སྙན་ཚོམ།
སྙན་བུ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01
སྒེའུ་ཁུང་ནས་ཕར་ལ་བལྟས་ན།
རི་བོ་ཕ་རོལ་གྱི་གྲོང་མཐའ་ན་འགྱིང་།
ནམ་མཁའ་ཕ་རོལ་གྱི་རི་མགོ་ན་བཞུགས།
སྔོ་ལྟེམ་མེ། སུ་ཞིག་གི་མིག་མདངས་དང་འདྲ་བར།
སྤྲིན་པ་ཕ་རོལ་གྱི་ལུག་ཁྱུ་དང་འདྲེས།
གཙང་པོ་ཕ་རོལ་གྱི་གནམ་མཐའ་ལ་བསྲིངས།
དེ་ནས་ཕར་ལ་བལྟས་ན།
དགོད་སྒྲ་ཕ་རོལ་གྱི་སྦྲ་ནང་ན་མཆེད།
མེ་ལྕེ་ཕ་རོལ་གྱི་ཐབ་ཁ་ན་འཕྱོ།
སྦྲ་ནང་ནས་ཕར་ལ་བལྟས་ན།
རང་ཉིད་ཕ་རོལ་གྱི་གྲོང་མཐའ་ན་ལུས།
ལང་ཚོ་ཕ་རོལ་གྱི་རླུང་ཁ་ན་ཟད།
འཁྱག་སིབ་བེ། སུ་ཞིག་གི་མིག་ཆུ་དང་འདྲ་བར།
རང་ཉིད།
ཇེ་ཆུང་ནས་ཇེ་ཆུང་།
ཕ་རོལ་ནས་ཕ་རོལ་ལ་བལྟས་ན།
དྲི་བའི་ཕ་རོལ།
སྙིང་ཉེ།
ཁྱོད་ཕ་མཐའ་མི་མངོན་པའི་དྲི་བ་ཞིག་རེད།
ངས་ཀོ་གྲུ་སྤྱད་དེ་ཁྱོད་ཀྱི་ཀློང་དུ་བསྐྱོད་ཀྱང་།
དྲི་བའི་ཕ་རོལ་ང་དང་རྒྱང་ཐག་རིང་།
སྙིང་ཉེ། ཁྱོད་དྲི་བའི་ཕ་རོལ་དུ།
བདེ་ལེགས་ངང་བཞུགས་སམ།
སྙིང་ཉེ།
ཁྱོད་རང་མཚོན་བྱེད་དུ་སྨྲ་སྒོ་ལས་ཤོར་བའི།
ངའི་སྐད་ཆ་དག་ལ་ད་ནི་སྟོབས་ཤུགས་མི་འདུག
དྲི་བའི་ཕ་རོལ་དུ་ཁྱོད་རང་བཞུགས་པ་དྲན་དུས།
ངས་མཚན་མོ་བགྲང་མེད་ཅིག་ཆང་རག་གིས་བསྐྱལ་དགོས་བྱུང་།
ངས་ཁེར་རྐྱང་མཁྲེགས་པོ་ཞིག་དྲན་གདུང་གིས་འདེགས་དགོས་བྱུང་།
སྙིང་ཉེ།
ཁྱོད་ཀྱི་ཉེ་སར་གཅར་བ་དེ་ཁོ་ནས་ཆེད་དུ།
ངས་ནམ་མཁའི་སྤྲིན་པ་ལ་དྲི་བ་དྲིས་མྱོང་།
སྤྲིན་པས་ང་ལ་ཆར་ཆུ་ཐིགས་པ་འགའ་ལན་དུ་གསོལ།
ངས་སྟོན་མཇུག་གི་རླུང་བུ་ལ་དྲི་བ་དྲིས་མྱོང་།
རླུང་བུས་ང་ལ་སྡོང་ལོ་སེར་པོ་འགའ་ལན་དུ་གསུངས།
ངས་རྒྱང་བཞུད་ཀྱི་གཙང་པོ་ལ་དྲི་བ་དྲིས་མྱོང་།
གཙང་པོས་ང་ལ་ཕ་བོང་འཁྱག་པོ་འགའ་ལན་དུ་བསྐྱུར།
སྙིང་ཉེ།
དྲི་བའི་ཕ་རོལ་ཅི་འདྲའི་རིང་ཨང་།
ཁྱོད་ཀྱི་ཕ་རོལ་ཅི་འདྲའི་རིང་ཨང་།
ཁྱོད་རང་དྲི་བ་མང་པོ་ལས་གྲུབ་པའི་ཕ་རོལ་དུ་བཞུགས།
རླབས་ཆེན་གྱི་དྲི་བ་དེ་དག་གི་མདུན་སར།
ངས་སྲོག་བསྡོས་ཀྱིས་ཨ་ལན་འཚོལ་བ་ནི།
ཉམ་ཆུང་གི་བྱེའུ་ཞིག་གིས་དགུན་དུས་ཀྱི་ཞོགས་པར།
སྲོག་བསྡོས་ཀྱིས་རྒུན་འབུ་འཐུ་བ་དང་ཅི་འདྲའི་མཚུངས།
སྙིང་ཉེ། ཁྱོད་ཀྱིས་མཐོང་བྱུང་ངམ།
དྲི་བའི་ཕ་རོལ་ཇི་འདྲའི་རིང་ཡང་།
ཁྱོད་ཀྱི་ཕ་རོལ་ཅི་འདྲའི་རིང་ཡང་།
ང་སྔར་བཞིན་ཁྱོད་ཀྱི་ཕྱོགས་སུ་ཡོང་བཞིན་ཡོད།
དྲི་བའི་ཕ་རོལ་དུ་ཁྱོད་ནི།
ངའི་མདུན་སྐྱོད་ཀྱི་སྟོབས་ཤུགས་དང་།
ངའི་མཐར་ཐུག་གི་དམིགས་འབེན་ཡིན།
སྙིང་ཉེ། ཁྱོད་དྲི་བའི་ཕ་རོལ་དུ།
བདེ་ལེགས་ངང་བཞུགས་སམ།