སྤྱི་ཚེས་24ཉིན་གྱི་སྔ་དྲོར། ཞུས་ཀྲོའུ་རྒྱལ་སྤྱིའི་མཱ་ལཱ་སུང་འགྲན་སྡུར་དང་ཏེ་ཧའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་མཱ་ལཱ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་འདེམ་སྒྲུག་འགྲན་སྡུར་དེ་འཚོགས་ཡོད་ཅིང་། བོད་ལྗོངས་ཀྱི་ལུས་རྩལ་བ་སྟོབས་རྒྱལ་གྱིས་ཆུ་ཚོད་2དང་སྐར་མ་10སྐར་མ་31ཡི་གྲུབ་འབྲས་ཀྱིས་འགྲན་སྡུར་དེའི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་ཡོད།
རྒྱལ་ཁབ་དང་ས་ཁུལ་17དང་རྒྱལ་ནང་གི་ཞིང་ཆེན་(གྲོང་ཁྱེར་)18ནས་ཡོང་བའི་འགྲན་ཞུགས་པ་འབུམ་2དང་ཁྲི་2འགྲན་སྡུར་དུ་ཞུགས་ཡོད་ལ། བོད་ལྗོངས་ཀྱི་འགྲན་ཞུགས་པ་5འགྲན་སྡུར་དེར་ཞུགས་ཡོད། བོད་ལྗོངས་ཀྱི་འགྲན་ཞུགས་པ་5ལས་སྟོབས་རྒྱལ་གྱིས་ཨང་དང་པོ་བླངས་པ་ལས་གཞན་ཚེ་རིང་མཚོ་མོས་བུད་མེད་ཚོགས་ཆུང་གི་ཨང་གསུམ་པ་བླངས་ཡོད་ཅིང་། ཟླ་བ་སྐྱིད་ལྷས་བུད་མེད་ཚོགས་ཆུང་གི་ཨང་བཞི་པ་དང་། བསོད་ནམས་ཚེ་རིང་གིས་སྐྱེས་པའི་ཚོགས་ཆུང་གི་ཨང་བརྒྱད་པ། རྟ་མགྲིན་ཚེ་དབང་གིས་སྐྱེས་པའི་ཚོགས་ཆུང་གི་ཨང་བཅུ་པ་བཅས་བླངས་ཡོད།