ནོར་བུ་གླིང་གས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་དཔེ་རྙིང་ཁག་57ལ་ཡོངས་བཤེར་གསལ་འབྱེད་བྱས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-29
ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་ཉར་ཚགས་ཚན་པ་ནོར་བུ་གླིང་གའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ཡོངས་བཤེར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་ཁག་57དང་། རིམ་པ་གཉིས་པའི་རིག་དངོས་ཁག་132 རིམ་པ་གསུམ་པའི་རིག་དངོས་ཁག་214བཅས་ལ་ཡོངས་བཤེར་གསལ་འབྱེད་བྱས་ཡོད།
ད་ཐེངས་ཀྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ཡོངས་བཤེར་ལས་དོན་དེ་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་དང་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡིས་མཉམ་དུ་སྤེལ་བ་ཞིག་རེད། 2018ལོའི་ཟླ་9པར་རྣམ་གྲངས་ལས་འགོ་བཙུགས་ནས་ད་བར་ཡོངས་བཤེར་ཚོགས་ཆུང་གིས་ནོར་བུ་གླིང་གའི་ཉར་ཚགས་ཁུལ་བཞིའི་དཔེ་རྙིང་ཁག་584དང་སྤོ་རུང་བའི་རིག་དངོས་ཁག་620ཡི་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་ལེགས་སྒྲུབ་བྱས་ཡོད།
མིག་སྔའི་བར་ཡོངས་བཤེར་ཚོགས་ཆུང་གིས་ཉར་ཚགས་ལེགས་པོ་བྱུང་བའི་དཔེ་རྒྱུན་དཀོན་རིགས་ཁག་9རྙེད་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་གཙང་བཤུས་བརྒྱབ་པའི་མཐིང་ཤོག་གསེར་བྲིས《བཀའ་འགྱུར》ཁག་55དང་དེ་བཞིན་སྐབས་དེར་བཟོས་པའི་མཐིང་ཤོག་དང་མ་ཟིན་བྲིས་མ་སོགས་འབྲེལ་ཡོད་ཁོངས་གཏོགས་ཀྱི་རིག་དངོས་ཚུད་ཡོད་པ་དང་། ནོར་བུ་གླིང་གའི་དཔེ་རྙིང་དཀར་ཆགས་ཀྱི་མ་ཡིག་དང་། མ་དེབ་ཁ་ཤས། དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོ་སོགས་དགེ་ལུགས་པའི་བླ་མ་སྐྱེས་ཆེན་གྱི་པར་གཞི་མི་འདྲ་བའི་གསུང་འབུམ་སོགས་དཔེ་རྙིང་དང་ཚད་ལྡན་ཡིག་རྩ་ཆེན་ཚུད་ཡོད་པ་རེད།
དཔེ་རྙིང་དཀར་ཆག་རིགས་དབྱེ་དང་། དཔེ་རྙིང་པར་ལེན། རིམ་པ་དབྱེ་འབྱེད། དཔེ་རྙིང་གི་ཁ་བྱང་ཡིག་སྒྱུར་སོགས་ཀྱི་ལས་དོན་ལེགས་སྒྲུབ་ཟིན་པ་དང་དུས་མཚུངས་ཡོངས་བཤེར་ཚོགས་ཆུང་གིས་ད་དུང་སྒྲིག་སྦྱོར་ཡོ་ཆས་དང་མ་རྩོམ་ཡོངས་བཤེར་སོགས་ཀྱི་རམ་འདེགས་རང་བཞིན་གྱི་ལས་དོན་སྤེལ་ཏེ་ནོར་བུ་གླིང་གའི་དཔེ་རྙིང་ཉར་ཚགས་ཀྱི་གྲུབ་ཆ་དང་། ཉར་ཚགས་ཀྱི་གྲངས་ཚད་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཁར་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཉར་ཚགས་འོས་འཚམ་བྱེད་པར་རྨང་གཞི་ཡག་པོ་བཏིངས་ཡོད་པ་རེད།