རྨི་ལམ་ཟླ་བ་ལ་སྤྲིངས་པའི་འཕྲིན།

དགའ་བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


རྨི་ལམ་ཟླ་བ། རྨི་ལམ་འདི་བརྒལ་རྗེས་མར་མེ་བཞིན་གཟིམས་འགྲོ་བ་བདེན་ནམ།

སྐད་ཆ་འདི་རྫོགས་རྗེས་སྲན་མ་བཞིན་ཐོར་འགྲོ་བ་བདེན་ནམ།

རི་མོ་འདི་གྲུབ་རྗེས་མྱུ་གུ་དང་འབྲི་ཤོག་རླུང་གིས་ཁུར་འགྲོ་བ་དེ་ཡང་བདེན་ནམ།

མི་མངོན་པའི་བར་གསེང་དོག་པོའི་རླུང་དམར་ཁྲོད་ནས།

ཐ་སྙད་ཀྱི་མེ་ལོང་སླར་ཡང་འཚོལ་དགོས་པ་དེ་ཡང་བདེན་ནམ། རྨི་ལམ་ཟླ་བ།

རྨི་ལམ་ཟླ་བ། ཁ་སང་གི་གཏམ་རྒྱུད་དང་བརྩེ་ཞེན་ཁྲོད་ན་འོད་ཀྱི་གོང་བུ་གཅིག་སྐུང་ཡོད།

ཁ་སང་གི་སྙིང་གཏམ་དང་གར་སྟེགས་ཀློང་ན་བཅུད་ཀྱི་ཐིག་ལེ་གཅིག་ཉར་ཡོད།

ཁ་སང་གི་ཡིད་ཆེས་དང་རེ་བའི་ཁུགས་ན་དྲོད་ལམ་ལམ་གྱི་སེམས་པ་ཞིག་སྦས་ཡོད།

ཁ་སང་། སྐུད་སྣེ་ལ་སེམས་སྣེ་སྦྲེལ་ནས་ཉིན་མཚན་གྱི་འཁོར་མོ་མཐུད་ཡོད།

ཁ་སང་། མཆུ་འདབ་དང་ལག་འཇུའི་དཀྱིལ་ན་ལས་དབང་གི་རི་མོ་བྲིས་ཡོད།

གློ་བུར་དུ། ང་ལ་སང་ཉིན་གྱི་དྲན་གདུང་ཞེས་ཡང་ཡང་མ་བརྗོད་རོགས། རྨི་ལམ་ཟླ་བ།

སོས་ཀ་འདིར། དབྱར་དྲུག་པའི་མེ་ཏོག་ཅིག་སེམས་ལ་འཚོས་ནས་རེ་སྒུག་གི་སྒོ་འཕར་ཕྱེ་ཡོད།

སོས་ཀ་འདིར། མུན་ནག་གི་དགོང་ཚོགས་སུ་དཀྲོལ་བའི་རོལ་དབྱངས་ཀྱི་འགྱུར་ཁུགས་ལ་ཉན་གྱིན་ཡོད།

སོས་ཀ་འདིར། མིག་ཟུང་ཁོ་ན་ལག་པས་བཀབ་ནས་བསམ་གཞིགས་ཀྱི་སྒོ་མོ་བཅད་ཡོད།

སོས་ཀ་འདིར། ཁྱོད་ལ་ཤོར་བའི་སེམས་པ་དེ་ལྗང་ལོ་བཞིན་འབུས་ནས།

སོས་ཀ་འདིར། ཁྱོད་ལ་བསྒྲོན་པའི་སེམས་པ་དེ་ཚག་ཚག་གིས་མཆེད་ནས།

བྲེལ་བ་མེ་ལྟར་འབར་ན་ཡང་། ལས་ཀ་རི་ལས་ལྕི་ན་ཡང་།

རྨི་ལམ་གྱི་གཤོག་པ་རེ་བའི་དབྱིངས་ལ་གཏད་དེ་འོད་ཀྱི་ལམ་བུ་སྒོམ་ཡོད།

དུངས་ཞེན་གྱི་མདུད་པ་དཀར་པོར་དྲོད་མ་ཡལ་བའི་དྲིལ་ཆུང་གཅིག་བཏགས་ཡོད།

གློ་བུར་དུ། སང་ཉིན་གྱི་དྲན་གདུང་ཞེས་པའི་རླུང་བུ་འཁྱམས་པོས་སྒོ་གླགས་མ་རྡུང་རོགས།

རྨི་ལམ་ཟླ་བ། སོས་ཀའི་རླུང་བུ་འཁྱམས་པོ་དེ་སེམས་སུ་ལྡང་དུས།

ལང་ཚོའི་མེ་ཏོག་གི་འདབ་མ་ཆུ་བཞིན་ཉུལ་དུས།

བར་སྣང་གི་ཕུག་རོན་གྱི་གཤོག་འགྱུར་མཐོང་དུས།

ང་ལ་སང་ཉིན་གྱི་དྲན་གདུང་ཞེས་ཡང་ཡང་མ་བརྗོད་རོགས།

སང་ཉིན་གྱི་དྲན་གདུང་དེ་སུ་ལ་ཡང་ཡོད་སྲིད།

ང་ལ་སང་ཉིན་གྱི་སྒོ་མོ་དང་མུན་པ་ཡང་ཡང་མ་སྟོན་རོགས། རྨི་ལམ་ཟླ་བ།

དཀར་ནག་གི་དགའ་སྡུག་བྱེ་མའི་རྡུལ་ལས་རྒོད་ཅིང་མང་ན་ཡང་།

ལས་དབང་གི་དུངས་ཞེན་དཀར་བོས་བཞེངས་པའི་ཟམ་པ་དེ་བརྗེད་ག་ལ་ནུས།

ལས་དབང་གི་དར་དཀར་རིང་མོས་ཁྲིད་པའི་གཙང་པོའི་གྲུ་གཟིངས་དེ་བརྗེད་ག་ལ་ནུས།

རྨི་ལམ་ཟླ་བ།

སང་ཉིན་ནས། སང་ཉིན་གྱི་དྲན་གདུང་ཞེས་པའི་སེམས་ཚེགས་དང་ན་ཟུག་དེ་མེ་རུ་སྒྲོན།

སང་ཉིན་ནས། སང་ཉིན་གྱི་དྲན་གདུང་ཞེས་པའི་འཇིགས་དངངས་དང་དཔའ་ཞུམ་དེ་ཆུ་ལ་སྐུར།

སང་ཉིན་ནས། སང་ཉིན་གྱི་དྲན་གདུང་ཞེས་པའི་རས་ཡོལ་ནག་པོའི་སྒྲོམ་བུ་དེ་ས་འོག་ཏུ་སྦོས།

ཁ་སང་གི་མཆུ་སྒྲོས་ཀྱི་རི་མོ་དང་དུངས་ཞེན་གྱི་ལག་ཟུང་སླར་ཡང་འཛུམ་ཤོག

ཁ་སང་གི་ཉི་འོད་ཀྱི་འདབ་མ་དང་འོ་ཆུ་ཡི་བརྩེ་བ་སླར་ཡང་བཞད་ཤོག

ཁ་སང་གི་ཤ་འཇམ་རུས་འཇམ་གྱི་ནམ་མཁའ་དཀར་བོ་དེ་སླར་ཡང་འཆར་ཤོག

རྨི་ལམ་ཟླ་བ། 

月亮(诗歌)

 དགའ་བཀྲ་ཤིས་རྡོ་རྗེ། 文 / 扎西加措



རྩོམ་ཡིག་སྔོན་མ།
སྙན་ཚོམ།
རྩོམ་ཡིག་རྗེས་མ།
སྐུ་ཞབས་མཁྱེན་རབས་ཅན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1