རྟོག་གེ་སྡེ་དྲུག་ལས་རིགས་པ་ཅན་པའི་གྲུབ་མཐའི་བྱུང་འཕེལ་སྐོར་གྱི་ཞིབ་འཇུག
བསོད་བྷ་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01
དང་པོ། རིགས་པ་ཅན་པའི་སྟོན་པ།
རིགས་པ་ཅན་པའི་སྟོན་པ་ནི་རང་རེའི་བོད་ཀྱི་གཞུང་ལྟར་ན་དྲང་སྲོང་རྐང་མིག་ཡིན་པར་འདོད།《གྲུབ་མཐའ་ཆེན་མོ》 ལས“རྐང་མིག་གིས་བྱས་པའི་ལྟ་བའི་རྗེས་སུ་འབྲངས་པས་ན་རིགས་པ་ཅན།”ཞེས་གསུངས་སོ། །ནང་བའི་བསྟན་བཅོས་རྒྱ་འགྱུར་མ་དག་ལས་གྲུབ་མཐའ་འདིའི་སྲོལ་བཏོད་པ་པོ་ནི་གོ་ཏ་མ་ཡིན་པར་འདོད། རྒྱ་ནག་གི་གནའ་བོའི་བསྟན་བཅོས་དག་ཏུ་ཨེ་ཁྲ་ཕོ་ཐའོ་དང་། ཡང་ན་ཆའོ་ཏ་མའོ་ཞེས་སུ་འབོད། འདི་ནི་ལེགས་སྦྱར་གྱི་སྐད་སོར་བཞག་བྱས་པ་ཡིན་ཏེ་ལེགས་སྦྱར་སྐད་དུ་ཨཀྵ་པཱ་དཿཟེར། འདི་དོན་བསྒྱུར་བྱས་ན་དྲང་སྲོང་རྐང་མིག་ཅེས་པའི་དོན་ཡིན་པས་སྒྲ་བསྒྱུར་དང་དོན་བསྒྱུར་ཙམ་ལས་དོན་གྱི་འབབ་ས་གཅིག་ཡིན། ཡང་མཁས་པ་ཁ་ཤས་ཀྱིས་ཨཀྵ་པཱ་དཿ དང་གོ་ཏ་མ་གཉིས་མི་འདྲ་བར་འདོད་ཚུལ་ཡང་ཡོད། འོན་ཀྱང་སྐབས་འདིེར་བཤད་པའི་རིགས་པ་ཅན་པའི་གྲུབ་མཐའི་སྲོལ་བཏོད་པ་པོ་གོ་ཏ་མ་དང་ཨཀྵ་པཱ་དཿགཉིས་གཅིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད་དོ། །
ཡང《ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ》ལས། “གལ་ཏེ་གཞན་དག་ཁྱེད་ཅིའི་ཕྱིར་བསྟན་བཅོས་མ་ལུས་པའི་དེ་ཁོ་ན་ཉིད་རྟོགས་ནས། སེར་སྐྱ་དང༌། གཟེགས་ཟན་དང་རྐང་མིག་ལ་སོགས་པའི་སྟོན་པ་དང༌། དེས་བྱས་པའི་བསྟན་པ་རྣམས་ཀྱང་སྤངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་དང༌། དེའི་བསྟན་པ་ལ་འཇུག་པར་བྱེད་ཅེས་ཟེར།” ཞེས་གསུངས་པ་ལ་བརྟགས་ན་སྟོན་པ་སངས་རྒྱས་དང་དུས་མཉམ་དུ་བྱུང་བ་ཞིག་ཀྱང་ཡིན་ནམ་སྙམ་མོད། ད་དུང་དཔྱད་པའི་གཞིའོ། །ཡང་ཕྱིས་ཀྱི་མཁས་པ་རྣམས་ལ་ཡོངས་གྲགས་སུ་ཕལ་ཆེར་སྤྱི་ལོ་དུས་རབས་དང་པོའི་ནང་བྱུང་བར་འདོད།
གཉིས་པ། རིགས་པ་ཅན་པའི་ལྟ་གྲུབ་ཀྱི་ཕྱི་མོའི་ཁུངས།
ལེགས་སྦྱར་སྐད་དུ་ནྱཡྱཾ་རིགས་པ་ཅན་དང་། ནྱ་ཡྱཾཿནི་རིགས་པའམ་འོས་པའི་དོན་དུ་འཇུག་པ་ཡིན། དེས་ན་བོད་སྐད་དུ་གྲུབ་མཐའ་འདིའི་མིང་ལ་རིགས་པ་ཅན་པ་ཟེར། ནྱ་ཡྱཾ་ལ་རྒྱ་འགྱུར་དུ་མ་བྱུང་ཡོད། རིགས་པ་ཅན་པའི་ཁུངས་གང་ཡིན་ལ་འདོད་ཚུལ་མི་འདྲ་བ་མང་མོད། ཁ་ཤས་ཀྱིས་གནའ་བོའི་རྒྱ་གར་གྱི་རྩོད་གཞུང་ཡིན་པར་འདོད། ཡང་ཁ་ཤས་ཀྱིས་གནའ་བོའི་རྒྱ་གར་གྱི་རིག་བྱེད་དང་ཚངས་པའི་མདོ་སོགས་སུ་མཆོད་སྦྱིན་གྱི་སྐོར་གླེང་སྐབས་ནྱ་ཡྱཾ་གླེང་ཡོད་པས་ཚངས་པའི་མདོ་དང་དུས་མཉམ་པའི་ལྟ་གྲུབ་སྨྲ་བའི་གྲུབ་མཐའ་ཞིག་ཡིན་ཟེར། 《 གོ་ཏ་མའི་ཁྲིམས་ཀྱི་མདོ》 ལས། རྩོད་པའི་ཐབས་མང་དུ་བསྟན་ཡོད་པ་དང་།《མ་ནུའི་ཁྲིམས་ཡིག》ལས། རིགས་པ་ཅན་པ་ནི་གནའ་བོའི་རྒྱ་གར་དུ་
རྒྱལ་པོའི་ལུགས་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན་པ་དང་རྒྱལ་ཁྲིམས་ཀྱང་རིགས་པ་ཅན་པའི་གཞུང་ལུགས་སྨྲ་བ་དག་གིས་གཏན་ལ་ཕབ་པའང་ཡིན་ཟེར། ཡང་བྲམ་ཟེའི་ཆོས་ལུགས་ཀྱི་ཡོད་སྨྲའི་མཚན་ཉིད་རིག་པ་དང་། དགེ་སྦྱོང་གི་བསམ་འཁྱེར་གཉིས་ནི་རིགས་པ་ཅན་པའི་གྲུབ་མཐའ་འདི་གྲུབ་པར་བྱེད་པ་ལ་ཤན་ཐེབས་ཡོད་ངེས། གྲུབ་མཐའ་འདིའི་མཚན་ཉིད་རིག་པའི་མ་ལག་ཅུང་ཆ་ཚང་བའི་སྐབས་ནི། མིག་སྔར་མཁས་པ་རྣམས་ལ་བཞེད་པ་མི་མཐུན་པ་མང་མོད། ལྟ་གྲུབ་ཀྱི་ཆེས་ཐོག་མའི་རྣམ་པ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྐབས་སུ་བྱུང་བར་ཡོངས་གྲགས་ཀྱིས་བཞེད་དོ། །
གསུམ་པ། རིགས་པ་ཅན་པའི་གཞུང་ལུགས་ཀྱི་འཕེལ་རིམ།
རིགས་པ་ཅན་པའི་གཞུང་ལུགས་ཀྱི་ཐོག་མ་ནི་དྲང་སྲོང་རྐང་མིག་གིས་མཛད་པར་གྲགས་པའི《 རིགས་པའི་མདོ》 ཡིན། འདིའི་ནང་དོན་གྱི་སྐོར་ལ་རྒྱ་ནག་གི་བསྟན་བཅོས་འགར་བཀོད་ཡོད་པ་དེ་གཞིར་བྱས་ན། བསྟན་བཅོས་ཡོངས་ལ་བམ་པོ་ལྔ་དང་ཚིག་དུམ(528)ཡོད་པ་དང་ལེའུ་བཅུ་ཡོད། འདི་ཉིད་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ནས་བཞི་པའི་བར་བྱུང་བ་ཡིན་པར་འདོད། ཡིན་ཡང་དུས་རབས་དང་པོའི་ནང་དུ་དྲང་སྲོང་རྐང་མིག་བྱུང་བ་ཡིན་ན། རིགས་པ་ཅན་པའི་མདོ་མཛད་མཁན་ཡང་དྲང་སྲོང་རྐང་མིག་མ་ཡིན་པར་འགྱུར་ལ། ལྟ་གྲུབ་ཀྱི་ཆེས་ཐོག་མའིི་སྐབས་སུའང་རིགས་པ་ཅན་པའི་མདོ་ཡོད་པར་ཁས་ལེན་དགོས་པ་ཡིན། ཡོངས་གྲགས་སུ་རིགས་པ་ཅན་པའི་གྲུབ་མཐའ་འདིའི་སྟོན་པ་དྲང་སྲོང་རྐང་མིག་གིས《རིགས་པའི་མདོ》 མཛད་པ་ཡིན་པར་བཞེད། ཕྲན་གྱིས་རྨོངས་ཚོད་ལ་དྲང་སྲོང་རྐང་མིག་གིས་ཆེས་ཐོག་མར་རྟོག་གེའི་ཚིག་དོན་བཅུ་དྲུག་གཏན་ལ་ཕབ་པ་ཡིན་སྙམ། དེ་ཅིའི་ཕྱིར་ཞེ་ན། རིགས་པ་ཅན་པའི་མདོ་ཡི་ལེའུ་དང་པོར་གསལ་བ་ནི་རྟོག་གེའི་ཚིག་དོན་དྲུག་ཡིན་ཞིང་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་འདི་ཉིད་རིམ་གྱིས་ཁ་བསྐང་བ་ཡིན་པར་འདོད། འདི་ལ་སྒྲུབ་བྱེད་གཞན་ཞིག་ཡོད་པ་ནི། རྒྱ་ནག་གི་མཁས་པ་ཧྲིན་ཅན་ཡིང《རིགས་པའི་མདོའི་འགྲེལ་བཤད》ཅེས་པའི་བསྟན་བཅོས་ཀྱི་སྔོན་འགྲོའི་གཏམ་དུ་འདི་ལྟར་བཤད་དེ། 《 རིགས་པའི་མདོ》 འཕགས་ཡུལ་བྲམ་ཟེ་རིགས་པ་ཅན་པའི་གཞུང་གཙོ་བོ་ཡིན། གཞུང་དེ་དུས་སྐབས་གཅིག་དང་གང་ཟག་གཅིག་གིས་བརྩམས་པའི་བསྟན་བཅོས་ཤིག་མ་ཡིན་ཏེ། དེའི་བམ་པོ་དང་པོ་ནི་གྲུབ་མཐའ་དེའི་སྟོན་པ་དྲང་སྲོང་རྐང་མིག་གིས་བྱས་པའི་ཚིག་དོན་བཅུ་དྲུག་གི་དོན་ཡིན།”ཞེས་གསུངས་པ་ལྟར།《རིགས་པའི་མདོའི》 ཆེས་ཐོག་མའི་མཚན་ཉིད་རིག་པའི་ལྟ་བ་ནི་རྟོག་གེའི་ཚིག་དོན་བཅུ་དྲུག་ཡིན་ལ། འདི་ཉིད་སྐབས་དེར《རིགས་པའི་མདོའི》 ཆེས་ཐོག་མའི་ཆ་ཤས་ཤིག་ཡིན་པས་ཡོངས་གྲགས་ལ་གཞུང་འདི་ཉིད་མཛད་པ་པོ་དྲང་སྲོང་རྐང་མིག་ཏུ་གྲགས་པ་ཡང་རྟོག་གེའི་ཚིག་དོན་བཅུ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་འདོད། འདི་ལ་གཞི་བྱས་ནས་རིགས་པ་ཅན་པའི་ལྟ་གྲུབ་སྟོན་པའི་རྣམ་གཞག་དག་ཀྱང་རིམ་གྱིས་འཕེལ་བ་ཞིག་ཏུ་འདོད། ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་མཆོག་གིས“ལེའུ་ལྔ་པའི་འདོད་པའང་ཀླུ་སྒྲུབ་ཀྱི་གཞུང་དུ་གསལ་བས་ན་རིགས་པའི་མདོའི་ལེའུ་དང་པོ་དང་ལྔ་པ་ཀླུ་སྒྲུབ་ཀྱིས་མཁྱེན་གྱི་ཡོད། རིགས་པའི་མདོའི་ལེའུ་གཉིས་པ་དང་གསུམ་པར་ཀླུ་སྒྲུབ་ཀྱི་འདོད་པའང་གསལ་བས་དེ་དག་ཀླུ་སྒྲུབ་ཀྱི་རྗེས་རོལ་ཏུ་བརྩམས་ཡོད། མཁས་པ་ཨུ་ཨིས་ད་ཡོད་རིགས་པའི་མདོ་ལེའུ་དྲུག་པ་ཅན་དུ་ཕྱོགས་བསྒྲིགས་བྱས་པ་ནི་ཕྱི་ལོ(300-350-250-350)བར་ཡིན་གསུངས་པ་ནི་རན་པའི་འགྲེལ་བརྗོད་ཅིག་རེད། ཀླུ་སྒྲུབ་དང་རིགས་པའི་མདོའི་འབྲེལ་བ་ཞིབ་ཆ་མཁས་པ་ཁ་ཆེ་ཡ་མས་གསུངས་པ་རྣམས་གཟིགས་དགོས།”ཞེས་གསུངས་པ་ནི་གནད་ལ་ཁེལ་བའི་གཏམ་ཞིག་ཏུ་སེམས་སོ། །རིགས་པ་ཅན་པའི་མདོ་ལ་ཕྱིས་སུ་འགྲེལ་མི་འདྲ་བ་དུ་མ་བྱུང་ལ། ཆེས་ཐོག་མའི་མདོ་འགྲེལ་ནི་བཱ་ཏ་ས་ཡཱ་ཡ་ན་ལགས་ཀྱིས་བརྩམས་པའི《 རིགས་པ་ཅན་པའི་མདོའི་འགྲེལ་པ》ཡིན་ལ། ཡང་སྤྱི་ལོའི་དུས་རབས་དྲུག་པའི་སྐབས་སུ་ཨུ་ཌཱ་ཡོ་ཀ་ར་ལགས་ཀྱིས་བརྩམས་པའི 《 རིགས་པའི་མདོའི་འགྲེལ་བཤད》ཅེས་པའི་འགྲེལ་པ་ཞིག་ཀྱང་བྱུང་། ཡང་དུས་རབས་དགུ་པའི་སྐབས་ཀྱི་ཕཱ་ཀྲི་སེ་པོ་ཏིས་ལགས་ཀྱིས་བརྩམས་པའི《 རིགས་པའི་བདེན་པ་རྣམ་བཤད》ཡིན། དུས་རབས་བཅུ་པའིི་མཇུག་ཏུ་ཨུ་དཱ་ཡ་ན་ལགས་ཀྱིས《བདེན་པའི་རྣམ་བཤད་ཀྱི་འགྲེལ་པ》དང་། 《 རིགས་པའི་མེ་ཏོག་ཚོམ་བུ》 སོགས་ཡིན། རིགས་པ་ཅན་པ་ལ་ཡང་སྔ་དུས་དང་ཕྱི་དུས་ཀྱི་ཁྱད་པར་ཡོད་དེ། གོང་གི་འདི་དག་ནི་རིགས་པ་ཅན་པའི་སྔ་དུས་ཀྱི་གཞུང་ལུགས་ཀྱི་འཕེལ་རིམ་ཡིན་ལ། དུས་རབས་བཅུ་གཉིས་པའི་སྐབས་ནས་བཟུང་ཕྱི་དུས་ཀྱི་རིགས་པ་ཅན་པའི་གཞུང་ལུགས་ཀྱང་རིམ་གྱིས་འཕེལ་འགྱུར་བྱུང་ཡོད་དེ། སྐབས་འདིར་བྱུང་བའི་བསྟན་བཅོས་གཙོ་བོ་ནི་ག་ཎ་གི་ས་ལགས་ཀྱིས་བརྩམས་པའི《 བདེན་པའི་ཡིད་བཞིན་ཕྲེང་བ》ཡིན། ཡང་དུས་རབས་འདིའི་ནང་དུ་བྱུང་བའི་བ་ར་དྲཱ་ཛ་ལགས་ཀྱིས《རྟོག་གེའི་སྲུང་བ》ཞེས་པ་བརྩམས་ཡོད། ཡང་དུས་རབས་བཅུ་གསུམ་པའི་སྐབས་སུ་ཀེ་ས་བ་མི་ས་ར་ལགས་ཀྱིས《རྟོག་གེའི་བཤད་པ》ཞེས་པ་བརྩམས་ཡོད། ཡང་དུས་ཕྱིས་སུ་དུས་རབས་བཅུ་དྲུག་པའི་སྐབས་སུ་ཨན་ན་མ་མ་ཧ་ཏྟ་ལགས་ཀྱིས 《 རྟོག་གེའི་མདོ་དོན》སོགས་བརྩམས་པས་རིགས་པ་ཅན་པའི་གྲུབ་མཐའ་འདིའི་གཞུང་ལུགས་ཀྱི་མ་ལག་ཅུང་ཆ་ཚང་དུ་གྱུར་ཡོད།
དུས་རབས་བཅུ་གཉིས་པའི་སྐབས་ནས་བཟུང་རིགས་པ་ཅན་པ་དང་བྱེ་བྲག་པ་གཉིས་ལྟ་གྲུབ་ཀྱི་ཆ་ནས་མཐུན་པར་གྱུར་བ་ཡིན། དེ་ནི་སྐབས་དེར་བྱུང་བའི་བ་ར་དྲཱ་ཛ་དང་། དུས་རབས་བཅུ་གསུམ་པའི་སྐབས་ཀྱི་ཀེ་ས་བ་མི་ས་ར་དང་། དུས་རབས་བཅུ་དྲུག་པའི་སྐབས་ཀྱི་ཨན་ན་མ་མ་ཧ་ཏྟ་སོགས་ཀྱིས་བརྩམས་པའི་བསྟན་བཅོས་དེ་དག་ལ་བརྟེན་ནས་གཅིག་ཏུ་གྱུར་པ་ཡིན་ནོ། །དེས་ན་རང་རེའི་བོད་ཀྱི་མཁས་པ་འགས་བྱེ་བྲག་པ་རིགས་པ་ཅན་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་ཡང་གནད་འདི་ལ་ཐུག་ཡོད་སྙམ།
མཇུག་སྡུད་པ།
སྤྱིར་རིགས་པ་ཅན་པའི་བྱུང་འཕེལ་སྐོར་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཉུང་ལ། དེ་ལས་ཀྱང་ནང་བའི་བསྟན་བཅོས་དག་ཏུ་བྱུང་འཕེལ་གྱི་སྐོར་མི་གསལ། ཡིན་ཡང་གནའ་བོའི་རྒྱ་གར་ལ་མཚོན་ན་རིགས་ཅན་པ་ནི་མཚན་ཉིད་རིག་པའི་གྲུབ་མཐའ་སྔ་ཤོས་ཡིན་པ་དང་། གྲུབ་མཐའ་འདིའི་ལྟ་གྲུབ་ཀྱི་ཕྱི་མོའི་ཁུངས་ནི་རྒྱ་གར་གྱི་རྩོད་གཞུང་ཡིན་པར་འདོད། ཡང་ལ་ཤས་ཀྱིས་གནའ་བོའི་རྒྱ་གར་གྱི་རིག་བྱེད་དང་ཚངས་པའི་མདོ་སོགས་སུ་མཆོད་སྦྱིན་གྱི་སྐོར་གླེང་སྐབས་ནྱ་ཡྱཾ་གླེང་ཡོད་པས་ཚངས་པའི་མདོ་དང་དུས་མཉམ་པའི་ལྟ་གྲུབ་སྨྲ་བའི་གྲུབ་མཐའ་ཞིག་ཡིན། ཡང་ནང་བའི་བསྟན་བཅོས་དག་ཏུ་རིགས་པ་ཅན་པའི་སྟོན་པ་ནམ་བྱུང་གི་དུས་ཚོད་གཏན་ཁེལ་བྱེད་དཀའ་ལ། རྒྱལ་ཁབ་ཕྱི་ནང་གི་ཉེ་རབས་ཀྱི་མཁས་པ་དག་གི་བཞེད་དགོངས་ལྟར་ན་ཕལ་ཆེར་སྤྱི་ལོ་དུས་རབས་དང་པོའི་ནང་བྱུང་བར་འདོད། ཡང་ལྟ་གྲུབ་ཀྱི་ཆེས་ཐོག་མའི་རྣམ་པ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྐབས་སུ་བྱུང་བར་ཡོངས་གྲགས་ཀྱིས་བཞེད་པ་དང་། གཞུང་ལུགས་ཀྱི་འཕེལ་རིམ་ནི་རིགས་པ་ཅན་པའི་མདོ་ལ་བརྟེན་ནས་རིམ་གྱིས་བྱུང་བ་ཞིག་ཡིན། །
◆ བསོད་བྷ་རྒྱ་མཚོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་2016ལོའི་ཚད་མ་རིག་པའི་ཞིབ་འཇུག་སློབ་མ།