེ་གཅིག་པ། རྩྭ་ཐང་མེ་སྐྱོན་གསོད་པའི་ནང་ཞུགས་ནས་རྨས་སྐྱོན་ཕོག་པ་དང་དབང་བོ་སྐྱོན་ཅན་དུ་བཏང་བའམ་ཤི་བ་བཅས་ཀྱི་མི་སྣར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་སྨན་བཅོས་དང་འཆི་གོད་གྱོང་གསབ་མ་དངུལ་སྟེར་དགོས།
ལེའུ་ལྔ་བ། བཅའ་ཁྲིམས་ཀྱི་འགན་འཁྲི་སྐོར།
དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་དང་ཡང་ན་འབྲེལ་ཡོད་སྡེ་ཁག་གཞན་པ་དང་དེའི་ལས་བྱེད་མི་སྣར་གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན། དེའི་གོང་རིམ་སྲིད་འཛིན་ལས་ཁུངས་དང་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་འབབ་དགོས་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ན། ཐད་ཀར་འགན་ཁུར་ཡོད་པའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་ཁུར་ཡོད་པའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས། ནག་ཉེས་སུ་གྱུར་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་ཏེ།
(གཅིག)གཏན་ཁེལ་ལྟར་རྩྭ་ཐང་མེ་སྐྱོན་གྱི་བབ་བསྟུན་ཐག་གཅོད་འཆར་གཞི་གཏན་ཁེལ་མ་བྱས་པ།
(གཉིས)རྩྭ་ཐང་མེ་འགོག་གི་བླང་བྱ་དང་མི་མཐུན་པའི་ཐང་སྟོང་དུ་མེ་བཀོལ་སྤྱོད་བྱེད་པའམ་གས་གཏོར་དང་རྩད་ཞིབ། ཨར་ལས་བྱེད་པ་སོགས་ཀྱི་བྱ་འགུལ་ལ་ཆོག་མཆན་བཀོད་པ།
(གསུམ)ཆ་རྐྱེན་དང་མི་མཐུན་པའི་རླངས་འཁོར་ལ་ རྩྭ་ཐང་མེ་འགོག་གི་ལམ་ཡིག་བྱིན་པ།
(བཞི)རྩྭ་ཐང་མེ་སྐྱོན་གསང་བ་དང་རྫུན་ཞུའམ་མི་གཞན་ལ་གསང་ཞུ་དང་རྫུན་ཞུ་བྱེད་དུ་བཅུག་པ།
(ལྔ)དུས་ལྟར་རྩྭ་ཐང་མེ་སྐྱོན་གསོད་པའི་བྱེད་ཐབས་མ་སྤྱད་པ།
(དྲུག)ཁྲིམས་ལྟར་འགན་འཁྲི་ལག་བསྟར་མ་བྱས་པའི་བྱ་སྤྱོད་གཞན་དག
དོན་ཚན་ཞེ་གསུམ་པ། རྩྭ་ཐང་མེ་འགོག་གི་མ་དངུལ་བཀག་ཉར་དང་གཞན་སྤྱོད་བྱས་པའམ་རྩྭ་ཐང་མེ་འགོག་གི་དངོས་པོ་བདག་བཟུང་དང་གཞན་སྤྱོད་བྱས་ན། འབྲེལ་ཡོད་ནོར་སྲིད་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་དགོས་པ་དང་། ནག་ཉེས་སུ་གྱུར་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།
དོན་ཚན་ཞེ་བཞི་བ། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བ་དང་། གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན། རྫོང་རིམ་པ་ཡན་གྱིས་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་འབབ་དགོས་པ་དང་། དེར་མེ་འགོག་བྱེད་ཐབས་སྤྱོད་དུ་འཇུག་དགོས་པ་མ་ཟད། དུས་བཅད་ལྟར་འབྲེལ་ཡོད་འགྲོ་ལུགས་བསྐྱར་སྒྲུབ་བྱས་ཏེ། འབྲེལ་ཡོད་འགན་ཁུར་མི་སྣར་སྒོར2000ཡན་ནས5000མན་བར་གྱི་ཆད་པ་གཅོད་པ་དང་། འབྲེལ་ཡོད་འགན་ཁུར་ལས་ཁུངས་ལ་སྒོར5000ཡན་ནས་ཁྲི2མན་བར་གྱི་ཆད་པ་གཅོད་དགོས་ཏེ།
(གཅིག)ཆོག་མཆན་མ་བཀོད་པར་རྩྭ་ཐང་གི་ཐང་སྟོང་དུ་མེ་བཀོལ་སྤྱོད་བྱེད་པའམ་གས་གཏོར་དང་བརྟག་ཞིབ། ཨར་ལས་སོགས་ཀྱི་བྱ་འགུལ་སྤེལ་བ།
(གཉིས)རྩྭ་ཐང་མེ་འགོག་གི་ལམ་ཡིག་མ་བླངས་པར་རྩྭ་ཐང་མེ་འགོག་གི་རྩིས་སྤྲོད་དོ་དམ་ས་ཁུལ་དུ་སོང་བ།
དོན་ཚན་ཞེ་ལྔ་བ། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བ་དང་། གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་དགོས་པའི་བཀའ་འབབ་དགོས་པ་དང་། དེར་མེ་འགོག་བྱེད་ཐབས་སྤྱད་དེ་མེ་སྐྱོན་གྱི་གྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་རུ་འཇུག་དགོས་པ་མ་ཟད། འབྲེལ་ཡོད་འགན་འཁྲི་མི་སྣར་སྒོར200ཡན་ནས་སྒོར2000མན་བར་གྱི་ཆད་པ་གཅོད་དགོས་པ་དང་། འབྲེལ་ཡོད་འགན་འཁྲི་ལས་ཁུངས་ལ་སྒོར2000ཡན་ནས་སྒོར་ཁྲི2མན་བར་གྱི་ཆད་པ་གཅོད་དགོས། མེ་འགོག་བྱེད་ཐབས་མི་སྤྱོད་པ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མི་བསལ་བ་ཡིན་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་དེའི་ཚབ་བྱས་ཏེ་མེ་འགོག་གི་བྱེད་ཐབས་སྤྱད་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བསལ་དགོས་པ་དང་། དེའི་མཁོ་བའི་འགྲོ་གྲོན་ཡོངས་རྫོགས་ཁྲིམས་འགལ་ལས་ཁུངས་དང་མི་སྒེར་གྱིས་འཁུར་དགོས་ཏེ།
(གཅིག)རྩྭ་ཐང་མེ་འགོག་དུས་ཡུན་ནང་། ཆོག་མཆན་བཀོད་དེ་ཐང་སྟོང་དུ་མེ་བཀོལ་སྤྱོད་བྱེད་པར་མེ་འགོག་གི་བྱེད་ཐབས་གང་ཡང་མ་སྤྱད་པ།
(གཉིས)རྩྭ་ཐང་དུ་ལས་ཀ་གཉེར་བ་དང་སྐྱོད་བཞིན་པའི་འཕྲུལ་སྒུལ་འཁོར་ལོ་ལ་མེ་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱས་མེད་པ་དང་ཡང་ན་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་པ།
(གསུམ)རྩྭ་ཐང་སྟེང་སྐྱོད་བཞིན་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཀྱི་ཁ་ལོ་བ་དང་ལས་གཉེར་མི་སྣའམ་མགྲོན་པོ་བཅས་ཀྱིས་མེ་སོན་གཡུགས་པ།
(བཞི)རྩྭ་ཐང་དུ་ལས་ཀ་གཉེར་བཞིན་པའི་འཕྲུལ་ཆས་དང་སྒྲིག་ཆས་བཀོལ་བའི་མི་སྣས་མེ་འགོག་སྐོར་གྱི་བདེ་འཇགས་སྤྱོད་སྟངས་ཀྱི་སྒྲིག་སྲོལ་བརྩི་སྲུང་མ་བྱས་པ་དང་ཡང་ན་ཐང་སྟོང་དུ་ལས་ཀ་གཉེར་བཞིན་པའི་འཕྲུལ་ཆས་དང་སྒྲིག་ཆས་ལ་མེ་འགོག་བྱེད་ཐབས་མ་སྤྱད་པ།
(ལྔ)རྩྭ་ཐང་མེ་འགོག་གི་རྩིས་སྤྲོད་དོ་དམ་ས་ཁུལ་དུ་གཏན་ཁེལ་ལྟར་མེ་བཀོལ་སྤྱོད་མ་བྱས་པ།
དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བའི་རྩྭ་ཐང་སྟེང་གི་ཐོན་སྐྱེད་བདག་གཉེར་སོགས་ལས་ཁུངས་ཀྱི་རྩྭ་ཐང་མེ་འགོག་གི་འགན་འཁྲིའི་ལམ་ལུགས་བཙུགས་མེད་པའམ་དོན་འཁྱོལ་མ་བྱས་པར། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་ཡོ་བསྲང་བྱེད་དགོས་པའི་བཀའ་འབབ་དགོས་པ་དང་། འབྲེལ་ཡོད་འགན་ཁུར་ལས་ཁུངས་ལ་སྒོར5000ཡན་ནས་སྒོར་ཁྲི2མན་བར་གྱི་ཆད་པ་གཅོད་དགོས།
དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བ་དང་། བསམ་བཞིན་དང་ཡང་ན་ལས་འཛོལ་གྱི་དབང་གིས་རྩྭ་ཐང་ལ་མེ་སྐྱོན་བཟོས་ཏེ་ནག་ཉེས་སུ་གྱུར་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།
ལེའུ་དྲུག་པ། ཞར་བྱུང་།
དོན་ཚན་ཞེ་བརྒྱད་པ། རྩྭ་ཐང་མེ་གསོད་རླངས་འཁོར་གྱིས་གཏན་ཁེལ་ལྟར་མཚོན་རྟགས་རི་མོ་འགོད་དགོས་པ་དང་ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་གློག་སྒྲོན་བཅས་སྒྲིག་སྦྱོར་བྱེད་དགོས།
དོན་ཚན་ཞེ་དགུ་བ། སྲོལ་ཡིག་འདི2009ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།