སྤྱོད་ལམ་དང་ཁྲིམས་ལུགས་།
པད་མ་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01
འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གཉིས་ཀ་གང་ལ་མཚོན་ནའང་ཁྲིམས་ལུགས་ཞེས་པའི་ལམ་ལུགས་དེ་ངེས་པར་དུ་དགོས་པ་ཞིག་རེད། ཁྲིམས་ལུགས་ཞེས་པའི་མིང་བརྡ་འདི་གླེང་དུས་མི་མང་པོ་ཞིག་ལ་གར་ཡོང་མི་ཤེས་པའི་འཇིགས་སྣང་དྲག་པོ་ཞིག་གིས་དཔུང་འཇུག་ཅིག་ཅར་དུ་བྱེད་བཞིན་འདུག འོན་ཀྱང་སྐབས་དེ་ཤེད་དུ་ཁ་ཤས་ཤིག་ལ་སྤྲོ་སྣང་བར་མེད་དུ་སྐྱེས་ཏེ་ལུས་སེམས་ཡོངས་སུ་བཟི་བར་ཡང་བྱ་སྲིད། འོ་ན་འཇིགས་སྣང་དང་སྤྲོ་སྣང་གཉིས་ཀྱི་བར་ཐག་དེ་གང་ནས་བྱུང་བ་རེད་དམ་ཞེ་ན། དེ་ནི་ཏག་ཏག་མི་བུ་རང་རང་གི་བསམ་བློའི་འགྱུ་སྟངས་དང་བཅའ་སྲོལ་ལས་ཕྱོགས་སོགས་ལས་བྱུང་བ་རེད། མདོར་དེད་ན་འུ་ཅག་རང་རང་གི་བསམ་སྦྱོར་ཏེ་སྒོས་སུ་བསམ་བློའི་འཁོར་ཕྱོགས་ཀྱི་རྗེས་སུ་འཇུག་བཞིན་པའི་སྤྱོད་ལམ་གྱིས་བཞག་པའི་འབྲས་བུ་རང་རེད། སྔ་མ་ནི་རྐུན་ཇག་ཁྲམ་གསུམ་གྱི་ལས་ལ་འཇུག་མཁན་དག་ཡིན་པས་འཇིག་རྟེན་འདིར་ནམ་ཡང་འཇིགས་སྣང་གིས་འཚོ་དགོས་པ་རེད། ཕྱི་མ་ནི་བསམ་སྦྱོར་གང་རུང་ལུགས་གཉིས་དང་བསྟུན་ཞིང་ཡ་རབས་ཀྱི་ཕྱོགས་སུ་གཞོལ་བར་འབད་མཁན་དག་ཡིན་པས་དུས་རྟག་ཏུ་སྤྲོ་སྣང་གིས་དམ་དུ་འཁྱུད་ཡོད་པའོ། །
ཡང་ཁ་ཤས་ཤིག་གིས་ནམ་རྒྱུན་ཁྲིམས་ལུགས་ནི་མིའི་བསམ་སྤྱོད་ཀྱི་རང་དབང་འཆིང་བྱེད་ཅིག་ཡིན་པའི་སྒྲོ་སྐུར་དང་འུར་གཏམ་མང་དུ་ལབ་བཞིན་ཡོད་ཅིང་། དེར་བདེན་ཅོག་ཅོག་གི་མགོ་བོ་གཡུག་མཁན་ཡང་ཧ་ཅང་མང་། དྲང་མོར་བཤད་ན་ཁྲིམས་ལུགས་ནི་དངོས་གནས་མིའི་བསམ་སྤྱོད་ཀྱི་རང་དབང་དེ་འཆིང་བྱེད་ཀྱི་ཞགས་པ་རིང་པོ་ཞིག་རེད། འོན་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཁྲིམས་ལུགས་ནི་སྲིད་པའི་ཚུལ་ལུགས་དང་མི་མཐུན་ཤིང་རྒྱུ་འབྲས་ཀྱི་རྒྱ་མར་མི་རག་པ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ། །
ཁྲིམས་ལུགས་ཀྱིས་གང་འདོད་དུ་འཇིག་རྟེན་གྱི་མི་བུ་ཡོད་ཚད་ཀྱི་བསམ་སྤྱོད་ཀྱི་རང་དབང་དེ་འཆིང་མི་སྲིད་ལ་འཆིང་ཡང་མི་ནུས། ཡིན་ཙང་དེས་མིའི་རྒོད་དུ་ཤོར་བའི་བསམ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པ་ནི་འུ་ཅག་གིས་ཅིས་ཀྱང་གསལ་པོར་ཤེས་དགོས་པ་ཞིག་རེད། ཇི་ལྟར་དེ་འདྲ་ཞིག་ཡིན་ནམ་ཞེ་ན། མིས་རང་སྣང་གང་དྲན་གྱིས་མི་ཤ་ཟ་ཞིང་མི་ཁྲག་འཐུང་བའི་གོ་རིམ་དང་ལེགས་ཉེས་བླང་དོར་གྱི་དབྱེ་བ་འབྱེད་མི་ཤེས་པའི་བསམ་སྤྱོད་དེ་དག་གིས་འཇིག་རྟེན་གྱི་འགྲོ་མི་ཡོངས་ལ་གནོད་འཚེ་ཚབས་ཆེན་བསྐྱལ་ཡོང་སྟེ་འཚོ་བའི་བདེ་སྐྱིད་འཕྲོག་རྒྱུ་ལས་ཅི་ཡང་མ་འདས། དེ་བས་འདི་ལྟ་བུའི་བསམ་སྤྱོད་ལ་ཁྲིམས་ལུགས་ཀྱིས་གཅུན་སྡོམ་བྱ་དགོས་ཤིང་སོ་སོའི་འགན་འཁྲི་བདའ་འདེད་གང་ལེགས་གཏོང་དགོས། དེ་ལས་ལྡོག་སྟེ་ཆེ་བཀུར་ཆུང་བྱམས་ཀྱི་བསམ་སྤྱོད་ལྡན་ཞིང་སྲིད་པའི་འགྲོ་ལྡོག་ལ་མི་རྨོངས་པའི་མི་བུ་དག་ལ་ཁྲིམས་ལུགས་ཀྱིས་རང་དབང་གི་བདེ་སྐྱིད་འཚོལ་བའི་ཁེ་དབང་བསྐྲུན་ཅི་ཐུབ་བྱེད་བཞིན་ཡོད། ཉེ་སྔོན་ང་ཚོའི་རོང་འབྲོག་ས་ཁུལ་དུ་མང་ཚོགས་དག་གིས་ཞེ་ལྷོད་ལྷོད་དང་སོས་དལ་དལ་གྱི་ངང་ནས་ཞིང་ཕྱུགས་ཀྱི་ལས་གཉེར་ཏེ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པ་འདིའང་ཁྲིམས་ལུགས་ཀྱི་ཉི་ཟེར་མཁའ་རུ་འཕྲོས་ཏེ་འུ་ཅག་ལེགས་པོར་སྐྱོང་བཞིན་པའི་དབང་དུ་བཏང་ཚེ། ང་ཚོའི་འཚོ་བ་འདི་ག་འདྲ་ཞིག་ཡིན་ནམ། ཁྲིམས་ལུགས་མེད་པའི་འཚོ་བ་ནི་བསམས་ན་སྙིང་རྩ་འདར་ཞིང་དྲན་ན་སྐྲ་ལོ་ཞོགས་པའི་ཟིང་ཟིང་དང་། འཐབ་འཛིང་། གཏུམ་སྤྱོད་སོགས་ཀྱིས་ཁེངས་པའི་འཇིགས་རུང་གི་འཚོ་བ་ཞིག་ཡིན་པ་གདོན་མི་ཟ།
རེད་དེ། ལོ་ངོ་བརྒྱ་ཕྲག་ལྷག་གི་ཡར་སྔོན་དུ་རང་རེའི་རོང་འབྲོག་ས་ཁུལ་དུ་རྩྭ་ས་བརྩད་དེ་མི་བུ་ག་ཚོད་ཅིག་གི་རྣམ་ཤེས་བར་དོར་འཁྱམས་ཟིན་པ་སུས་བརྗེས་སྲིད་དམ། དུས་མེད་ག་ཙམ་གྱིས་མིག་མཐའ་མཆི་མས་བཀང་སྟེ་སྐྱེས་པ་དག་གི་འཁྲིས་སུ་ངུ་བཞིན་པའི་སྐད་སྒྲ་སྙིང་ལ་མི་གཟེར་རམ། བྱིས་པ་གང་མང་ཞིག་དྭ་ཕྲུག་ཏུ་ལུས་ཏེ་གད་སྙིགས་ཀྱི་གསེང་ན་འཚོ་བཞིན་པ་སུས་མ་མཐོང་ངམ། འདི་དག་ནི་ཏག་ཏག་ཁྲིམས་ལུགས་མེད་པའམ་ཡང་ན་ཁྲིམས་ལུགས་མ་དར་བའི་སྔོན་གྱི་ང་ཚོའི་འཚོ་གནས་དང་བསམ་སྤྱོད་ཀྱི་འཁོར་རྒྱུགས་མ་ཡིན་ནམ། ཁྲིམས་ལུགས་གྱིས་ངོ་སོ་དང་མཆོག་དམན་གྱི་དབྱེ་བ་ཅི་ཡང་མེད་པར་མི་བུ་རེ་རེའི་ཁེ་དབང་ལ་སྲུང་སྐྱོང་བྱས་སྟབས། ང་ཚོ་ལ་གསེར་མདོག་བཀྲ་བའི་དེ་རིང་གི་ཉི་མ་འདི་འདྲ་ཞིག་འཆར་བ་རེད། མཐར་གཏུགས་ནས་བཤད་ན་ཁྲིམས་ལུགས་ནི་ཞི་བདེ་ཡི་རྨང་རྡོ་དང་དྲང་བདེན་གྱི་ལམ་ཁ་རེད། གནས་ལུགས་ཀྱི་རྒྱ་མའང་རེད།
ཁྲིམས་ལུགས་ནི་སྤྱོད་ལམ་ཡག་པོར་གཏོང་བའི་ལམ་གྱི་ཁ་ཕྱོགས་ཤིག་རེད། ཆུང་བྱིས་པའི་དུས་ནས་བཟུང་ཁྲིམས་ལུགས་ཀྱིས་ནམ་ཡང་རྐུན་ཇག་ཁྲམ་གསུམ་སྤང་དགོས་སྲོལ་དང་། ཡ་རབས་ཀུན་མཐུན་གྱི་ལས་ལ་ཇི་ལྟར་འཇུག་དགོས་ཚུལ་སོགས་གླེང་། འུ་ཅག་གིས་ཡུལ་དུས་ངེས་མེད་དུ་རང་རང་གི་སྤྱོད་ལམ་ལ་ཚོད་འཛིན་དགོས་པ་ནི་སྤྱི་ཚོགས་འཚོ་བའི་ཁ་ཚ་དགོས་གཏུག་གི་གནས་སྟངས་ཤིག་རེད། ངས་འདི་ལྟར་གླེང་དུས་མང་པོ་ཞིག་གིས་ཚོད་འཛིན་ཞེས་པའི་ང་ཚོའི་རང་དབང་གི་བསམ་སྤྱོད་ལ་བཀག་རྒྱ་ངེས་ཅན་ཐེབས་ངེས་ཞེས་ཡང་དང་བསྐྱར་དུ་བསྒྲག་སྲིད་མོད། ཞིབ་ཏུ་བསམ་ན་དེ་ནི་གད་མོ་སློང་བའི་གཞི་རུ་འགྱུར་བ་ལས་གནས་ལུགས་ཀྱི་དྲི་མའི་ཆ་ཏིལ་འབྲུ་ཙམ་གྱིས་ཀྱང་ཤིན་ཏུ་འབེན། རྒྱུ་མཚན་སྤྱོད་ལམ་ལ་ལམ་ཕྱོགས་གཉིས་སུ་འབྱེད་ཆོག་པར་འདོད་དེ། གཅིག་ནི་རྐུན་ཇག་ཁྲམ་གསུམ་གྱི་ལས་དང་། གཅིག་ཤོས་ནི་དྲང་པོ་དྲང་བཞག་གི་ལས་རེད། ཁྲིམས་ལུགས་ཀྱིས་སྔ་མར་སྡང་ཞིང་ཕྱི་མར་དགའ་མགུ་ཡི་རང་བྱེད་པ་རེད། དེ་བས་སྔ་མ་ནི་ཁྲིམས་ལུགས་ཀྱི་དགག་བྱ་དང་ཕྱི་མ་ནི་ཁྲིམས་ལུགས་ཀྱི་བླང་བྱའོ། །འོ་ན་ཁྲིམས་ལུགས་ཀྱིས་ཅི་ཞིག་ལ་སྔ་མར་དགག་ཅིང་ཕྱི་མ་ལེན་དགོས་པ་རེད་ཅེ་ན། རྐུན་ཇག་ཁྲམ་གསུམ་གྱི་ལས་དེས་སྤྱི་ཚོགས་དཀྲུགས་ཤིང་བདེ་འཇགས་ལ་གནོད་སྐྱེལ་བ་དང་། འཚོ་བ་ལ་འཇིགས་སྐུལ་བྱེད་པར་མ་ཟད། ཐ་ན་མི་གསོད་པ་དང་བཙན་གཡེམ་སོགས་ཀྱི་གནས་ཚུལ་མི་ལེགས་པ་ཡང་འབྱུང་དུ་འཇུག་སྲིད་པས་དེ་ནི་ཁྲིམས་ལུགས་ཀྱི་དགག་བྱར་གྱུར་བ་དང་། སྤྱི་ཚོགས་འཚོ་བས་ནམ་ཡང་ལུགས་གཉིས་དང་མཐུན་ཞིང་དྲང་པོ་དྲང་བཞག་གི་བསམ་སྤྱོད་ལ་འབོད་སྐུལ་ཡང་ཡང་གཏོང་བཞིན་ཡོད་པས་ཕྱི་མ་ནི་ཁྲིམས་ལུགས་ཀྱི་བླང་བྱར་གྱུར་ཡོད།
སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་མིའི་འདོད་སེམས་ཀྱི་མེ་ལྕེའང་དྲག་པོར་མཆེད་དེ། རང་ཁོ་ནའི་དོན་དུ་རུང་མི་རུང་གི་ལས་ཡོད་ཚད་སྒྲུབ་བཞིན་པ་མང་དུ་མཐོང་ངོ་། །དཔེར་ན། རང་གི་ཁེ་ཕན་གྱི་དོན་དུ་གཞན་སྲོག་བསླུ་བ་དང་། བདེ་བ་ཕྲན་ཙམ་གྱི་ཆེད་དུ་གཞན་སེམས་མེ་རུ་བསྲེག་པ་སོགས་དངོས་ཡོད་འཚོ་བའི་ཁྲོད་དུ་བྱུང་དང་འབྱུང་བཞིན་པ་འདི་དག་གིས་གསལ་པོར་མཚོན་ཐུབ། མིའི་འདོད་སེམས་ནི་ནམ་མཁའ་ལས་ཀྱང་མཐའ་ཡས་པས་ནམ་ཡང་འགངས་མི་སྲིད་དེ། དེའི་ནང་དུ་རི་ར་བ་ཁང་ཁྱིམ་དང་ས་རྡོ་རི་བྲག་སོགས་ཇི་ལྟར་མང་དུ་བརྩིགས་ན་དེ་ལྟར་རྒྱ་ཆེ་ཞིང་ཁོད་སྙོམས་པོར་འགྲོའོ། །འདོད་སེམས་ཀྱིས་ད་གཟོད་སྤྱི་ཚོགས་དང་ཚེ་སྲོག་གི་བདེ་འཇགས་ལ་གནོད་འཚེ་སྐྱེལ་བ་སོགས་ཀྱི་འགོས་ནད་འདྲ་མིན་སྣ་ཚོགས་འབྱུང་དུ་འཇུག ཁྲིམས་ལུགས་ནི་འགོས་ནད་དེའི་གཉེན་པོ་སྨན་མཆོག་ཡིན་པས་ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་ཁྲིམས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་དང་རྩ་དོན་དག་ལ་ལེགས་པོར་འཇུག་དགོས་པར་སྙམ་མོ། །
རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་སོ་སོར་རང་རང་གི་ཁྱད་ཆོས་གཤིས་མངའ་བའི་ཁྲིམས་ལུགས་རེ་ཡོད་དགོས་ལ་ཡོད་ཀྱང་ཡོད། ཁྲིམས་ལུགས་ཀྱི་འགན་འཁྲི་ནི་སྤྱི་ཚོགས་འཚོ་བ་དང་མི་བུ་རེ་རེའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་དེ་རེད། ལྷག་པར་དུ་གཉེན་སྡེབ་འགྲིག་འཐོར་དང་མི་བུའི་ཐོབ་ཐང་། ཕོ་མོ་འདྲ་མཉམ་སོགས་ཁྲིམས་ལུགས་ཀྱི་བྱམས་ཀྱིས་གསོས་ཏེ་བརྩེ་བས་སྐྱོང་བཞིན་ཡོད། དེ་བས་ཁྲིམས་ལུགས་ནི་རིན་ཐང་ལ་དཔྱོད་ཤེས་མཁན་ཞིག་གི་མིག་ལམ་ནས་གླེང་ན་དེ་ནི་འཇིག་རྟེན་གྱི་མ་མ་དང་བདེ་སྐྱིད་ཀྱི་སྟ་གོན་ཡིན་ནོ། །
དེང་གི་དུས་སྐབས་འདིར་སྤྱི་ཚོགས་ནི་ཧ་ཅང་རྙོག་འཛིང་ཅན་ཞིག་ཏུ་གྱུར་ཡོད་པ་ནི་ཚང་མས་མཁྱེན་གསལ་ལྟར། དུས་སྐབས་འདི་འདྲ་ཞིག་ལ་ཁེལ་ཡོད་པས་ང་ཚོར་ཁྲིམས་ལུགས་ཀྱིས་བཞག་པའི་སྤྱོད་ལམ་ལ་ནན་གྱིས་འཇུག་དགོས་པ་ནི་སྨོས་མེད་རེད། ས་གང་དུ་མི་སུ་ཞིག་ཡིན་རུང་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་འདོད། བདེ་སྐྱིད་ཀྱི་འཚོ་བ་དེ་འདྲ་ཞིག་རོལ་དགོས་ཚེ་ཁྲིམས་ལུགས་ལ་ཅིས་ཀྱང་བསྟུན་དགོས། ཁྲིམས་ལུགས་ཀྱིས་དུས་རྒྱུན་དུ་ང་ཚོ་མི་གཞི་གཙང་མ་དང་ཀུན་སྤྱོད་ལེགས་པའི་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་འདུག དེ་བས་ཁྲིམས་ལུགས་ཀྱིས་རྣམ་ཀུན་ང་ཚོར་ཞི་བདེ་དང་དྲང་བདེན། གནས་ལུགས་ཀྱི་ལམ་ཁ་བཙལ་བཞིན་ཡོད་པ་རེད་ཅེས་བརྗོད་ཀྱང་འགལ་བ་ཆེར་ཅང་མེད་པར་སྙམ།
མདོར་ན། སྤྱོད་ལམ་ནི་བྱིས་པ་ཞིག་ཡིན་པའི་དབང་དུ་བཏང་ཚེ། ཁྲིམས་ལུགས་ནི་བྱམས་བརྩེའི་བདག་ཉིད་དུ་གྱུར་པའི་མ་ལོ་ཉིད་ཡིན་པ་དང་། ཁྲིམས་ལུགས་ཀྱིས་ནམ་ཡང་ང་ཚོའི་སྤྱོད་ལམ་གྱི་ཟུར་རེ་རེ་ནས་དྲང་ཕྱོགས་ལ་སྐུལ་བ་དང་། དེ་དང་རྒྱབ་འགལ་དུ་འགྱུར་བར་ཚོད་འཛིན་གྱིས་སློབ་གསོ་གཏོང་བཞིན་ཡོད་པས། སྤྱོད་ལམ་གཙང་མ་ཞིག་ཆགས་རྒྱུ་ནི་འགྲོ་མིའི་མཐར་ཐུག་གི་གཞི་རྩ་ཡིན་ལ། ཁྲིམས་ལུགས་ཀྱིས་འཚོལ་ཞིབ་བྱེད་པའི་ལམ་ཀ་དང་དམིགས་དབེན་ཡང་དེའོ། །