ཞི་ཅིན་ཕིང་དང་མ་ཁེ་ལུང་ཀྲུང་ཧྥ་གོ་ལ་བཅོས་སྐྱོང་གླེང་སྟེགས་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས སྤེལ་དུས། 03-28


             ཞི་ཅིན་ཕིང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ལྷན་དུ་ཀྲུང་ཧྥ་གོ་ལའི་བཅོས་སྐྱོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་པ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༦ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིར་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་ཀྲུང་ཧྥ་གོ་ལའི་བཅོས་སྐྱོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་གནང་བ་མ་ཟད་ཤིས་ཚིག་གསུངས་གནང་ཡོད་པ་རེད། འཇར་མན་ཀྱི་ཙུང་ལི་མོ་ཁེར་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེའི་གདན་ཞུས་ལྟར་ཕེབས་ཞུགས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཤིས་ཚིག་གནང་སྐབས། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀ་གོ་ལའི་བཅོས་སྐྱོང་ནང་ཞུགས་མཁན་གཙོ་བོ་ཡིན་པ་དང་། འཛམ་གླིང་ཞི་བདེ་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་སོགས་གལ་ཆེའི་གནད་དོན་ཐད་རྒྱ་ཁྱབ་ཀྱི་ཆབ་སྲིད་ངོས་འཛིན་གཅིག་མཐུན་དང་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ལྡན་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། འདྲ་མཉམ་ལྟ་སྟངས་འཛིན་པ། སྒོ་དབྱེ་ཁོང་ཡངས། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་ཐོག་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་། ཐུན་མོང་ཐོག་གོ་ལའི་བཅོས་སྐྱོང་འཐུས་ཚང་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྟོབས་ཤུགས་སུ་གྱུར་ཡོད་ཅེས་བསྟན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དྲག་པོ་དང་། མིའི་རིགས་ཀྱི་གོང་འཕེལ་དེ་ལམ་བཞི་མདོ་ཁར་ག་འགྲོའི་གདམ་ག་བྱེད་པའི་དུས་ལ་བབ་པའི་སྐབས་འདིར། རྒྱལ་ཁབ་ཁག་ནས་འཛམ་གླིང་ཡོངས་ལ་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ཧུར་ཐག་གི་བྱ་སྤྱོད་སྤེལ་མཁན་བྱེད་པ་ལས། ལྟད་མོ་བལྟས་ནས་སྡོད་མཁན་ཞིག་མི་བྱེད་པར་ཐུན་མོང་ཐོག་མིའི་རིགས་ཀྱི་མདུན་ལམ་ལས་དབང་རང་ཉིད་ཀྱི་ལག་ཏུ་འཛིན་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
             ཞི་ཅིན་ཕིང་གིས་གྲོས་འགོ་དོན་ཚན་བཞི་བཏོན་གནང་ཡོད་པ་སྟེ།
             དང་པོ། གཞུང་དྲང་ལུགས་མཐུན་རྒྱུན་འཁྱོངས་བྱས་ནས། བཅོས་སྐྱོང་ཀྱི་དཀའ་གནད་ལས་སྒྲོལ་དགོས་པ། མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་གོ་ལའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་གི་བྱ་དོན་རྒྱལ་ཁབ་ཁག་གི་མི་དམངས་ནས་གྲོས་མོལ་བྱས་ཏེ་བསྒྲུབ་རྒྱུ་རྒྱུན་འཁྱོངས། གོ་ལའི་བཅོས་སྐྱོང་གི་སྒྲིག་སྲོལ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཕྱོགས་མང་རིང་ལུགས་ཀྱི་མཚོན་རྟགས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས། འཛམ་གླིང་ཧྲིལ་པོ་དང་ས་ཁོངས་ཕྱོགས་མང་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
             གཉིས་པ། ཕན་ཚུན་གྲོས་མོལ་དང་ཕན་ཚུན་བསམ་ཤེས་རྒྱུན་འཁྱོངས་བྱས་ནས། ཡིད་རྟོན་གྱི་དཀའ་གནད་ལས་སྒྲོལ་དགོས་པ། ང་ཚོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་སྔོན་འགྲོར་བརྩི་བ་དང་། གྲོས་གླེང་གྲོས་མོལ་བེད་སྤྱོད་གཏོང་བ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། ཟོལ་མེད་གྲོས་གླེང་བྱེད་པ་བརྒྱུད་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། ཕན་ཚུན་དོགས་པ་ཆུང་དུ་གཏོང་དགོས། ཡང་དག་པའི་བདེན་དོན་དང་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། བདེན་དོན་སྔོན་དུ་འཇོག་པ། བདེན་དོན་དང་ཁེ་ཕན་གཉིས་ཀར་ལྟ་རྟོག་བྱེད་དགོས། ཤེས་དཔལ་མི་འདྲ་བའི་བར་གྲོས་གླེང་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
             གསུམ་པ། ཕྱར་བ་གྲུ་འདེགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་བདེའི་དཀའ་གནད་སྒྲོལ་ལས་དགོས་པ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་རྒྱུན་འཁྱོངས་བྱེད་པ་དང་། འཇམ་འཐབ་དང་རྒྱལ་ཕམ་འགྲན་རྩོད་ཀྱི་བསམ་བློ་རྙིང་པ་དོར་བ་དང་། ཆེ་བས་ཆུང་ཟ་བྱེད་པའི་ལམ་སྲོལ་དོར་ཏེ། ཞི་བའི་ཐོག་ནས་རྩོད་རྙོག་ཐག་གཅོད་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། རང་ཉེས་གཞན་འགེལ་དང་། རང་ཕན་གཞན་གནོད་བྱ་རྒྱུར་ངོ་རྒོལ་བྱེད་དགོས།
             བཞི་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། གོང་འཕེལ་གྱི་དཀའ་གནད་ལས་སྒྲོལ་དགོས་པ། གསར་གཏོད་སྒུལ་བྱེད་ལ་བརྩི་རྒྱུ་དང་། མཉམ་སྡེབ་མཉམ་འགུལ། གཞུང་དྲང་ཁོང་ཡང་བཅས་རྒྱུན་འཁྱོངས་བྱེད་པ་དང་། གསོན་ཤུགས་ཀྱིས་ཁེངས་པའི་འཕར་སྣོན་རྣམ་པ་དང་། སྒོ་དབྱེ་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ། དོ་སྙོམས་ཀུན་ཕན་གྱི་གོང་འཕེལ་རྣམ་པ་བཅས་ཆགས་པ་བྱས་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ནས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་གོང་འཕེལ་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་དགོས་ངེས་བསྒྱུར་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་། ཧྥ་རན་སི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཧུར་ཐག་ངང་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད། ང་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་ཡོ་རོབ་བར་གྱི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས།
             ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧྥ་རན་སེའི་བར་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ལྡན་ཡོད། དེ་ཡང་ཧྥ་རན་སེའི་གྲོགས་པོས། ཨེ་ཧྥེར་ལྕགས་ཀྱི་མཆོད་རྟེན་ཐོག་མ་འཛེགས་ན། ཕ་རི་སིའི་ཡུལ་ལྗོངས་མཛེས་ཤོས་མཐོང་མི་ཐུབ་ཅེས་གསུངས་པ་ལྟར། དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་མཐོ་འཛེགས་རྒྱང་ལྟ་བྱེད་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་ནས་མཉམ་ལས་ཤུགས་ཆེར་གཏོང་དགོས། ང་ཚོས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་གསར་པའི་མཉམ་ལས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། གནམ་གཤིས་འགྱུར་ལྡོག་གི་མཉམ་ལས་ཤུགས་ཆེར་གཏོང་བ། ཕ་རི་སིའི་གྲོས་ཆོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ནས། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན་གནང་ཡོད་པ་རེད།
             མ་ཁེ་ལུང་གིས་ཤིས་ཚིག་གསུངས་སྐབས། ཡོ་རོབ་དང་ཀྲུང་གོས་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་པ་དེས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་མེད་ཐབས་མེད་པའི་ནུས་པ་འདོན་བཞིན་ཡོད། ཡོ་རོབ་དང་ཀྲུང་གོས་དབྱི་རན་གྱི་ཉིང་རྡུལ་གནད་དོན་དང་། གནམ་གཤིས་འགྱུར་ལྡོག ཨ་ཕེ་རི་ཁ་གླིང་གི་བདེ་འཇགས་དང་གོང་འཕེལ་སོགས་ཁྱབ་ཁོངས་ཐད་འཛིན་པའི་ལང་ཕྱོགས་འདྲ་པོ་ཡོད་པ་དང་། ཚང་མས་ནུས་ཡོད་དང་གཞུང་དྲང་གི་ཕྱོགས་མང་མ་ལག་འཛུགས་དགོས་པའི་འདོད་ཚུལ་འཛིན་པ་དང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཐད་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་གོང་འཕེལ་མྱུར་པོ་འགྲོ་བ་དང་། མི་འབོར་དུང་ཕྱུར་ཁ་ཤས་དབུལ་ཕོངས་ལས་ཐར་བར་བྱས་པས་མི་རྣམས་ལ་བག་ཆགས་གཏིང་ཟབ་བཞག་ཡོད། ཧྥ་རན་སིས་ཀྲུང་གོས་རྒྱལ་སྤྱིའི་བྱ་དོན་ཁྲོད་གལ་ཆེན་ནུས་པ་འདོན་པར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཡོ་རོབ་དང་ཀྲུང་གོ་ནི་འཛམ་གླིང་གི་སྟོབས་ཤུགས་གལ་ཆེན་ཡིན་པས། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་ཀྱི་ཆེད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཡོ་རོབ་ཕྱོགས་ནས་གསར་གཏོད་ཀྱི་བྱ་ཐབས་ཐོག་ནས་ཡོ་རོབ་མནའ་འབྲེལ་གྱི་གོང་འཕེལ་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་སྦྲེལ་མཐུད་བྱས་ནས། ཐུན་མོང་ཐོག་ཡོ་རོབ་དང་ཨ་ཤེ་ཡའི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་ཆོག་ཅེས་གསུངས་འདུག
             མོ་ཁེར་གྱིས། ཡོ་རོབ་གླིང་གི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བཟང་པོས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་ཕྱོགས་མང་མཉམ་ལས་བྱ་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད། ཡོ་རོབ་ཕྱོགས་ནས་ཡོ་རོབ་དང་ཀྲུང་གོའི་མ་འཇོག་ཆོད་ཡིག་གི་དབྱེན་འབྱེད་གྲོས་མོལ་ལ་དམ་འཛིན་དང་། རྒྱུད་གཅིག་ལམ་གཅིག་ཅེས་པའི་མཉམ་ལས་ཀྱི་གྲོས་འགོ་གལ་ཆེན་འདིར་ཞུགས་རྒྱུའི་ཐད་ཧུར་བརྩོན་ཆེན་པོས་གྲོས་བསྡུར་བྱེད་དགོས་ངེས་ཡིན། ཡོ་རོབ་གླིང་དང་ཀྲུང་གོས་མཉམ་ལས་ལ་བརྟེན་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སོགས་ཕྱོགས་མང་ལས་ཁུངས་ཀྱི་བསྒྱུར་བཅོས་ལ་མཉམ་གྲོས་བྱེད་དགོས་ངེས་ཡིན། འཇར་མན་ནས་དུས་སང་ཡོ་རོབ་དང་ཀྲུང་གོའི་འགོ་ཁྲིད་ནས་ཐུག་འཕྲད་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་འདུག
             རུང་ཁེས། ཡོ་རོབ་དང་ཀྲུང་གོ་ནི་འཐབ་ཇུས་མཉམ་ལས་རོགས་པ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་འདྲ་མཉམ་གྱི་རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་བྱ་རྒྱུ་ནི་གལ་ཧ་ཅང་ཆེན་པོ་རེད། ཡོ་རོབ་དང་ཀྲུང་གོའི་མ་འཇོག་ཆོད་ཡིག་གི་དབྱེན་འབྱེད་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ངེས་ཡིན་པ་མ་ཟད། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེ་རིགས་ཐད་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་དགོས་ངེས་ཡིན། ང་རང་ནས་འཚོགས་གྲབས་ཡོད་པའི་ཡོ་རོབ་དང་ཀྲུང་གོའི་འགོ་ཁྲིད་ཀྱི་ཐུག་འཕྲད་ལ་གྲུབ་འབྲས་ཡག་པོ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
             ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲི། ཝང་དབྱི། ཧོ་ལི་ཧྥེང་། སོགས་གོང་གི་བྱེད་སྒོར་ཞུགས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1