ཨ་ཅག་ལགས། ནམ་ཟླ་སྟོན་ལ་བསླེབས་བྱུང་།
རྒུ་རུ་བ་རྡོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01
ཆར་ཆུ་དང་མེ་ཏོག་གི་འཐད་འཁྱུད་གང་དུ་བུད་སོང་།
ཕྲུ་གུ་ཁུར་བའི་གྲོག་མ་ཆུང་ཆུང་ཡང་གང་ལ་འཁྱམས་སོང་།
ཕྱི་བ་རྒྱ་རིལ་གྱིས་དགུན་ཆས་གསོག་པའི་དུས་ཚིགས་འདིར།
ངས་ལས་ཀ་ཙག་ཙིག་གི་གསེང་ནས་མགོ་བོ་དགྱེ་དུས།
ནམ་ཟླ་སྟོན་ལ་བསླེབས་འདུག།
ཨ་ཅག་ལགས། ལྭ་བ་ཇེ་མཐུག་ཏུ་གཏོང་རོགས།
ཨ་ཅག་ལགས།
མཐའ་འཁོར་གྱི་རི་ཚོགས་ལ་སྟོན་ཟླ་བསླེབས་འདུག།
ཕ་གིའི་རི་རྩེ་ན་རླུང་གིས་ལྷབ་ལྷུབ་སྐྱོད་བཞིན་པའི།
ན་ནིངས་བཙུགས་པའི་དར་ལྕོག་ཁྲ་བོ་དེ་ལ་སྟོན་ཟླ་བསླེབས་འདུག།
ཧ་ཅང་ཁུ་སིམ་པའི་བྱང་ཐང་ན།
ཧ་ཅང་ཁེར་རྐྱང་གིས་འདུར་བའི་སྤྱང་ཀི་ལྡོམ་པོ་དེ་ལ་ཡང་སྟོན་ཟླ་བསླེབས་འདུག།
ད་ལོའི་སྟོན་ཟླ་ན་ནིངས་ལས་ཀྱང་སྔ་པོ་འདུག་པས།
གོས་ཀྱི་སྒྲོག་གུ་སྒྲོགས་ལ་ཐུ་སྣེ་སུམས་དང་།
ཕ་ཡུལ་ལ་ཡང་སྟོན་ཟླ་བསླེབས་ཡོད་ངེས།
ངེད་ཚང་གི་ལུག་ཁྱུ་ལ་སྟོན་ཟླ་བསླེབས་ཡོད་ངེས།
ཨ་ཕའི་སྐྲ་འདབས་ལ་ཡང་སྟོན་ཟླ་བསླེབས་ཡོད་ངེས།
འདི་ལྟར་ཤེས་མེད་ཚོར་མེད་སྒོས་སྟོན་ཟླ་བསླེབས་བྱུང་བས།
ཨ་ཅག་ལགས། སྟོན་ཟླ་བསླེབས་ཐེངས་རེེར།
ཁྱེད་ཀྱིས་ལྷོ་རུ་འཕུར་བའི་ཁྲུང་ཁྲུང་གི་གཤོག་རྡང་ལ་ཅེར་ཏེ།
ཁྲུང་ཁྲུང་རྒྱང་བཞུད་ཀྱི་གཤོག་བར་ན།
ང་ཡི་དབྱར་ལ་བསྐུར་བའི་སེམས་འཕྲིན་ཡོད་ཟེར།
ད་ནི་མི་འགྱང་བར་དགུན་ཟླ་ཡང་བསླེབ་ཡོང་ངེས།
དགུན་ཁར་ཁ་བ་འབབ་ཡོང་སྲིད།
ལྷག་རླུང་ལྡང་འོང་སྲིད།
ཨ་ཅག་ལགས། ལུས་པོར་གཅེས་སྤྲས་བྱོས་དང་།