གསར་འགྱུར་རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་འདེམས་སྐབས་ཀྱི་གནད་འགའ་རགས་ཙམ་གླེང་བ།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


གཅིག རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་

འདེམས་པའི་གལ་ཆེན་རང་བཞིན།

ཉིན་རྒྱུན་གསར་འགྱུར་མང་པོ་བྱུང་དང་འབྱུང་བཞིན་ཡོད་མོད། འོན་ཀྱང་གསར་དུ་བྱུང་བའི་དོན་དངོས་ཚང་མ་བཀོལ་སྤྱོད་མི་ཐུབ་པས། རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་ལ་དཔྱད་འདེམས་བྱ་རྒྱུ་ནི་དགོས་ངེས་ཀྱི་བྱ་བ་ཞིག་ཡིན། དཔྱད་འདེམས་ཀྱི་གསར་འགྱུར་མ་ཡིག་ལ་ནང་དོན་ཕུན་སུམ་ཚོགས་པོ་དང་རྣམ་པ་ལེགས་པོ། དོན་དངོས་རང་བཞིན་དང་ཡང་དག་རང་བཞིན། གནད་བསྡུས་ཤིང་གསོན་ཉམས་ལྡན་པ། གསར་འགྱུར་གྱི་རིན་ཐང་ཡོད་པ། གསར་འགྱུར་དྲིལ་བསྒྲགས་ཀྱི་རེ་འདུན་དང་མཐུན་པ་ཡིན་དགོས། མ་ཡིག་གི་གཞི་རྩའི་ཆ་རྐྱེན་འདི་དག་ལ་བརྟེན་ནས་རྩོམ་སྒྲིག་པས་རིན་ཐང་ལྡན་པའི་གསར་འགྱུར་འདེམས་ཐུབ་སོང་ན། གསར་འགྱུར་ལས་ཁུངས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་ཆབ་སྲིད་ལངས་ཕྱོགས་གསལ་པོ་བསྟན་ཐུབ་པ། གསར་འགྱུར་གྱི་སྤུས་ཚད་དང་རྣམ་པ། ཁྱད་ཆོས་སོགས་ཀྱང་མངོན་པ་མཚོན་ཐུབ་པ་ཡིན་སྟབས། གསར་འགྱུར་མ་ཡིག་དཔྱད་འདེབས་བྱ་རྒྱུ་ཉིན་བཞིན་གལ་ཇེ་ཆེ་འགྲོ་བཞིན་ཡོད། རྩོམ་སྒྲིག་པས་མ་ཡིག་འདེབས་སྐབས་མ་ཡིག་གི་སྤུས་ཀ་དང་རིན་ཐང་ལ་བལྟས་ནས་འདེམས་དགོས་པ་ལས། གསར་འགྱུར་འབྱུང་ཁུངས་ཀྱི་ལས་ཁུངས་དང་མི་སྒེར། ཚོགས་པ་སོགས་གྲགས་ཞན་ལ་རྐང་བཙུགས་མི་རུང་། དེ་མིན་དེང་སང་གསར་འགྱུར་ལས་ཁུངས་སོ་སོའི་བར་འགྲན་རྩོད་ཤིན་ཏུ་ཆེ་བས། དོ་སྣང་དང་རྒྱ་ཁྱབ་ཆེ་བའི་གསར་འགྱུར་རྣམས་ཚང་མས་རང་ནུས་ཅི་ལྕོགས་ཀྱིས་ཡོངས་བསྒྲགས་བྱེད་སྐབས། རྩོམ་སྒྲིག་པས་འགན་ཕྲག་ཏུ་འཁུར་ནས་རྣམ་པ་སྣ་ཚོགས་པའི་མ་ཡིག་འབོར་ཆེན་ལས། ལེགས་ཉེས་བླང་དོར་གྱིས་གསར་འགྱུར་རིན་ཐང་ཅན་དང་འགངས་ཆེན་འདེམས་ཐུབ་ན། ད་གཟོད་རང་གི་ཁྱད་ཆོས་དང་སྤུས་ཚད། རིན་ཐང་སོགས་མངོན་པ་བྱ་ཐུབ་པ་དང་། གསར་འགྱུར་བསྒྲགས་པའི་དུས་ཚོད་དང་ཆེས་ཐག་ཉེ་ཞིང་ཡོངས་ཁྱབ་ཀྱིས་དོ་ཁུར་གནང་བའི་གསར་བྱུང་དོན་དངོས་དུས་ཐོག་ཏུ་མང་ཚོགས་ཁྲོད་དུ་བསྒྲགས་ཐུབ་ན། མང་ཚོགས་ཀྱིས་དང་ལེན་ཐུབ་ཞིང་དགའ་བསུ་ཐོབ་ངེས་རེད། གསར་འགྱུར་ནི་གནས་ཚུལ་བྱུང་བའི་དུས་ཚོད་དང་ཐག་ཅི་ཚད་ཉེ་ན། གསར་འགྱུར་གྱི་རིན་ཐང་དེ་ཙམ་གྱིས་ཆེ་བ་རེད། དཔེར་ན་དེང་སང་བློ་མཐུན་ཞི་ཅིན་ཕིང་ལགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་། སི་ཁྲོན་དུ་རྟོག་ཞིབ་ཕེབས་སྐབས་གསུང་བའི་དགོངས་པ་གལ་ཆེན། པའོ་ཨའོ་གླེང་སྟེགས་ནས་རྒྱལ་སྤྱི་ལ་ཕྱོགས་པའི་གསུང་བཤད་གལ་ཆེན་གྱི་དགོངས་པ་བཅས་ནི་གསར་འགྱུར་རིན་ཐང་ལྡན་ལ་གཞི་རིམ་དང་ཐག་ཉེ་བའི་དགོངས་པ་གལ་ཆེན་ཡིན་པས། གཞི་རིམ་དུ་ཁྱབ་གདལ་ཆེན་པོ་འགྲོ་བ་དང་བསྟུན། ས་གནས་སོ་སོས་དགོངས་པ་སོ་སོར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། མང་ཚོགས་ཡོངས་ལ་དངོས་ཕན་གྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད། དེས་ང་ཚོའི་གཞི་རིམ་གྱི་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་དང་། མང་ཚོགས་ལ་རང་གི་ཁེ་ཕན་དངོས་དང་འབྲེལ་བའི་སྲིད་ཇུས་བྱེད་ཕྱོགས་གསལ་པོ་བསྟན་ཐུབ་ཡོད་ཅིང་། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་ལྟར། རྩོམ་སྒྲིག་པས་གསར་འགྱུར་འདི་རིགས་རྒྱས་བཤད་དང་ཞིབ་བསྒྲགས། ནོར་འཁྲུལ་མེད་ཅིང་ཡང་དག་སྒོས་བསྒྲགས་དགོས་ཤིང་། གསར་འགྱུར་ནང་དོན་དེ་མང་ཚོགས་ལ་ཉེ་བ་དང་འཚོ་བ་ལ་ཉེ་བ། དོན་དངོས་དང་ཉེ་བ་ཞིག་ཡིན་ན། ཚང་མས་ཉན་འདོད་པ་དང་ལྟ་འདོད་པ། དམངས་ཀྱི་འདོད་བློ་ཚིམ་ཐུབ་པ་རེད། དེ་བས་རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་འདེམས་སྐབས་ནང་དོན་གྱི་ཆ་ལ་ཡང་ཡང་རྒྱུས་ལོན་བྱ་རྒྱུ་ཤིན་ཏུ་གལ་ཆེན།

མདོར་ན། གསར་འགྱུར་མ་ཡིག་འདེམས་པ་ནི་ལེ་ཚན་ཡོངས་རྫོགས་ལྟ་ཞིབ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཡིན་ལ། གསར་འགྱུར་ལས་ཁུངས་ཀྱི་སྤུས་ཚད་བདེན་དཔང་བྱེད་པའི་འགག་རྩའི་གནད་ཅིག་ཀྱང་ཡིན་གཤིས། རྩོམ་སྒྲིག་པའི་ལས་ཀ་ནི་གསར་འགྱུར་ལས་ཁུངས་ཀྱི་རྣམ་ཤེས་དང་སྲོག་ཤིང་ལྟ་བུ་ཡིན། སྤྱི་ཚོགས་ཡར་རྒྱས་འགྲོ་བའི་གོམ་སྟབས་དང་བསྟུན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་ཉིན་བཞིན་ཇེ་རྒྱས་སོང་ནས་འགྲོ་འདུག་སྐྱོད་གསུམ་སོགས་ཐད་ཀྱི་དགོས་མཁོ་ཡང་ཇེ་མཐོ་སོང་བ་མ་ཟད། རང་གི་དགའ་ཕྱོགས་དང་བསམ་བློའི་དགོས་མཁོ་སོགས་ཀྱང་སྔར་ལས་ཇེ་མང་སོང་བས། གསར་འགྱུར་ལས་ཁུངས་བར་གྱི་འགྲན་ཤུགས་ སྔར་ལས་ཇེ་ཆེ་སོང་། དེར་བརྟེན། གསར་འགྱུར་རྩོམ་སྒྲིག་པ་ཞིག་ལ་མཚོན་ན། གསར་འགྱུར་མ་ཡིག་འདེམས་རྒྱུ་དེ་བྱ་བ་གལ་ཆེན་དང་འགན་ཁུར་ལྗིད་མོ་ཞིག་ཡིན་ཕྱིར། གསར་འགྱུར་རྩོམ་སྒྲིག་གི་གོ་རིམ་ཁྲོད་མ་ཡིག་འདེམས་པའི་ཚད་གཞི་དང་མ་ཡིག་འདོན་པའི་ཐབས་ལམ་སོགས་བྱང་ཆུབ་དགོས་ཤིང་ཁོང་དུ་ཆུད་པ་བྱས་ཏེ། གསར་འགྱུར་བརྒྱུད་རིམ་དང་གསར་འགྱུར་ནང་དོན། གསར་འགྱུར་བསྒྲགས་པའི་དུས་ཚོད། མང་ཚོགས་ཀྱི་དགོས་མཁོ་དང་གསར་འགྱུར་ལས་ཁུངས་ཀྱི་དགོས་མཁོ་ལ་བསྟུན་ནས། གསར་འགྱུར་རིན་ཐང་ལྡན་པ། དོན་སྙིང་ལྡན་པ། ཕན་ཐོགས་ཡོད་པ། མང་ཚོགས་དང་ཉེ་བ། འཚོ་བ་དང་ཉེ་བ། དོན་དངོས་དང་ཉེ་བ་རྣམས་འདེམས་དགོས།

གཉིས། རྩོམ་སྒྲིག་པས་གསར་འགྱུར་

མ་ཡིག་འདེམས་པའི་ཚད་གཞི།

གསར་འགྱུར་མ་ཡིག་འདེམས་སྐབས། དང་ཐོག་ཆབ་སྲིད་ཐོག་ནས་བསམ་གཞིགས་གནང་དགོས་ཏེ། ཨེན་ཀི་སིས་«བཟོ་པའི་གྲལ་རིམ་སྐོར་གྱི་ཆབ་སྲིད་ལས་འགུལ་»ཞེས་པའི་ནང་དུ། “རྩ་བ་ནས་ཆབ་སྲིད་འདོར་མི་རུང་མོད། ཆབ་སྲིད་འདོར་བའི་གསར་འགྱུར་སྒྲིག་གཞི་ག་གེ་མོས་ཀྱང་ཆབ་སྲིད་ལས་དོན་སྒྲུབ་བཞིན་ཡོད་”ཅེས་གསུངས། དེ་ལྟར། ཆབ་སྲིད་ཚད་གཞིར་དམིགས་བཙུགས་ནས་གསར་འགྱུར་མ་ཡིག་འདེམས་སྐབས། མ་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་དང་མཐུན་མིན་དང་། ཏང་གི་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་མཐུན་མིན། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཐོན་སྐྱེད་ནུས་ཤུགས་ལ་ཕན་ཐོགས་ཡོད་མེད། ཡང་དག་གླེང་ཕྱོགས་ཀྱིས་སྣེ་ཁྲིད་བྱེད་ཐུབ་མིན་སོགས་ལ་རག་ལས་པ་ཡིན། མིག་སྔར། རང་རྒྱལ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་སླེབས་ཡོད། རླུང་འཕྲིན། ཚགས་པར། བརྙན་འཕྲིན་བཅས་ནི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་མགྲིན་པ་དང་སྨྲ་ལྕེ་ལྟ་བུ་ཡིན་ལ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་དཔལ་ཡོན་གཉིས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་སློབ་གསོ་དང་སྐུལ་སློང་གཏོང་ཐབས་ཀྱི་དེང་རབས་ཅན་གྱི་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན་པས། རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་འདེམས་སྐབས་ངེས་པར་དུ་ཆབ་སྲིད་ཚད་གཞི་དང་བསྟུན་དགོས། གཉིས་པ། གསར་འགྱུར་གྱི་ཚད་གཞི་དང་བསྟུན་དགོས། «བོད་རྒྱ་ཚིག་མཛོད་ཆེན་མོ»ལས་གསར་འགྱུར་ཞེས་པ་ལ་“གནས་ཚུལ་གསར་པ་བཀོད་པ་”ཞེས་འགྲེལ་འདུག དེ་ལ་གཞི་རྩའི་ཆ་རྐྱེན་འགའ་ཡོད་དེ། དོན་དངོས་ཡིན་དགོས་ལ་ཡང་དག་ཡིན་དགོས། གནད་བསྡུས་ཤིང་གསོན་ཉམས་ལྡན་དགོས། གསར་འགྱུར་རིན་ཐང་ཡོད་དགོས་ལ་བརྒྱུད་བསྒྲགས་ཀྱི་དགོས་མཁོ་དང་མཐུན་དགོས་པ་བཅས་ཡིན། གསར་འགྱུར་གྱི་ནང་དོན་“གསར་པ་”ཡིན་དགོས། ཁ་སང་དེ་རིང་གི་གསར་འགྱུར་རིན་ཐང་ཡོད་པ་དང་དེ་ལས་ཡུན་རིང་འགོར་སོང་བའི་གསར་འགྱུར་ལ་རིན་ཐང་མེད་པས། གསར་འགྱུར་གྱི་ནང་དོན་ལ་གསར་དུ་བྱུང་བའི་“དོན་དངོས་”ཀྱི་གནས་ཚུལ་ཡིན་དགོས། སྤྱིར་དོན་དངོས་ཐམས་ཅད་གསར་འགྱུར་མ་ཡིན་ཡང་། གསར་འགྱུར་ཡིན་ན་དོན་དངོས་དང་མཐུན་པ་ཡིན་དགོས། གསར་འགྱུར་ལ་“དུས་ནུས་རང་བཞིན་”མཐོན་པོ་ཡོད་པ། གསར་དུ་བྱུང་བའི་གནས་ཚུལ་དེ་དུས་ཡུན་ཐུང་ངུའི་ནང་བརྒྱུད་བསྒྲགས་ཐུབ་སོང་ན། གསར་འགྱུར་ལ་རིན་ཐང་ལྡན་པ་རེད། དཔེར་ན་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། བློ་མཐུན་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕེབས་པ། རྒྱལ་ཁབ་ཕྱི་ནང་ཀུན་དུ་གྲགས་པའི་པའོ་ཨའོ་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ལྟ་བུ་བཅས་ལ་མཚོན་ན། ཡུན་རིང་པོར་མི་དམངས་ཀྱིས་དོ་སྣང་ཆེན་པོ་བྱ་རྒྱུ་རེད། རྒྱུ་མཚན་ནི་མི་དམངས་ཀྱི་དོན་དངོས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་པས་ཡིན། གསུམ་པ། གསར་འགྱུར་“དང་ལེན་བྱེད་མཁན་གྱི་བློ་ཡིད་ཚིམ་ཚད་”དེ་གསར་འགྱུར་འདེམས་པའི་ཚད་གཞི་ཞིག་ལ་རྩིས་ཆོག གསར་འགྱུར་གྱི་གཞི་རྐང་བཙུགས་ས་དེ་མང་ཚོགས་ཡིན་ལ། མང་ཚོགས་དང་ཐག་ཉེ་བའི་གསར་འགྱུར་དང་། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་སྲིད་ཇུས། མང་ཚོགས་ཀྱི་ཉན་འདོད་པ་དང་བསམ་བློ་ཡར་ཐོན་གྱི་ཆ་འཕྲིན་འདེམས་དགོས། དཔེར་ན་2007ལོར་ཀྲུང་གོའི་ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་མུ་མཐུད་དེ་ཇེ་མཐོ་སོང་བ་བསྟུན། ཟོག་གོང་དང་སྒོས་སུ་བཟའ་བཅའི་རིགས་ཀྱི་རིན་གོང་ཇེ་མཐོ་སོང་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་ཚད་མཐོ་བྱས། སྨྱན་སྦྱོར་ཁག་གིས་ཀྱང་ཟོག་གོང་ཇེ་མཐོ་འགྲོ་བའི་གནས་ཚུལ་ལ་དམིགས་ནས་གསར་འགྱུར་བརྒྱུད་བསྒྲགས་ཐེངས་མང་བྱས་ཤིང་། ས་གནས་ཁག་གིས་ཟོག་གོང་ཇེ་མཐོ་འགྲོ་བར་སྔོན་འགོག་གི་བྱེད་ཐབས་དང་ས་གནས་སྲིད་གཞུང་གིས་ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་གནད་དོན་ལ་དོ་ཁུར་གནང་བ་ལྟ་བུ་མང་ཚོགས་དང་ཉེ་བ། འཚོ་བ་དང་ཉེ་བ། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གསར་འགྱུར་འདེམས་དགོས།

གསུམ། རྩོམ་སྒྲིག་པས་གསར་འགྱུར་མ་ཡིག་

འདེམས་སྐབས་མཉམ་འཇོག་བྱེད་དགོས་ས།

དང་ཐོག དྲིལ་བསྒྲགས་ནང་དོན་ལ་དམ་འཛིན་ལེགས་པོ་བྱེད་དགོས། གསར་འགྱུར་མ་ཡིག་འདེམས་སྐབས་ཀྲུང་དབྱང་གི་འབྲེལ་ཡོད་བྱེད་ཐབས་དང་སྲིད་ཇུས། དྲིལ་བསྒྲགས་བསམ་བློ་ཁོང་དུ་ཆུད་པ་བྱ་དགོས། གསར་འགྱུར་གང་ཞིག་ཡོངས་བསྒྲགས་ཆོག་པ་དང་གང་ཞིག་ནང་ཁུལ་དུ་བསྒྲགས་དགོས་པ། གང་ཞིག་ཕྱི་ཕྱོགས་སུ་བསྒྲགས་ཆོག་པ་དང་། གང་ཞིག་ཕྱི་ཕྱོགས་སུ་བསྒྲགས་མི་ཆོག་པ། གང་ཞིག་རྒྱས་པ་དང་ཞིབ་ཏུ་བསྒྲགས་དགོས་པ། གང་ཞིག་གནད་བསྡུས་དང་རགས་ཙམ་བསྒྲགས་པ་སོགས་མཉམ་འཇོག་བྱ་དགོས། གཉིས་པ་ཡང་དག་དང་སྔོན་ཐོན་གྱི་བསམ་བློ་དྲིལ་བསྒྲགས་བྱེད་རྒྱུ་གཙོར་འཛིན་དགོས། གསར་འགྱུར་མ་ཡིག་འདེམས་སྐབས། སྔོན་ཐོན་མི་སྣ་དང་སྔོན་ཐོན་གྱི་དོན་བཟང་། མདོར་ན་མི་དམངས་མང་ཚོགས་ལ་སྐུལ་སློང་བཟང་པོ་དང་ཤུགས་རྐྱེན་བཟང་པོ་ཐེབས་པའི་གསར་འགྱུར་འདེམས་དགོས། དེ་མིན་སྔོན་ཐོན་དང་ཡར་རྒྱས། མདུན་སྐྱོད་ཀྱི་གསར་བྱུང་གནས་ཚུལ་དང་རིག་གནས། སློབ་གསོ། བསམ་བློ་གསར་པ། གྲུབ་འབྲས་གསར་པ། ཉམས་མྱོང་བཟང་པོ་སོགས་སྤེལ་དགོས། གསུམ་པ། གསར་འགྱུར་ནང་དོན་ལ་མཉམ་འཇོག་བྱེད་དགོས། གསར་འགྱུར་འགའ་རེའི་ནང་དོན་ཕུན་སུམ་ཚོགས་ལ་དཔྱད་གཞི་སོགས་གང་མང་ཡོད་ཀྱང་། བརྗོད་གཞི་མི་གསལ་བ་དང་ཚིག་སྔ་ཕྱི་བར་འབྲེལ་མི་ཆགས་པ་དང་། ཁ་གསལ་གོ་བདེ་མིན་པར་མཉམ་འཇོག་དགོས། བཞི་ནི་ནང་དོན་ཡོངས་ལ་མཉམ་འཇོག་དགོས། མ་ཡིག་འདེམས་སྐབས་བརྗོད་དོན་གཙོ་བོ་འབུར་དུ་ཐོན་དགོས་ལ། ནང་དོན་དཀྱུས་མ་ཡང་དེའི་ཞོར་དུ་གསལ་པོ་བརྗོད་ཐུབ་དགོས། གསར་འགྱུར་མ་ཡིག་གི་རྒྱལ་ཡོངས་དོན་སྙིང་དང་ཡོངས་ཁྱབ་ཀྱི་དོན་སྙིང་ལ་མཉམ་འཇོག་དགོས་པ་དང་། གསར་འགྱུར་ལས་ཁུངས་ངོས་ཐད་ཀྱི་དམིགས་བསལ་བླང་བྱ་ལ་མཉམ་འཇོག་དགོས། རྒྱ་ཆེའི་ཉན་པ་པོའི་ཐུན་མོང་གི་དགའ་མོས་དང་ཉན་པ་པོ་འགའ་ཤས་ཀྱི་དམིགས་བསལ་དགའ་ཕྱོགས་སོགས་ཕྱོགས་གང་རུང་གི་ཐད་ལ་མཉམ་འཇོག་བྱེད་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1