སྣང་སྲིད་འདུས་བྱས་ཆོས་ཀུན་མ་ལུས་པ། ། རྒྱུ་མེད་རྒྱུ་མིན་བྱེད་པོའི་མ་སྐྱེད་པར། །
རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་སྨྲ་བའི་རྒྱལ། ། སྐྱེས་མཆོག་དམ་པ་དེ་ལ་གུས་ཕྱག་འཚལ། །
འདིར་མཐོང་ཐོས་དྲན་རེག་སོགས་སྣང་ཞིང་སྲིད་པའི་ཆོས་འདི་ཐམས་ཅད་གང་ལས་བྱུང་ཞེ་ན་རྒྱུ་མེད་པ་དང་། རྒྱུ་མ་ཡིན་པ་བདག་དང་དུས་དང་དབང་ཕྱུག་དང་བྱེད་པ་པོ་རྟག་བདག་སོགས་གཞན་གྱིས་བྱས་པ་ལས་བྱུང་བ་མ་ཡིན་ལ། རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་བྱ་སྟེ། ཚུལ་འདི་ལྟ་བུ་དང་ལྡན་པ་སྨྲ་བ་ནི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་གསུང་ཉག་གཅིག་ཁོ་ན་ཡིན་ནོ། །དེ་ལ་ཕྱིའི་ཆོས་ཐམས་ཅད་དཔེར་ན་ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་རྒྱུ་འབྲས་གྱི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་ལ། ནང་གི་ཆོས་སེམས་ཅན་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་འབྱུང་བ་ཡིན། ཕྱིའི་རྟེན་འབྲེལ་དེ་དག་རྒྱུ་དང་འབྲེལ་བ་ནི། དཔེར་ན། ས་བོན་དང་མྱུ་གུ་དང་། སྡོང་བུ་དང་། འདབ་མ་དང་སྦུ་གུ་དང་། སྙིང་པོ་དང་། མེ་ཏོག་དང་། འབྲས་བུ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ལ་རྟེན་ནས་རིམ་བཞིན་སྐྱེ་བའི་དབང་དུ་བྱས་ཏེ་གསུངས་སོ། །རྐྱེན་དང་འབྲེལ་བ་ནི། ས་ཆུ་མེ་རླུང་ནམ་མཁའ་དུས་དང་དྲུག་སྟེ། རིམ་པ་ལྟར་རྟེན་པ་ནི་འབྱུང་བ་ས་དང་ཆུ་ཡིས་་སྡུད་པ་བྱེད་ཅིང་མེས་སྨིན་པ་དང་རླུང་གིས་འཕེལ་བ་ནམ་མཁས་གོ་བྱེད་པ་སོགས་རིམ་པ་བཞིན་འགྱུར་བར་བྱེད་དེ། ལྷན་ཅིག་བྱེད་པའི་རྐྱེན་འདི་དག་གིས་གོང་གི་མྱུ་གུ་ནས་འབྲས་བུའི་བར་དུ་བདུན་པོ་རྣམས་འབྱུང་བའི་གྲོགས་བྱེད་དོ། །
ནང་གི་རྟེན་འབྲེལ་ལ་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གི་ཚུལ་སྡུག་བསྔལ་འབའ་ཞིག་གིས་གྲུབ་པའི་ཕུང་པོ་འདི་འབྱུང་བར་འགྱུར་པ་གསུང་ལ། དེ་ལ་མ་རིག་པ་འགགས་པས་འདུ་བྱེད་སོགས་ནས་རྒ་ཤིའི་བར་རྟེན་འབྲེལ་ལུགས་ལྡོག་གི་ཚུལ་སྡུག་བསྔལ་གྱིས་གྲུབ་པའི་ཕུང་པོ་འདི་སྐྱེ་བའི་རྒྱུན་འགག་པར་འགྱུར་རོ་ཞེས་གསུངས་པ་ལྟར་དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་ཞིབ་ཏུ་བཤད་ན། མ་རིག་པ།
དེ་ཡང་ཐོག་མར་མ་རིག་པ་ཞེས་བསྟན་ཏེ་དེའི་དོན་ནི་བདེན་པའི་དོན་ལ་རྨོངས་ཤིང་ཡང་དག་པའི་དོན་ལ་སྒྲིབ་སྟེ་བདེན་དོན་མ་མཐོང་བས་ན་མི་ཤེས་པ་ཏེ། འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་གྱི་འཁོར་བའི་སེམས་ཅན་རྣམས་ཀྱི་རང་སའི་ཕུང་པོ་ལ་དམིགས་ནས་དེ་ལ་རྟག་པ་དང་བདེ་བ་དང་བདག་དང་རིལ་པོ་དང་གཅིག་པུ་དང་སེམས་ཅན་དང་བདག་གིར་འདུ་ཤེས་པ་ལ་སོགས་དངོས་པོའི་རང་བཞིན་དང་མི་མཐུན་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་རྨོངས་པས་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པའི་ཀུན་རྟོག་དེ་ལ་མ་རིག་པ་ཞེས་བྱའོ། །
འདུ་བྱེད། བདག་ཏུ་འཛིན་པའི་མ་རིག་པ་དེ་ཡོད་ན་དེའི་དབང་གིས་ཆགས་སྡང་རྨོངས་གསུམ་གྱིས་བསྐྱེད་པའི་བསོད་ནམས་དགེ་བའི་ལས་དང་། བསོད་ནམས་མ་ཡིན་པ་མི་དགེ་བའི་ལས་དང་། དགེ་མི་དགེའི་ལས་གང་ཡང་མ་ཡིན་པའི་བཏང་སྙོམས་ཏེ་མི་གཡོ་བའི་ལས་རྣམས་འབྱུང་བས་ན། རྣམ་པར་ཤེས་པ་ལ་ཡང་སྲིད་ཀྱི་ས་བོན་འདེབས་བྱེད་ཀྱི་ལས་དེ་ལ་འདུ་བྱེད་ཅེས་བྱ་སྟེ། བསོད་ནམས་དགེ་བའི་ལས་ཀྱིས་མཐོ་རིས་ཀྱི་རྟེན་དང་བདེ་བ་འཐོབ་པར་བྱེད་ཅིང་། བསོད་ནམས་མ་ཡིན་པ་མི་དགེ་བའི་ལས་ཀྱིས་ངན་སོང་གི་རྟེན་དང་སྡུག་བསྔལ་མྱོང་བར་འགྱུར་བ་དང་། དགེ་མི་དགེའི་ལས་གང་ཡང་མ་ཡིན་པའི་བཏང་སྙོམས་མི་གཡོ་བའི་ལས་ཀྱིས་ཁམས་གོང་མ་གཉིས་ཀྱི་ཡང་སྲིད་འདུ་བྱེད་དོ། །
རྣམ་ཤེས། འདུ་བྱེད་ཀྱི་ལས་དེས་ཕྱི་མར་སྲིད་པའི་སྐྱེ་གནས་རིགས་དྲུག་འཁོར་བའི་གནས་སུ་འགྲོ་བར་བྱེད་པའི་རྣམ་ཤེས་འབྱུང་བར་བྱེད་དེ། ཡང་སྲིད་འཕེན་བྱེད་སྡིག་པ་མི་དགེ་བའི་ལས་ཀྱི་ས་བོན་དེ་བག་ཆགས་ཀྱི་ཚུལ་དུ་རྣམ་ཤེས་ལ་བཞག་པ་དེ་ལ་འཕེན་བྱེད་ཀྱི་རྣམ་ཤེས་ཞེས་བརྗོད་ལ། ནམ་ཞིག་རྒྱུ་རྐྱེན་ཚོགས་ནས་སྲིད་པའི་སྐྱེ་གནས་སུ་ཁྲིད་པ་དེ་ལ་འཕངས་འབྲས་ཀྱི་རྣམ་ཤེས་ཞེས་ཀྱང་བྱའོ།། འཕེན་བྱེད་ཀྱི་རྣམ་ཤེས་དང་འཕངས་འབྲས་རྣམ་ཤེས་དེ་གཉིས་ཀ་དོན་དུ་ཡང་སྲིད་འགྲུབ་བྱེད་རྣམ་ཤེས་ཀྱི་ཡན་ལག་ཡིན་པ་གཅིག་ཡིན་ནོ། །
མིང་གཟུགས། རྣམ་ཤེས་དེའི་དབང་གིས་ཕ་མའི་རྒྱུ་རྐྱེན་ལ་བརྟེན་ནས་མངལ་དུ་ཉིང་མཚམས་སྦྱོར་བ་ན་རྣམ་ཤེས་དང་ཚོར་བ་འདུ་ཤེས་འདུ་བྱེད་དེ་མིང་བཞིའི་འདུས་པའི་ཕུང་པོ་དང་ལྷན་ཅིག་ཏུ་བདུན་ཕྲག་རེའི་མཚམས་སུ་མེར་མེར་པོ་དང་གོར་གོར་པོ་ལ་སོགས་པའི་གཟུགས་ཏེ་མིང་གཟུགས་ཀྱི་ཡན་ལག་དེ་དག་མདུང་ཁྱིམ་ལྟར་ཕན་ཚུན་བརྟེན་པའི་ཚུལ་གྱིས་སྲིད་པའི་ལུས་ཀུན་ནས་འཛིན་པ་འབྱུང་ངོ་། །
སྐྱེ་མཆེད། དེ་ལས་རྣམ་ཤེས་དང་ཚོར་བ་འདུ་ཤེས་འདུ་བྱེད་དེ་མིང་གཟུགས་ཀྱི་གནས་སྐབས་ཡོངས་སུ་རྫོགས་པ་ན་ནང་གི་མིག་གི་རྣམ་པ་ཤེས་པ་དང་དེ་བཞིན་དུ་རྣ་བའི་རྣམ་པ་ཤེས་པ་སྣའི་རྣམ་པ་ཤེས་པ་ལྕེའི་རྣམ་པ་ཤེས་པ་ལུས་ཀྱི་རྣམ་པ་ཤེས་པ་ཡིད་ཀྱི་རྣམ་པ་ཤེས་པའི་བར་སྐྱེ་མཆེད་དྲུག་འབྱུང་ངོ་། །
རེག་པ། དེ་ལས་གཟུགས་སྒྲ་དྲི་རོ་སོགས་ཡུལ་དྲུག་དང་མིག་རྣ་སྣ་ལྕེ་ལུས་ཏེ་དབང་པོ་དྲུག་མིག་གི་རྣམ་པ་ཤེས་པ་ནས་ཡིད་ཀྱི་རྣམ་པ་ཤེས་པའི་བར་རྣམ་ཤེས་དྲུག་སྟེ་དེ་ལྟར་ཡུལ་དབང་ཤེས་ གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པ་སོགས་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རེག་པ་དྲུག་འབྱུང་བ་ནི་རེག་པའི་ཡན་ལག་གོ །
ཚོར་བ། རེག་པ་དེ་ལས་ཚོར་བར་བདེ་བ་དང་སྡུག་བསྔལ་བཏང་སྙོམས་གསུམ་གྱི་ཆ་ལ་ཉེ་བར་ལོངས་སྤྱོད་པ་ནི་དབང་པོ་རྟེན་བཅས་དང་དེ་མཚུངས་ཀྱི་དབང་པོ་སོགས་དབང་པོ་ལྔ་གང་རུང་ལ་རྟེན་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་རེག་པ་ལས་འབྱུང་བའི་ཚོར་བའི་ཡན་ལག་གོ །
སྲེད་པ། ཚོར་བ་དེ་ལ་བརྟེན་ནས་ཚོར་བ་བདེ་བ་ལ་མི་འབྲལ་བར་འདོད་པའི་འདོད་སྲེད། ཚོར་བ་མི་བདེ་བ་ལ་འདོར་བར་འདོད་པའི་འཇིག་སྲེད། བཏང་སྙོམས་ལ་རང་གར་གནས་ཤིང་། གཟུགས་ནས་ཆོས་ཀྱི་བར་ཡུལ་དྲུག་པོ་དེ་ལ་སྲེད་པ་སྐྱེ་སྟེ། མདོར་ན་ཚོར་བའི་རྒྱུ་ལས་ཡུལ་གྱི་རོ་མྱང་བ་དང་དགའ་ཞིང་ཞེན་པ་སྐྱེ་བས་ཡུལ་སྡུད་པ་ནི་སྲེད་པའི་ཡན་ལག་གོ །
ལེན་པ། སྲེད་པ་དེ་ལས་བདག་སྡུག་པ་དང་བདེ་བའི་ངོ་བོ་ལས་འབྲལ་བར་མ་གྱུར་ཅིག །ཅེས་འདོད་ཆགས་ཀྱི་སྲེད་པ་ལྷག་པར་འཕེལ་ཏེ། ཡུལ་དང་དུ་ལེན་པ་ལ་དངོས་སུ་སྦྱོར་བ་ནི་ལེན་པའི་ཡན་ལག་སྟེ། འདི་ལ་དབྱེ་བ་བྱས་ན། འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞིར་ཡང་གསུངས་སོ།
སྲིད་པ། ལེན་པ་དེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྲིད་པ་ཕྱི་མ་འགྲུབ་པའི་ལས་མངོན་དུ་བྱས་པ་ནི་སྲིད་པའི་ཡན་ལག་ཏེ་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་པོ་དེ་འགྲུབ་པའི་ལས་བྱ་བ་ཡིན་ནོ། །
སྐྱེ་བ། སྲིད་པ་དེའི་མཐུས་ནམ་ཞིག་རྐྱེན་ཚོགས་པ་ན། ཡང་སྲིད་ཀྱི་སྐྱེ་གནས་དེར་དངོས་སུ་དང་པོར་སྐྱེ་བ་དང་ལུས་རྫོགས་པ་དང་རིས་མཐུན་པར་གནས་པ་ནི་སྐྱེ་བའི་ཡན་ལག་སྟེ། དེ་ནི་རྟེན་དེ་ལས་སྡུག་བསྔལ་ཇི་སྙེད་མྱོང་བའི་གཞིར་གྱུར་པ་ཡིན་ནོ། །
རྒ་བ། སྐྱེ་བ་དེ་ལས་ཕུང་པོའི་རྒྱུན་འགྱུར་བའི་སྐྱེས་མ་ཐག་བྱིས་པའི་དུས་ནས་ན་སོན་པ་དང་ཁམས་གསུམ་འཁོར་བའི་འཁྲུལ་སྣང་དང་ལས་སྣང་གིས་ལམ་དུ་ཞུགས་ཏེ་ངལ་བས་དུབ་ནས་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་ནོན་ཏེ་མཐར་རྒས་ཤིང་འཁོག་པའི་བར་རྒ་བའི་ཡན་ལག་གོ །
ཤི་བ། དེ་ལྟར་སྡུག་བསྔལ་སྣ་ཚོགས་པས་མནར་བའི་ལམ་ནས་རྒས་ཤིང་འཁོག་པར་གྱུར་མཐར་ཕུང་པོའི་རྒྱུན་འགགས་ནས་ནམ་ཞིག་ཚེ་འཆི་བའི་སར་བསླེབས་ཏེ་དབུགས་ཀྱི་རྒྱུན་ཐག་ཆད་པ་ནི་ཤི་བ་སྟེ་དེས་མཚོན་ནས་ནང་གི་ཡོངས་སུ་གདུང་བ་མྱ་ངན་དང་། དེ་ལས་བྱུང་བའི་ཚིག་སྨྲ་བ་སྨྲེ་སྔགས་འདོན་པ་སོགས་དེ་ལྟར་མདོར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་ནི་འཁོར་བར་སྐྱེ་བ་ལས་བྱུང་བའོ། །