༄༅།། བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་བརྡ་དེད་དང་བོད་འགྱུར་ངོས་འཕྲོད་ཚུལ།

ཁང་སྐྱིད་བསོད་བསྟན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-27


ཁང་སྐྱིད་བསོད་བསྟན།
[ནང་དོན་གནད་བསྡུས།]རྨང་གཞིའི་སློབ་གསོའི་བསླབ་ཚན་གསར་པའི་བསྒྱུར་བཅོས་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་དུས་མཚུངས། བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་གསར་དུ་ཐོན་ཡོད་ཅིང་། རྒྱ་ཆེའི་སློབ་གསོའི་ལས་དོན་པ་མི་ཉུང་བ་ཞིག་གིས་ཐ་སྙད་དེ་གཉིས་ཀྱི་གོ་དོན་དང་འཇུག་ཚུལ་ཐད་ལ་ད་བར་ངོས་འཛིན་གསལ་པོ་དེ་ཙམ་མེད་པའི་གནད་དོན་ལ་དམིགས་ནས། བརྡ་དེད་རིག་པའི་ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ནས་ཐ་སྙད་དེ་གཉིས་ཀྱི་གོ་དོན་དང་འཇུག་ཚུལ་ལ་དབྱེ་ཞིབ་བྱས་ཐོག་ཐ་སྙད་དེ་གཉིས་བོད་སྐད་དུ་སྒྱུར་ཚུལ་དང་ངོས་འཕྲོད་ཚུལ་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་རགས་ཙམ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།]བསླབ་ཚན། བསླབ་གཞི།  བརྡ་དེད། བོད་འགྱུར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] C45[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)02 -097 -08                                                                                                                            གླེང་གཞི།
          རང་རྒྱལ་གྱི་སྐབས་གསར་པའི་རྨང་གཞིའི་སློབ་གསོའི་བསླབ་ཚན་བསྒྱུར་བཅོས་ཀྱི་ལས་དོན་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་དུས་མཚུངས།  བོད་སྐད་ཡིག་རིག་ཚན་གྱི་ཁྲོད་དུ་ཡང་བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་གསར་པ་ཞིག་ཐོན་ཡོད། འོན་ཀྱང་འབྲེལ་ཡོད་སློབ་གསོའི་ལས་དོན་མི་སྣ་དུ་མའི་ཁྲོད། ཐ་སྙད་དེ་གཉིས་ཀྱི་གོ་དོན་དང་འཇུག་ཚུལ་ཐད་ངོས་འཛིན་གསལ་པོ་ཞིག་མེད་པའི་དབང་གིས་བསླབ་ཚན་གསར་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ལ། བསླབ་ཚན་ཞེས་པ་སློབ་ཚན་དུ་ངོས་འཛིན་པ་དང་། བསླབ་གཞི་ཞེས་པ་སློབ་གཞིའམ་སློབ་དེབ་ཁོ་ནར་ངོས་འཛིན་བྱེད་པས། ཐ་སྙད་ཀྱི་གོ་བ་ལེན་ཚུལ་ཐད་ནས་བསླབ་ཚན་གསར་པའི་དགོངས་དོན་དང་དམིགས་ཚད་སོགས་རྒྱུས་ལོན་བྱེད་ཐབས་བྲལ། དེས་ན་འདིར་བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་བྱུང་ཚུལ་དང་གོ་དོན་སོགས་ཀྱི་ཐད་ལ་དབྱེ་ཞིབ་བྱས་ཏེ། བོད་འགྱུར་ངོས་འཕྲོད་ཚུལ་སྐོར་ལ་རང་བློས་གང་དཔོག་ཞིག་གླེང་བར་བྱའོ།།
 དང་པོ། བསླབ་ཚན་ཞེས་པའི་ཐ་སྙད་ཀྱི་བརྡ་དེད།
          རྒྱའི་སྐད་ཡིག་ཁྲོད་ཀྱི་(课程)ཟེར་བའི་ཐ་སྙད་དེ་ནི། ཐོག་མར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་གསོའི་ཞིབ་འཇུག་དཔྱད་འབྲས་ལས་བྱུང་བ་ཞིག་རེད་འདུག   རང་རྒྱལ་གྱི་སློབ་གསོ་རིག་པའི་ཞིབ་འཇུག་མཁས་དབང་ཧྲེ་ལེང་ཧྥང་(施良方)གིས། “བསླབ་ཚན་ཞེས་པའི་ཐ་སྙད་འདི་ཆེས་ཐོག་མར་དབྱིན་ཇིའི་སློབ་གསོ་མཁས་པ་སེ་པིན་སའི་( H.  Spen-Cer)ཡིས་1859ལོར་སྤེལ་བའི་རྩོམ་ཡིག་《རིན་ཐང་ཆེ་ཤོས་ཀྱི་ཤེས་བྱ་ནི་གང་ཡིན་》ཞེས་པའི་ནང་དུ་བྱུང་ཞིང་། དེ་ནི་ལྭ་ཏིང་ཡི་གེའི་རྒྱུགས་ལམ་ཞེས་པའི་ཐ་སྙད་ཀྱི་གོ་བ་རྒྱ་བསྐྱེད་པ་ལས་བྱུང་བ་རེད་”①ཅེས་དང་། རང་རྒྱལ་གྱི་བསླབ་ཚན་རིག་པའི་ཞིབ་འཇུག་མཁས་དབང་ཀྲུང་ཆི་ཆོན་(钟启泉)གྱིས་བརྩམས་གནང་བའི་《དེང་རབས་བསླབ་ཚན་རིག་པ་》(现代课程论)ཞེས་པའི་ནང། “དབྱིན་ཇིའི་སྐད་ཡིག་གི་‘ curriculum' (课程)ཞེས་པ་ཡང་ཐོག་མར་ལྭ་ཏིང་སྐད་ཀྱི་‘ curSum,raCe, Course'ཞེས་པ་ལས་བྱུང་བ་ཞིག་རེད་འདུག    ལྭ་ཏིང་སྐད་དུ་དེར་‘རྒྱུགས་ལམ་'(跑道)ཞེས་པའི་དོན་ཞིག་གོ་རྒྱུ་ཡོད་འདུག་ཅིང་། ཐ་སྙད་དེའི་གོ་དོན་རིམ་བཞིན་འགྱུར་ཏེ། སློབ་གསོའི་ཆེད་སྤྱོད་ཐ་སྙད་ཅིག་ཏུ་གྲུབ་པ་དང་། དེ་ལས་སློབ་སྦྱོང་བྱེད་མཁན་གྱི་སློབ་སྦྱོང་བྱེད་པའི་ལམ་ཐིག་ཅིག་དང། ཡང་ན་སློབ་སྦྱོང་གི་བརྒྱུད་རིམ་ཞིག་གི་གོ་དོན་སྟོན་”②ཞེས་འཁོད་པར་གཞིགས་ན།བསླབ་ཚན་ཞེས་པའི་ཐ་སྙད་དེའི་ཐོག་མའི་འབྱུང་ཁུངས་ནི་ལྭ་ཏིང་སྐད་ཡིག་ཡིན་པ་དང། དེའི་“རྒྱུགས་ལམ་”ཞེས་པའི་གོ་དོན་དེ་རིམ་བཞིན་སློབ་སྦྱོང་གི་ལམ་རིམ་མམ་བརྒྱུད་རིམ་ཞིག་གི་གོ་དོན་ལ་འཕོ་འགྱུར་བྱུང་ཡོད་ལྭ “རྒྱུགས་ལམ་”ཞེས་པའི་ཐ་སྙད་དེའི་གོ་བ་རྒྱ་བསྐྱེད་བྱས་པ་ལས། སློབ་གསོའི་དམིགས་ཚད་ཀྱི་རང་བཞིན་དང། དུས་བཀག་གི་རང་བཞིན། དེ་བཞིན་ཐབས་ཤེས་ཀྱི་རང་བཞིན། ནང་དོན་གྱི་རང་བཞིན།  སྒྲིག་སྲོལ་གྱི་རང་བཞིན་སོགས་གཏན་འབེབས་བྱས་ཡོད་པ་རེད།
          “དེང་རབས་སློབ་གསོའི་ཁྱབ་ཁོངས་སུ་སློབ་གསོ་ཞེས་པའི་ཐ་སྙད་ཕུད། འགྲོ་རྒྱུགས་ཆེ་ཤོས་ཀྱི་ཐ་སྙད་གཞན་ཞིག་ནི་བསླབ་ཚན་ཞེས་པ་དེ་ཡིན་”③ཞེས་པ་ལྟར།   བསླབ་ཚན་རིག་པ་ནི། དེང་རབས་སློབ་གསོ་རིག་པའི་བྱེ་བྲག་གི་རིག་ཚན་ཞིག་ཡིན་ཞིང་། དེ་དང་ཆ་མཚུངས་པའི་རིག་ཚན་གཞན་ཞིག་ནི་སློབ་ཁྲིད་རིག་པ་(教学论)ཞེས་པ་དེ་རེད། རང་རྒྱལ་གྱི་བསླབ་ཚན་རིག་པའི་མཁས་དབང་ཚོས། ཀྲུང་གོའི་གནའ་དཔེའི་ཁྲོད་ནས་བསླབ་ཚན་ཞེས་པའི་ཐ་སྙད་བཙལ་རྙེད་ཐུབ་ཡོད་ཀྱང། དེ་དག་གི་གོ་དོན་ནི་དེང་རབས་བསླབ་ཚན་གྱི་གོ་དོན་དང་ཁྱད་པར་ཆེ་ཞིང་། ཐ་ན་གོ་བའམ་ཐ་སྙད་ཀྱི་ངོས་འཕྲོད་ཚུལ་གཅིག་མཚུངས་མ་ཡིན། རང་རྒྱལ་གྱི་བསླབ་ཚན་རིག་པའི་མཁས་དབང་ཧྲེ་ལེང་ཧྥང་གིས་བརྩམས་གནང་བའི་《བསླབ་ཚན་རིག་པའི་རྣམ་བཤད་》ཅེས་པའི་ནང་། ཀྲུང་ཕྱིའི་སློབ་གསོ་རིག་པའི་ཞིབ་འཇུག་ཁྲོད་ཡོངས་གྲགས་སུ་༡༩༡༨ལོར་ཨ་རིའི་མཁས་པ་པོ་བི་ཐེ(博比特 F.  BOb-bitt)ཡིས་བརྩམས་པའི་《བསླབ་ཚན་》ཞེས་པའི་དཔེ་དེབ་དཔེ་སྐྲུན་བྱས་པ་ནས་བཟུང་། བསླབ་ཚན་ཞེས་པ་འདི་ཆེད་དོན་ཞིབ་འཇུག་གི་ཁྱབ་ཁོངས་སུ་འགྱུར་བ་དང་། པོ་བི་ཐེ་ཡིས་བརྩམས་པའི་དཔེ་དེབ་དེ་ནི་བསླབ་ཚན་དང་འབྲེལ་བའི་ཆེད་དོན་ཞིབ་འཇུག་གི་བརྩམས་ཆོས་ཐོག་མ་ཡིན་པར་ངོས་འཛིན་བྱེད་ཅིང་། དུས་རབས་ཉི་ཤུ་པར་སླེབས་རྗེས་ཁྲ་ཐེ་སི་(查特斯 W.  W.  Chaters)ཞེས་པས་《བསླབ་ཚན་རྩོམ་སྒྲིག་》ཅེས་པའི་དཔེ་དེབ་ནང་སློབ་ཕྲུག་ལ་ལྟོས་ནས་བསླབ་ཚན་རྩོམ་སྒྲིག་བྱེད་དགོས་པ་དང་། དེ་བཞིན་བསླབ་ཚན་ཞེས་པ་ནི་བསམ་ཚུལ་དང་བྱེད་སྒོ་བཅས་ཁག་གཉིས་ནས་གྲུབ་ཡོད་པའི་ལྟ་བ་བརྗོད་ཡོད་པ་དེས།  བསླབ་ཚན་གྱི་ཞིབ་འཇུག་ཐད་ལ་ཐོད་བརྒལ་གསར་པ་བྱུང་ཞིང་། དེ་རྗེས་རིམ་བཞིན་ཨ་རིའི་སྔོན་ཐོན་སློབ་གསོའི་མཐུན་ཚོགས་ཀྱིས་སྤྱི་ལོ་༡༩༣༤ལོ་ནས་༡༩༤༢ལོའི་བར།   སྐད་གྲགས་ཤིན་ཏུ་ཆོད་པའི་《ལོ་བརྒྱད་རིང་གི་ཞིབ་འཇུག་》ཅེས་པ་སྤེལ་བ་ནས་བཟུང་རིམ་བཞིན་དེང་རབས་བསླབ་ཚན་གྱི་རིག་གཞུང་སྨྲ་བའི་ཐའེ་ལེ་(泰勒、R. W. Tyler)ཡི་དགོངས་པ་གྲུབ་ཐུབ་པ་བྱུང་ཞིང་།   རྗེས་སོར་ཐའེ་ལེ་ཡི་དགོངས་པའི་ཤུགས་རྐྱེན་འོག་དེང་རབས་ཀྱི་བསླབ་ཚན་སྨྲ་བའི་གྲུབ་མཐའ་མི་འདྲ་བ་འགའ་ཞིག་ཐོན་ཡོད་པ་དཔེར་ན། རིག་ཚན་གྱི་གྲུབ་ཚུལ་སྨྲ་བའི་བསླབ་ཚན་རིག་གཞུང་གི་གྲུབ་མཐའ་དང་། སྤྱི་ཚོགས་བསྒྱུར་བཀོད་སྨྲ་བའི་བསླབ་ཚན་རིག་གཞུང་གི་གྲུབ་མཐའ། སློབ་ཕྲུག་ལྟེ་བར་སྨྲ་བའི་བསླབ་ཚན་རིག་གཞུང་གི་གྲུབ་མཐའ་ལ་སོགས་ལྟ་བུ་དང་། དེ་དག་གིས་ཐད་ཀར་དེང་རབས་བསླབ་ཚན་གྱི་ཞིབ་འཇུག་དང་ལྷག་དོན་དེའི་གོ་དོན་གི་འཕེལ་འགྱུར་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།④     
          གཞན་ཡང། བསླབ་ཚན་རིག་པའི་མཁས་དབང་ཀྲུང་ཆི་ཆོན་གྱིས་བརྩམས་གནང་བའི་《དེང་རབས་བསླབ་ཚན་རིག་པ་》ཞེས་པའི་ནང། “སྲོལ་རྒྱུན་གྱི་བསླབ་ཚན་ནི་སློབ་གྲྭ་སོ་སོའི་ལོ་རིམ་ཁག་དང་རིག་ཚན་ཁག་གི་དུས་ཚོད་བཀོད་སྒྲིག་གི་རྣམ་པའི་ཐོག་ནས་མཚོན་ཡོད། འོན་ཀྱང་དེང་རབས་བེད་སྤྱོད་པའི་བསླབ་ཚན་ཞེས་པའི་ཐ་སྙད་དེ་ནི། དེ་འདྲའི་ཕྱི་ངོས་ཀྱི་སྒྲོམ་གཞི་(外部轮廓)ཕུད། ད་དུང་སློབ་ཁྲིད་ཀྱི་ནང་དོན་དང་བསླབ་གཞིའི་དབྱེ་ཚུལ་དང་གྲུབ་ཚུལ། གཞན་ད་དུང་འཆར་འགོད་ལྡན་པའི་(计划化)སློབ་ཁྲིད་བྱེད་སྒོའི་སྒྲིག་འཛུགས་དང་གདེང་འཇོག་(教学活动组织及评价)སོགས་ཀྱི་ནང་དོན་ཡང་ཚུད་ཡོད་པས། ཐ་སྙད་དེའི་གོ་དོན་གྱི་ཁྱབ་ཁོངས་རྒྱ་ཆེར་སོང་ཡོད་”⑤ཅེས་འཁོད་པ་ལྟར།  བསླབ་ཚན་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་གོ་དོན་ནས་རིམ་བཞིན་རྒྱ་བསྐྱེད་བྱུང་སྟེ། ཐ་སྙད་དེ་ཉིད་དེང་རབས་བསླབ་ཚན་ཞེས་པའམ་ཡང་ན་བསླབ་ཚན་རིག་པ་ཞེས་སློབ་གསོའི་ཞིབ་འཇུག་ཁྱབ་ཁོངས་ཁྲོད་ཆེས་རྙོག་འཛིང་ལྡན་པའི་ཐ་སྙད་ཅིག་ཏུ་གྱུར་ཡོད་པ་མ་ཟད། ཐ་སྙད་དེའི་གོ་དོན་གྱི་འགྱུར་བར་བརྟེན་ནས་བསླབ་ཚན་དང་འབྲེལ་བའི་ཞིབ་འཇུག་གི་ཁྱབ་ཁོངས་ཀྱང་གཏན་ཆགས་དང་ཐུན་མོང་ཅན་དུ་གྲུབ་ཐབས་མེད་པར།  སློབ་གྲྭའི་ངོ་བོ་མི་འདྲ་བར་ལྟོས་ནས་འོས་འགན་སློབ་གསོའི་བསླབ་ཚན་དང་། ལས་རིག་ལག་རྩལ་སློབ་གྲྭའི་བསླབ་ཚན། དེ་བཞིན་དམིགས་བསལ་སློབ་གྲྭའི་བསླབ་ཚན་ཞེས་པ་ལྟ་བུ་དང་། ཡང་ན་བསླབ་པར་བྱ་བའི་རིག་ཚན་མི་འདྲ་བར་ལྟོས་ནས་སྐད་ཡིག་བསླབ་ཚན་ལྟ་བུ་རིག་ཚན་སོ་སོར་སྦྱར་བའི་བསླབ་ཚན། གཞན་ཡང་བསླབ་ཚན་རང་ངོས་ཀྱི་མངོན་ཚུལ་མི་འདྲ་བའི་སྟེང་ནས།  མངོན་གསལ་དོད་པའི་བསླབ་ཚན་དང་མངོན་གསལ་མེད་པའི་བསླབ་ཚན་(显性课程与隐性课程)ཞེས་པ་སོགས་བྱུང་ཡོད་ལ། བསླབ་ཚན་གྱི་དམིགས་ཚད་དམ་རིམ་གྲས་མི་འདྲ་བའི་ངོས་ནས།  རྒྱལ་ཁབ་ཀྱི་བསླབ་ཚན་དང་ས་གནས་ཀྱི་བསླབ་ཚན། དེ་བཞིན་སློབ་གྲྭའི་བསླབ་ཚན་(国家课程,地方课程 校本课程)ཞེས་རིམ་གསུམ་བསླབ་ཚན་(三级课程)གྱི་རྣམ་གྲངས་ཀྱང་བྱུང་ཡོད། དེའི་ཐོག་ནས་བསླབ་ཚན་ཞེས་པར་ཞིབ་འཇུག་བྱེད་རྒྱུ་དེ་ཡང་རྒྱ་ཆེ་ཞིང་རྙོག་འཛིང་ཅན་ཞིག་ཡིན་པ་གསལ་བཤད་ཐུབ་ལ། བསླབ་ཚན་ཞེས་པའི་ཐ་སྙད་ལ་མཚན་ཉིད་འཇོག་པར་དཀའ་བའི་རྒྱུ་མཚན་ཡང་གང་ལེགས་རྟོགས་ཐུབ་པ་ཡིན།   
          ཀྲུང་ཕྱིའི་གནའ་དེང་གི་སློབ་གསོའི་མཁས་དབང་དུ་མས་ཕྱོགས་མང་པོའི་ཐད་ནས་བསླབ་ཚན་ཞེས་པར་མཚན་ཉིད་དུ་མ་ཞིག་འཇོག་གནང་མཛད་ཡོད་དེ། དེ་ཡང་ཁ་ཅིག་གིས་བསླབ་ཚན་ནི་འཆར་གཞི་ཞིག་ཏུ་ངོས་འཛིན་བྱས་ཏེ།“བསླབ་ཚན་ནི་སློབ་སྦྱོང་གི་འཆར་གཞིའི་རིགས་ཤིག་ཡིན་”⑥( Taba, 1962) ཟེར་བ་དང། ཡང་ཁ་ཅིག་གིས་མཇུག་འབྲས་ཤིག་ཏུ་ངོས་འཛིན་བྱས་ཏེ། “བསླབ་ཚན་ནི་སློབ་གྲྭའི་སྣེ་ཁྲིད་འོག་སློབ་ཕྲུག་ལ་ཐོབ་པའི་ཉམས་མྱོང་ཡོད་ཚད་ཡིན་”⑦( Foshay,1969)ཞེས་པ། ཡང་ཁ་ཅིག་གིས་རིག་ཚན་སློབ་གསོ་དང་འབྲེལ་ཏེ། “བསླབ་ཚན་ནི་རིག་ཚན་སློབ་གསོའི་ཁྲོད་ཀྱི་དགེ་རྒན་དང་། སློབ་ཕྲུག རིག་ཚན།  དེ་བཞིན་ཁོར་ཡུག་སོགས་མཐུན་རྐྱེན་འཚོལ་ཞིབ་བྱེད་པའི་ཐབས་ཤེས་ཀྱི་ཞིབ་འཇུག་ཅིག་ཡིན་” ⑧( Westburyand    Steimer,1971) ཞེས་སོགས་གསུངས་པ་ལྟ་བུ་ཡིན། དེ་དག་ནི་རྒྱལ་ཕྱིའི་ཞིབ་འཇུག་མཁས་པའི་དགོངས་ཚུལ་ཡིན་པ་དང་། རྒྱལ་ནང་དུ་རང་རྒྱལ་གྱི་བསླབ་ཚན་རིག་པའི་མཁས་དབང་ཀྲང་ཧྭ་(张华) ཡིས་བསླབ་ཚན་གྱི་མཚན་ཉིད་འཇོག་ཚུལ་མི་འདྲ་བ་རྣམས་སྤྱིའི་ཆ་ནས་ནང་དོན་གསུམ་དུ་བསྡུས་ཡོད་པ་སྟེ། “གཅིག བསླབ་ཚན་ནི་རིག་ཚན་དང་སློབ་གསོའི་ནང་དོན་ལ་ངོས་འཛིན་བྱེད་པ་དང།   གཉིས། བསླབ་ཚན་ནི་དམིགས་ཚད་དང་འཆར་གཞི་ཞིག་ཏུ་ངོས་འཇིན་བྱེད་པ། གསུམ། བསླབ་ཚན་ནི་མྱོང་ཞིབ་བྱེད་པའི་བརྒྱུད་རིམ་ཞིག་ཏུ་ངོས་འཇིན་བྱེད་པ་བཅས་”⑨གསུམ་ཡིན། དེ་ལྟར་བསླབ་ཚན་ལ་ཟུར་ངོས་མི་འདྲ་བ་དང་། གཙོ་གནད་དམ་འཇིན་བྱེད་ཚུལ་མི་འདྲ་བའི་ཐད་ནས་མཚན་ཉིད་གཅིག་གྱུར་ཅིག་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་བསླབ་ཚན་ཞེས་པའི་བརྡ་ཆད་དེའི་གོ་དོན་གྱི་འཕེལ་འགྱུར་དང་སྒྲ་ཡངས་དོག་གི་འཇུག་ཚུལ་མི་འདྲ་བ་ལས་བྱུང་བར་སྙམ། ཡིན་ནའང་བསླབ་ཚན་ཞེས་པ་ནི་སློབ་གྲྭ་ལ་ལྟོས་ནས་སློབ་གྲྭའི་ནང་སློབ་ཕྲུག་ལ་སློབ་གསོ་གཏོང་བའི་ཇུས་གཞི་(方案)དང་། བྱ་ཐབས། འཆར་གཞི། ནང་དོན། དམིགས་ཚད། བརྒྱུད་རིམ། གདེང་འཇོག་སོགས་ཀྱི་ནང་དོན་ཚུད་པའི་ཐ་སྙད་སྤྱི་མ་སྦོམ་ཞིག་ཡིན་པས། དེ་ནི་རིག་ཚན་རང་སྟེང་དུ་སྦྱར་ཡང་རིག་ཚན་དེའི་སློབ་གསོ་གཏོང་བའི་ཇུས་གཞི་དང་བྱ་ཐབས།  འཆར་གཞི་དང་ནང་དོན། དམིགས་ཚད་དང་བརྒྱུད་རིམ།  དེ་བཞིན་གདེང་འཇོག་བཅས་ཆ་ཚང་ཚུད་པའི་གོ་དོན་ལྡན་པའི་ཐ་སྙད་ཅིག་ཏུ་ངོས་འཛིན་བྱེད་ཆོག་པར་སྣང་། དེས་ན།  བསླབ་ཚན་གསར་པའི་བསྒྱུར་བཅོས་དང་འབྲེལ་བའི་སྐབས།  བསླབ་ཚན་ཞེས་པར་སྤྱིར་ན་སློབ་གསོ་སྤྱི་ལ་ལྟོས་པའི་གོ་དོན་ལྡན་ཞིང་། སྐད་ཡིག་བསླབ་ཚན་གྱི་ཚད་གཞི་སོགས་དང་འབྲེལ་བའི་སྐབས། རིག་ཚན་བྱེ་བྲག་ལ་ལྟོས་པའི་གོ་དོན་ཅན་ཞིག་ཡིན།  
 གཉིས་པ། བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་བརྡ་དེད།   
          བསླབ་གཞི་ཞེས་པའི་ཐ་སྙད་དེའི་འབྱུང་ཁུངས་དང་།  གོ་བའི་ཐད་ལ་ཉམས་ཞིབ་བྱེད་སྐབས། དེ་ནི་ཧ་ལམ་སུས་ཀྱང་སྔར་མེད་གསར་སྤྲོས་བས་པ་ལྟ་བུ་ཞིག་མ་ཡིན་པར། འགྲོ་བ་མིའི་རིགས་བྱུང་བ་དང་དུས་མཉམ་དུ་གདོད་མའི་སློབ་གསོ་བྱུང་བ་ཡིན་ན། གདོད་མའི་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་བསླབ་གཞི་ཡང་བྱུང་བར་སྙམ།   རྒྱུ་མཚན་ནི་གལ་ཏེ་ལད་ཟློས་ཞེས་པ་ཆེས་གདོད་མའི་སློབ་གསོའི་རྣམ་པ་གཙོ་བོ་ཞིག་ཡིན་པར་ཁས་བླངས་ན། ལད་མོ་བྱ་ཡུལ་དེ་ནི་གདོད་མའི་སློབ་གསོའི་བསླབ་གཞི་ཡིན་པ་དང་། ལད་མོ་བྱ་བའི་ནང་དོན་དཔེར་ན་འགུལ་བསྐྱོད་ཀྱི་སྟངས་སྟབས་ཤིག་གམ་ཡང་ན་ངག་ལས་སྒྲ་གང་རུང་ཞིག་འདོན་པ་དེ་ནི། གདོད་མའི་སློབ་གསོའི་བསླབ་གཞིའི་ནང་དོན་ཡིན་ཅིང་། ལད་མོ་ཅི་ཞིག་བྱེད་པ་དེ་ལད་མོ་བྱེད་མཁན་གྱིས་ཡང་ནས་བསྐྱར་དུ་ཟློས་པའི་བྱ་བྱེད་དེ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཡིན་པར་ཁས་ལེན་བྱེད་ཆོག    དེ་ལ་རང་རྒྱལ་གྱི་བསླབ་གཞི་ཞིབ་འཇུག་མཁས་དབང་ཙེང་ཐན་ཧྲན་(曾天山)མཆོག་གིས། “བསླབ་གཞིའི་འབྱུང་ཁུངས་ནི་གདོད་མའི་སྤྱི་ཚོགས་སུ་རིག་འདེད་བྱེད་ཆོག    སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལས་བྱུང་བའི་ཉམས་མྱོང་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་བསླབ་གཞི་ཡིན་ཞིང་། ཁ་ཏ་བསླབ་བྱ་དང་བྱ་ལུགས་བྱེད་ལུགས་སློབ་པ་དག་གདོད་མའི་སློབ་ཁྲིད་ཀྱི་ཐབས་ཤེས་ཡིན་ན། སྐབས་དེའི་གདོད་མའི་སློབ་གསོའི་བསླབ་གཞི་ཡང་སྒྲ་དང་བྱ་བྱེད་ཀྱི་རྣམ་པའི་ཆུ་ཚད་དུ་སླེབས་ཙམ་ཡིན་”⑩ཞེས་གསུངས།  
          དེང་གི་ཆར་དགེ་རྒན་གྱིས་ནག་པང་ཐོག་ཡིག་གཟུགས་གང་རུང་ཞིག་བྲིས་ཟིན་རྗེས། སློབ་མས་ཡིག་གཟུགས་དེ་རང་ཐེངས་མང་པོར་ཡང་ནས་བསྐྱར་དུ་ཟློས་ཏེ་འབྲི་བ་ལྟ་བུར་མཚོན་ན། དགེ་རྒན་གང་དེའི་རྒྱུད་དུ་ཡོད་པའི་ཡིག་གཟུགས་འབྲི་རྩལ་གྱི་འཇོན་ནུས་དེ་དང་། ནག་པང་། དེ་བཞིན་ནག་པང་ཐོག་གི་ཡིག་གཟུགས་བཅས་ནི་བསླབ་གཞི་ཡིན་ཞིང་།  དེའི་ཁྲོད་ད་དུང་འབྲི་བྱེད་ཀྱི་སྨྱུ་གུ་དང། འབྲི་བའི་གོ་རིམ་སོགས་ཀྱི་མཐུན་རྐྱེན་གཞན་དག་ཀྱང་ཚུད་ཡོད་པས། བསླབ་གཞི་ཟེར་བ་དེ་ཤོག་བུ་མགོ་བཙེམ་བྱས་པ་ལས་གྲུབ་པ་གང་ཞིག་ནང་དོན་གང་རུང་བ་ཡི་གེའི་རྣམ་པའི་ཐོག་ནས་གསལ་ཞིང་།   དགེ་སློབ་གཉིས་ཀྱི་སློབ་སྦྱོང་བརྒྱུད་རིམ་དུ་སྤྱོད་པ་སོགས་ལ་ངོས་འཛིན་རགས་པ་ཞིག་བྱས་ནས་དོན་འཕྲོད་ཐབས་བྱས་ཚེ།  བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་བརྡ་དོན་ལ་གོ་བ་ཆ་ཚང་བ་ཞིག་ལོན་ཐབས་མེད་པར།  དེས་བསླབ་གཞིའི་ངོས་འཛིན་ལ་ཚད་བཀག་གིས་སློབ་གསོའི་ལས་དོན་སྤྱི་ལ་འགལ་འཛོལ་མང་པོ་ཡོང་ངེས་ཡིན་པ་དཔེར་ན། དབྱིན་སྐད་ལ་མཚོན་ནས་བཤད་ན་“ instructional   materials་”ཞེས་པ་སློབ་ཁྲིད་གཙོ་གནད་དུ་བཟུང་བའི་བསླབ་གཞི་དང།“ subject   mat-ter”ཞེས་པ་རིག་ཚན་གྱི་ནང་དོན་གཙོ་གནད་དུ་བཟུང་བའི་བསླབ་གཞི “ curricu - lun    materials”ཞེས་པ་སྤྱིར་བཏང་གོ་བའི་ཆ་ནས་འཇུག་པའི་བསླབ་གཞི་ཟེར་བ་(11)སོགས་བརྡ་འཕྲོད་ཚུལ་གཅིག་གྱུར་བྱུང་མེད་པ་ལྟ་བུ་དང་། རྒྱ་སྐད་ལ་མཚོན་ནའང་“教材”ཞེས་པ་སློབ་ཁྲིད་ཀྱི་རྒྱུ་ཆའམ་བསླབ་གཞི་ཞེས་པའི་དོན་ལ་འཇུག་པ་དང། “教科书”ཞེས་པ་རིག་ཚན་གྱི་སློབ་ཁྲིད་ལ་ལྟོས་པའི་བསླབ་གཞིའམ་སློབ་དེབ་ཀྱི་དོན་ལ་འཇུག་པ། “课本”ཞེས་པ་སློབ་ཁང་སློབ་ཁྲིད་ལ་ལྟོས་པའི་བསླབ་གཞིའམ་སློབ་དེབ་ཅེས་པའི་ཕལ་སྐད་དུ་འཇུག་པའི་དོན་ཡོད་པ་ལྟ་བུ་ཡིན། དེ་དག་ལས་བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་བརྡ་དོན་ངོས་འཕྲོད་ཚུལ་ཐད་ལ། སློབ་གསོ་སློབ་ཁྲིད་སོགས་འབྲེལ་ཡོད་ཀྱི་ཟུར་ངོས་མི་འདྲ་བ་ནས་ངོས་འཛིན་མི་འདྲ་བ་རེ་བྱུང་ཡོད་པ་རྟོགས་ཐུབ། གཞན་ཡང་ཨ་རིའི་དངོས་སྤྱོད་རིང་ལུགས་པའི་མཚན་ཉིད་རིག་པ་དང་སློབ་གསོ་སྨྲ་བའི་སློབ་དཔོན་ཆེན་མོ་ཏུའུ་ཝེ་(杜威)ཡིས།“བསླབ་གཞི་ཞེས་པ་ནི་དམིགས་ཡུལ་ཡོད་པའི་ཁོར་ཡུག་ནང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་ལྟ་ཞིབ་དང་། དྲན་གསོ།  ལྟ་ཀློག་དང་བགྲོ་གླེང་བྱེད་པའི་བྱ་དངོས་སྣ་ཚོགས་དང་། དེ་དག་ལས་བསྐྱེད་པའི་འདོད་ཚུལ་ལ་བརྗོད་”⑿ཅེས་གསུངས་པ་དང་། རེན་ཏན་ཧྥང་(任丹凤)གིས་བསླབ་ཚན་གྱི་ཟུར་ངོས་ནས། “བསླབ་གཞི་ཞེས་པ་ནི་རྒྱལ་ཁབ་ཀྱི་བསླབ་ཚན་ཚད་གཞི་དང་དམིགས་ཚད་གཞིར་བཞག་ཐོག་འཆར་འགོད་བྱས་པའི་བསླབ་ཚན་ཇུས་གཞིའི་ཞིབ་ཕྲའི་གཞི་འཛིན་ཡིན་”⒀ཞེས་དང་། བསླབ་གཞི་རང་ངོས་ཀྱི་ངོ་བོ་དང་བྱེད་ལས་ཀྱི་ཟུར་ངོས་ནས། “བསླབ་གཞི་ནི་ཤེས་བྱའི་གཞི་རྟེན་ཡིན་པ་མ་ཟད། དེ་ཡང་དགེ་སློབ་ཀྱི་སློབ་ཁྲིད་ལ་ཕན་པའི་ལག་ཆ་ཞིག་ཀྱང་ཡིན་”⒁ཞེས་གསུངས་པ་དང། ཤད་ལིད་ལིན་(谢丽玲)གྱིས། “བསླབ་གཞི་ནི་དགེ་རྒན་དང་སློབ་ཕྲུག་གིས་མཉམ་དུ་བེད་སྤྱོད་བྱེད་པའི་སློབ་ཁྲིད་ཀྱི་རྒྱུ་ཆ་ཞིག་ཡིན་ཞིང་། དེ་ནི་དགེ་རྒན་གྱིས་སློབ་པ་དང་། སློབ་ཕྲུག་གིས་སྦྱོང་བའི་སློབ་སྦྱོང་གི་རྒྱུ་ཆ་ཞིག་ཡིན་⒂ཞེས་དགེ་རྒན་དང་སློབ་ཕྲུག    དེ་བཞིན་སློབ་ཁྲིད་བཅས་ལ་ལྟོས་ནས་བསླབ་གཞིར་མཚན་ཉིད་བཞག་ཡོད་པ་ལ་སོགས་མཚན་ཉིད་འཇོག་ཚུལ་ཤིན་ཏུ་མང་ཡང། མིག་སྔར་རང་རྒྱལ་གྱི་བསླབ་ཚན་དང་བསླབ་གཞིའི་ཞིབ་འཇུག་མཁས་པ་ཚོས་སྤྱིར་བསླབ་གཞིའི་མཚན་ཉིད་འཇོག་ཚུལ་ཐད།    གཤམ་གསལ་རིག་ལམ་རྣམ་པ་གཉིས་འདུག་སྟེ། དང་པོ། སྒྲ་ཡངས་འཇུག་དང་དོག་འཇུག་གི་ངོས་ནས་གོ་ཚུལ། སྒྲ་ཡངས་འཇུག་གི་བསླབ་གཞི་ཞེས་པ་ནི་སློབ་ཁྲིད་ཐོག་བེད་སྤྱོད་བྱེད་པའི་རྒྱུ་ཆ་ཡོད་ཚད་ལ་ཟེར་ཞིང་། དེ་ནི་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་ཐད་སྣེ་ཁྲིད་བྱེད་པའི་སློབ་ཁྲིད་ཀྱི་དཔྱད་གཞི་ཡིན་ཏེ། སློབ་དེབ་དང་། ཁྲིད་ཟིན། འཆད་ཁྲིད་གནད་བསྡུས། དཔྱད་གཞིའི་དཔེ་དེབ། ཟུར་ཁྲིད་རྒྱུ་ཆ་སོགས་ལ་ངོས་འཛིན་བྱེད་པ་དང་། སྒྲ་དོག་འཇུག་གི་བསླབ་གཞི་ནི།  སློབ་དེབ་ཁོ་ནར་ངོས་འཛིན་བྱེད། གཉིས་པ། ཐ་སྙད་ཀྱི་གོ་བ་ཁྱབ་ཆེ་ཆུང་ཐད་ནས། རྒྱ་ཁྱབ་ཏུ་གོ་ཚུལ།(泛指)དམིགས་སུ་གོ་ཚུལ།(特指)ཆེད་དུ་གོ་ཚུལ་(专指)བཅས་ལས།  རྒྱ་ཁྱབ་ཏུ་གོ་བའི་བསླབ་གཞི་ཞེས་པ་ནི་སློབ་ཕྲུག་གིས་རིག་ཚན་གང་རུང་ཞིག་སློབ་སྦྱོང་བྱེད་པའི་ཡིག་ཐོག་དང་ཡིག་ཐོག་མ་ཡིན་པའི་རྒྱུ་ཆ་སྤྱི་ལ་བརྗོད་པ་དང་། དམིགས་སུ་གོ་ཚུལ་ནི་སློབ་ཁྲིད་རྩ་འཛིན་ནམ་བསླབ་ཚན་ཚད་གཞི་གཞིར་བཞག་ཐོག་རྩོམ་སྒྲིག་བྱས་པའི་སློབ་དེབ་དང་།  དྲི་གཞི་ཕྱོགས་བསྒྲིགས། སྦྱང་གཞིའི་དེབ།  སློབ་ཁྲིད་དཔར་རིས། སྒྲ་གཟུགས་བསླབ་གཞི སློབ་ཁྲིད་མཉེན་ཆས། འདེམ་སྦྱོང་བསླབ་གཞི།   སློབ་ཁྲིད་དཔྱད་གཞི།   སློབ་ཁྲིད་མཛུབ་ཁྲིད་སོགས་དགེ་སློབ་ཀྱིས་སློབ་ཁྲིད་ཐོག་བེད་སྤྱོད་པའི་རྒྱུ་ཆ་ལ་བརྗོད་པ་དངག། ཆེད་དུ་གོ་ཚུལ་ནི་སློབ་དེབ་ཁོ་ན་ལ་བརྗོད་དོ།   
          འདིར་བསླབ་གཞིར་བསླུ་བ་མེད་པའི་མཚན་ཉིད་ཡང་དག་ཅིག་འཇོག་འདོད་པ་མ་ཡིན་པར།   བསླབ་གཞི་ཞེས་པའི་ཐ་སྙད་དེའི་གོ་དོན་གྱི་ཁྱབ་ཁོངས་དང་གནས་སྐབས་མི་འདྲ་བའི་དུས་སུ་བསླབ་གཞིར་ངོས་འཛིན་བྱེད་ཚུལ་མི་འདྲ་བ་རེ་བྱུང་བའི་གནས་ལུགས་བརྗོད་འདོད་པ་དེ་ཡིན། དེས་ན་བསླབ་གཞི་ཞེས་པ་སྐབས་འགར་སློབ་དེབ་ཁོ་ན་ལ་ངོས་འཛིན་བྱེད་པ་དང་། སྐབས་འགར་མཉམ་འགྲོས་སྦྱང་གཞི་སོགས་ལ་ཡང་ངོས་འཛིན་བྱེད་པ་ཡོད་དོ།   
གསུམ་པ། བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་བོད་འགྱུར་ངོས་འཕྲོད་ཚུལ།   
          དེང་དས་བོད་སྐད་ཁྲོད་ད་བྱུང་དང་འབྱུང་བཞིན་པའི་བསླབ་ཚན་དང་བསླབ་གཞི་ཞེས་པ་ནི། སྤྱིར་ན་རྒྱའི་སྐད་ཡིག་ནས་ཚུར་བསྒྱུར་ཡོང་བ་ཞིག་ཡིན་ཀྱང་དེ་ལ་བོད་རང་གི་སྐད་བརྡའི་རྨང་གཞི་བཟང་པོ་ཞིག་ཡོད།   
          དེ་ཡང་ཐོག་མར་བསླབ་ཚན་དང་བསླབ་གཞི་ཟེར་བའི་བསླབ་ཅེས་པ་ནི།  《དག་ཡིག་གསར་བསྒྲིགས་》 ལས།“སློབ་ཀྱི་མ་འོངས་པ་”⒃ཞེས་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས་ཀྱང་“བསླབ་པ་ཞེས་པ་སློབ་པའི་མ་འོངས་པ་དང་། ཚུལ་ཁྲིམས། བསླབ་པ་བཅའ་བ། བསླབ་པ་དྲལ་བ།   བསླབ་པ་ཕུལ་བ་”(17)ཞེས་པ། དེ་བཞིན་《བྱ་ཚིག་ཀུན་གསལ་མེ་ལོང་》དུ་ཡང་“ཐ་དད་པ། བསླབ་མ་འོངས། སློབ་ད་ལྟ་བ། བསླབས་འདས་པ། སློབས་སྐུལ་ཚིག གཞན་ལས་ཡོན་ཏན་སློབ་པའམ་གཞན་ལ་ཡོན་ཏན་སློབ་པའི་དོན།   གཞན་ཡང་བརྡ་རྙིང་དུ་འབུལ་བའི་དོན་”⑩ཞེས་གཙོ་བོ་བྱ་ཚིག་གི་ཐད་ནས་འགྲེལ་འདུག གཞན་ཡང་《དུང་དཀར་ཚིག་མཛོད་ཆེན་མོ་》སོགས་སུ་“བསླབ་སྐྱོན་བྱུང་རིགས་”དང་“བསླབ་ཁྲིམས་”“བསླབ་གཉེར་”“བསླབ་པ་བཅའ་བའི་ཕན་ཡོན་བཅུ་”“བསླབ་པ་གསུམ་”“བསླབ་པའི་གནས་ལྔ་”“བསླབ་བྱ་བརྒྱད་བསྡུས་ཡན་ལག་གསུམ་”“བསླབ་བྱ་བཅུ་”ཞེས་སོགས་བྱུང་བ་དེ་དག་ཀྱང་བྱ་ཚིག་གི་ཐད་ནས་འཇུག་པའི་མིང་ངམ་མིང་ཚོམ་ཤ་སྟག་ཡིན་ལ། གཙོ་བོར་ཚུལ་ཁྲིམས་ཀྱི་བསླབ་པ་དང། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་བཅས་གསུམ་དུ་བསྡུས་པའི་ནང་པའི་ཆོས་སུ་འཇུག་པའི་ལམ་གྱི་རིམ་པའི་བསླབ་པར་བྱ་བའི་ནང་དོན་ནམ་བརྒྱུད་རིམ་བསྟན་པ་ཤས་ཆེ་ཞིང་། གཞན་ཡང་《མཁས་འཇུག་》ལས། “མཁས་དེས་བསླབ་པར་བྱ་བའི་ཡུལ་ནི་རིག་པའི་གནས་ལྔ་”⒆ཞེས་གསུངས་པ་ལས་བསླབ་བྱའི་ནང་དོན་དུ་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཁྱད་ཆོས་ལྟར་རིག་པའི་གནས་ཆེ་ཆུང་ལྔ་ཡང་ཡིན་པར་རྟོགས་ནུས། “བསླབ་གཉེར་”ཞེས་པ་དེང་དུས་“སློབ་གཉེར་”ཞེས་འབྲི་བ་མང་། དཔེར་ན་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་《སློབ་གཉེར་བསླབ་བྱ་》ཞེས་པ་ལྟ་བུའོ། བསླབ་ཚན་ཞེས་པའི་ཚན་གྱི་དོན་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས། “༡ རླབས་སམ་ཚད། ཁ་ཚན་ཆེན་པོ། བཞའ་ཚན། ལྟོ་ཆས་ཟ་ཚན། ཨ་རག་འཐུང་ཚན།  ཤེད་ཚན། ༢. སྐོར་རམ་ཚོ།  སྡེ་ཚན། གཉེན་ཚན། ལྔ་ཚན་⒇ཞེས་རླབས་སམ་ཚད་དང་སྐོར་རམ་ཚོ་ཞེས་པའི་དོན་ལ་འཇུག་པར་བསྟན་པ་དང། བསླབ་གཞི་ཞེས་པའི་གཞི་ཡི་དོན་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ཡི་ནང་“༡. ས་ཆ་དང་གནས་ཡུལ། ༢. རྩ་བ་དང་ངོ་མ། ༣. དངོས་པོ་དང་ཆོས།༤.རྒྱུ་དང་ས་བོན་”(21)ཞེས་དོན་གྱི་འཇུག་ཡུལ་མི་འདྲ་བ་བཞི་ཙམ་བསྟན་འདུག   
          གོང་དུ་བསྟན་ཟིན་པའི་ནང་དོན་དང་འབྲེལ་བ་བྱེད་སྐབས། རྒྱ་སྐད་ཀྱི་(课程)ཞེས་པ་བོད་སྐད་བསླབ་ཚན་དུ་བསྒྱུར་བར་སྤྱིའི་ཆ་ནས་དོན་ཉེ་བའི་ཁྱད་ཆོས་ཤིག་མཐོང་ཐུབ།  རྒྱ་སྐད་ཀྱི་(课程)ཞེས་པའི་ནང་དམིགས་ཚད་ཀྱི་ཚད་ཇི་ལྟ་བུ་ཞིག་ཏུ་སླེབས་སམ་མ་སླེབས་པའི་དོན་གོ་རྒྱུ་ཡོད་ལ། ནང་དོན་གྱི་ཁྱབ་ཁོངས་སམ་ནང་དོན་སྐོར་ཇི་ལྟ་བུ་ཡིན་པའི་དོན་ཡང་ལྡན་ཞིང་། ནང་དོན་ལ་སོགས་པ་དེ་དག་ཚོའམ་ཇི་ལྟར་གོ་རིམ་དང་བཅས་ཚོགས་པའི་དོན་ཡང་ཡོད་པ་མ་ཟད། བསླབ་པ་ཞེས་པའི་དོན་དེ་ནང་པའི་ཆོས་ཁོ་ན་མ་ཡིན་པར་འཇིག་རྟེན་པའི་རིག་གནས་སློབ་གསོར་སྦྱར་དུ་ཡོད་པས། དེའི་ནང་བསླབ་བྱའི་ནང་དོན་དང་། རིམ་པ། ཁྲིམས་སམ་སྒྲིག་ལམ་སོགས་ཀྱང་འདུས་ཐུབ་པས། དེས་ན་རྒྱ་སྐད་ཀྱི་(课程)ཞེས་པ་བསླབ་ཚན་དུ་བསྒྱུར་བར་རང་ངོས་ནས་ཤིན་ཏུ་འཐད་པ་ཡིན། བསླབ་གཞི་ཞེས་པ་རང་སྐད་དུ་སྔར་ནས་སྤྱོད་སྲོལ་འདུག་སྟེ། སུམ་ཅུ་པའི་རྩ་བར། “བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་”ཞེས་གསུངས་པ་དང་། དེ་བཞིན་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཛད་པའི་《བྱང་ཆུབ་ལམ་གྱི་རིམ་པ་ཞལ་ཤེས་བློ་བཟང་ཞལ་ལུང་》ལས། “སྒྲུབ་པར་འདོད་པའི་གང་ཟག་གིས། ས་ལྟར་ཆོས་ཀུན་གཞིར་གྱུར་པས། དང་པོ་སྐྱབས་སུ་ལེགས་འགྲོ་ཞིང་།  དེ་ཡིས་བསླབ་པའི་ཆོས་ལ་བསླབ་”ཅེས་གསུངས་པ། དེ་བཞིན་《བོད་རྒྱ་ཚིག་མཛོད་ཆེན་མོ་》དང་《དུང་དཀར་ཚིག་མཛོད》སོགས་སུ་ཡང་“བསླབ་པའི་གཞི་བརྒྱད་”“བསླབ་པ་གཞི་ལྔ་”“བསླབ་པའི་གཞི་ཕྲན་ཚེགས་”ཞེས་སོགས་བྱུང་བ་ལྟ་བུ་ཡིན། འོན་ཀྱང་དེ་དག་གི་སྐབས་སུ་གང་བསླབ་པར་བྱ་བའི་རྩ་བའམ་གནས་སོགས་ཀྱི་དོན་བསྟན་པ་ལས། དེང་དུས་ཀྱི་བསླབ་གཞི་ཞེས་པའི་གོ་དོན་མ་ཡིན། ལྷག་དོན་དུ་《བོད་རྒྱ་ཆིག་མཛོད་ཆེན་མོ་》ཡི་ནང་། བསླབ་གཞི་ཞེས་པའི་ཐ་སྙད་དེ་བྱུང་འདུག་ཀྱང་དེའི་དོན་ནི“སྡོམ་གསུམ་བསླབ་གསུམ་སོགས་ཀྱི་རྨང་གཞིའམ་རྩ་བ་(22)ཞེས་འཁོད་པ་ལས་རྟོགས་ཐུབ་པ་ཡིན།               
མཇུག་བསྡུ་བ།
          འོ་ན། བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་བོད་སྐད་དུ་ཐོག་མར་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། ལག་སོན་བྱུང་བའི་དཔྱད་གཞིར་བལྟས་ན། ཕལ་ཆེར་༢༠༠༥ལོའི་ཡས་མས་སུ་རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་བསླབ་ཚན་གསར་པའི་བསྒྱུར་བཅོས་ཀྱི་ལས་དོན་སྤེལ་བ་དང་དུས་མཉམ་དུ་བྱུང་བར་སྙམ། དེ་ཡང་༢༠༠༥ལོར་གསར་དུ་དཔར་སྐྲུན་བྱས་པའི་སློབ་ཆུང་དང་སློབ་འབྲིང་སློབ་དེབ་ཀྱི་ཁ་ཤོག་ཐོག་ཏུ་“ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི།   འགན་འབབ་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ་”ཅེས་བྱུང་བ་ལས་ཤེས་ནུས་ཤིང་། དེ་ཡང་སྤྱི་ལོ་༢༠༠༥དང་༢༠༠༦ལོའི་《བོད་ལྗོངས་སློབ་གསོ་》ཞེས་པའི་དུས་དེབ་ཐོག་སྤེལ་བའི་དཔྱད་རྩོམ་ཁག་གིས་བསླབ་ཚན་དང་བསླབ་གཞི་ཞེས་པའི་ཐ་སྙད་ཀྱི་ཚབ་ཏུ་སློབ་ཚན་དང་སློབ་གཞི་ཞེས་པ་ཤ་སྟག་བཀོལ་སྤྱོད་བྱས་འདུག་པ་དང་། ༢༠༠༧ལོ་ནས་བཟུང་གཞི་ནས་བསླབ་གཞི་དང་བསླབ་ཚན་ཞེས་པའི་ཐ་སྙད་གསར་དུ་ཐོན་ཏེ།  རིམ་བཞིན་རྒྱ་ཁྱབ་ཏུ་སོང་ཡོད། བསླབ་གཞི་དང་བསླབ་ཚན་ཟེར་བའི་ཐ་སྙད་ལ་ལྟོས་ནས་དེ་དང་འདྲ་བའི་ཐ་སྙད་འགའ་ཞིག་གི་གོ་དོན་ཚད་འབེབས་བྱས་ན། བསླབ་ཚན་ཏེ། གོང་དུ་བརྗོད་ཟིན་པའི་སྒྲ་ཡངས་དོག་སོགས་གི་གོ་དོན་ལྡན་པའི་ཐ་སྙད་སྤྱི་མ་སྦོམ་ཞིག་སྟེ། རྒྱ་སྐད་དུ་བརྗོད་པའི་(课程)ལ་གོ་བ་དང་། སློབ་ཚན་ཏེ། སློབ་ཁང་སློབ་ཁྲིད་ལ་ལྟོས་པའི་དགེ་སློབ་དབར་གྱི་སློབ་ཁྲིད་བྱེད་སྒོའི་བརྒྱུད་རིམ་དང་ཁྲིད་བཞིན་པའི་སློབ་དེབ་ཀྱི་ནང་དོན་ཏེ། རྒྱ་སྐད་དུ་བརྗོད་པའི་(课程)དང(课文)ལ་གོ་བ། བསླབ་གཞི་སྟེ། སློབ་སྦྱོང་བྱེད་རྒྱུའི་རྒྱུ་ཆ་སྤྱིའི་མིང་ཙམ་སྟེ། རྒྱ་སྐད་དུ་བརྗོད་པའི་(教材)ལ་གོ་བ། སློབ་དེབ་སྟེ། སློབ་སྦྱོང་བྱེད་བཞིན་པའམ་སློབ་སྦྱོང་བྱེད་རྒྱུར་སྒྲིག་པའི་གཞི་འཛིན་གཙོ་བོའི་རྒྱུ་ཆ་སྟེ། རྒྱ་སྐད་དུ་བརྗོད་པའི་(教科书)དང་(课本)ལ་གོ་བ། ཡིན་ནའང། ཐ་སྙད་དེ་དག་ནི་སྐབས་ཐོག་སོ་སོའི་འཇུག་ཡུལ་དང་བསྟུན་དགོས་པ་ལས་ངེས་པར་དུ་དེ་དག་སོ་སོར་ཡང་དག་མཚན་ཉིད་ཅིག་འཇོག་པའི་དགོས་པ་དེ་ཙམ་མེད་སྙམ་པ་དང་བཅས་སོ། 
          ལུང་འདྲེན་དཔྱད་ཡིག
          ①④施良方:《课程理论一课程的基础、原理与问题》教育科学出版社; l996 年 8 月第一版; P3   10 -  14
          ②⑤钟启泉:《现代课程论》 上海教育出版社;2006 年;  P227
          ③邢俊利:《课程论的新进展》西藏人民出版社;20 l2 年2 月第一版; Pl
          ⑥⑦⑧靳玉乐:《课程定义的批判分析》  焦作教育学院学报(综合版) ;200l 年; p4    
          ⑨张华:《课程与教学论》 上海教育出版社;2000 年  l l 月第一版; P67 -69
          ⑩曾天山:《教材发展的比较研究》西北大学学报(社会科学版) ; l994 年第4 期; p52
          ⑾陈柏华:《教师教材观研究》浙江大学出版社;20 l2 年  l2 月第  l 版; P8
          ⑿约翰 ་ 杜威:《民主主义与教育》 上海教育出版社;200 l 年5 月第2 版; Pl97
          ⒀任丹凤:《优秀教材应具备的条件和品质》 上海教育科研;2002 年第  l l 期; p55
          ⒁任丹凤:《新教材设计:突出三重对话功能课程 . 教材 . 教法》2004 年7 月第 24 卷;第 7 期;P3
          ⒂谢丽玲:《教材改革 -新课程实施的血液和土壤》湖南师范大学教育科学学报;2005 年  l l 月第 6 期; P26
          ⒃《དག་ཡིག་གསར་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༧༩ལོའི་ཟླ་༦པ། དཔར་གཞི་དང་པོ།   P855
          ⒄⒇(21)(22)《བོད་རྒྱ་ཚིག་མཛོད་ཆེན་མོ་》མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ༧པ། དཔར་གཞི་དང་པོ།    P3055、2260、2417、3058
          ⒅《བྱ་ཚིག་ཀུན་གསལ་མེ་ལོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༡༠པ། དཔར་གཞི་དང་པོ།    P485⒆ས་པཎ་ཀུན་དགའ་རྒྱལ་མཚན། 《ཟློས་གར་དང་མཁས་འཇུག་》མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ལོའི་ཟླ་༢པ། དཔར་གཞི་དང་པོ།   P87 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1